སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

སྟག་གཟིག་ནོར་རྫོང་གི་བསྡུས་དོན།

གླིང་རྗེ་གེ་སར་རྒྱལ་པོའི་རྟོགས་བརྗོད་ཀུན་གསལ་དབང་གི་མེ་ལོང་། སྟོད་ཆ་ལས།

སྟག་གཟིག་ནོར་རྫོང་

རིགས་གསུམ་སྒྱུ་འཕྲུལ་པདྨའི་ཐུགས་ཀྱི་སྲས། །

ནག་ཕྱོགས་བདུད་འཇོམས་འཛམ་གླིང་ནོར་གྱི་བདག །

སྙིགས་དུས་ལྷག་ལྷ་དཔའ་ཆེན་འགྲན་ཟླ་བྲལ། །

གླིང་རྗེ་གེ་སར་དགྲ་བླའི་རྒྱལ་པོར་བསྔགས། 

 

གང་གི་རྣམ་ཐར་མ་དྲོས་མཚོ་ཆེན་ལས། །

རྫོང་ཆེན་བཅོ་བརྒྱད་གྲགས་པའི་ཐོག་མ་སྟེ། །

སྟག་གཟིག་ནོར་གཡང་ཕབ་པའི་རྟོགས་བརྗོད་ཀྱི། །

ཁ་བྱང་འགོད་པའི་འདུན་པ་འགོག་ཏུ་མེད། །

 

ལས་འདི་བརྩམས་ལ་དགྲ་བླ་ཝེར་མ་དང་། །

ལྷག་པར་རྡོ་རྗེ་གཡུ་ཡི་སྒྲོལ་མ་སོགས། །

དཀར་ཕྱོགས་སྐྱོང་བའི་ལྷ་དང་དྲང་སྲོང་ཚོས། །

ཕྱི་ནང་ཉེར་འཚེ་སྲུངས་ལ་གྲོགས་དན་མཛོད། །

 

སྔར་མ་གྲགས་པའི་དོན་གཞན་མི་བརྗོད་པར། །

ཡོངས་གྲགས་རྟོགས་པ་བརྗོད་པའི་ནང་དོན་རྣམས་། །

གཞིར་བཟུང་ནོར་རྫོང་བསྡུས་དོན་རིན་ཆེན་ཕྲེང་། །

རྟེན་འབྲེལ་རྫས་སུ་འབྲི་བ་དང་དུ་ལེན། །

 

ལྷག་པར་གླིང་དཀར་བཀའ་ཡི་བདག་མོ་ཆེ། །

ནེའུ་ཆུང་དབྱིངས་ཕྱུག་རྒྱལ་མོའི་སྒྱུ་མའི་འཕྲུལ། །

བོད་ཀྱི་སྒྲུང་ཆེན་བུ་ལྷ་ནོར་བུ་ཡི། །

བཞེད་ལུགས་ཉིང་དོན་གང་དྲན་བསྡུས་ཏེ་འབྲི། །

དེ་ཡང་གླིང་རྗེ་གེ་སར་སྐྱེས་བུ་དོན་གྲུབ་མི་ཡི་ཉི་མ་རྒྱལ་བློན་གྱིས་ཕྱོགས་བཞིའི་དགྲ་བཞིའི་ཐ་མ་ལྷོ་བདུད་ཤིང་ཁྲི་རྒྱལ་པོ་དཔལ་བདེ་མཆོག་དྲག་པོའི་དཀྱིལ་འཁོར་དུ་སྦྱིན་བསྲེག་གིས་བཏུལ། ཚངས་པའི་སྲས་མཆོག་དུང་སྐྱོང་སྟག་ལྷ་ཁྲི་དཀར་གྲོགས་སུ་བཀུག་ཅིང་། མོན་བཟའ་མེ་ཏོག་ལྷ་མཛེས་རོང་སྲས་ལྷ་རྒོད་འབུམ་ལུའི་ཇ་མར་བསུས་ཏེ་ལྷོ་གླིང་གཉིས་པོ་ཕན་ཚུན་དར་ལས་འཇམ་པ་དང་། མར་ལས་སྣུམ་པ། ལྷག་པར་ལྷོ་ལུང་ཆེན་བཅོ་བརྒྱད་དཀར་པོ་དགེ་བཅུའི་འོད་ཀྱིས་ཡོངས་སུ་བཀང་ནས་ལོ་ངོ་གསུམ་འདས་པའི་དུས་ཤིག་ན། གླིང་སྟག་རོང་དཔོན་པོ་ཁྲོ་ཐུང་དེས་སྲིད་པ་སྟག་རོང་གི་སྡེ་ཇུས་དང་། ལྷག་པར་ཁྲོ་ཐུང་རང་གི་སྒེར་དོན་དུ་ལུས་རྒས་ཀྱང་སེམས་མ་རྒས་པའི་དབང་གིས་འདན་མའི་བུ་མོ་རང་གི་མཛའ་གྲོགས་སུ་ཨེ་ཁུག་ན་སྙམ་པའི་སྐོར་ལ། བསམ་བློ་བཞི་གསུམ་བཅུ་གཉིས་དང་། བློ་རྩེ་ཉི་ཤུ་རྩ་ལྔ་བཀོད་མཐར། ཐབས་བཀོད་ཅིག་རྙེད་པ་ནི་བློན་ཆེན་འདན་མ་བྱང་ཁྲ་ཚང་ལ་ཉེ་ཨེ་ཡོང་ལྟ་དགོས་ན། ལྷ་སྲས་དགྲ་བླ་རྩེ་རྒྱལ་ནང་ལ་ལོན་པ་ཞིག་བྱས་ཚེ་བློན་འདན་མ་ལ་དགྲ་བླ་རྩེ་རྒྱལ་གྱིས་གསུང་ཇི་འབྱོན་ལས་མེད་པས། ང་ཁྲོ་ཐུང་གི་བསམ་པ་འགྲུབ་སྲིད། ལྷ་སྲས་དགྲ་བླའི་ཐུགས་ལོན་ཐབས་བྱེད་པ་ལ་བསམ་ན། ཆིབས་ཆེན་རྒྱ་བྱ་སོག་དཀར་དེ་མོན་འདུལ་སྐབས་བརླགས་ཤོར་བས། ད་ལྟ་ལྷ་སྲས་ལ་ཆིབས་རྟ་ཕུལ་བྱུང་ཞིག་གླིང་ཡུལ་ན་མེད་འདུག ། དེ་ལ་རྟ་མཆོག་བཟང་པོ་ཞིག་གིས་ངོ་བླངས་ན་ད་ལྟ་ཐུགས་དགྱེས་ངེས་པའི་མཚམས་རེད་མོད། རང་གི་རྟ་འཕར་བ་རྔ་ནག་ཡོད་ཀྱང་ན་སོ་མཐོ་བས་ཕུལ་ཡང་ཐུགས་དགྱེས་མི་སྲིད། དེ་བས་གོ་ཐོས་ལ་ནུབ་སྟག་གཟིག་རྒྱལ་པོ་ལ་བྱ་རྟ་སྔོན་པོ་རླུང་གཤོག་ཟེར་བ། བྱ་མཁའ་ལྡིང་གི་སྒོ་ང་ལས་བྱུང་བ། རྣ་མཆོག་ལ་ཁྱུང་གི་ཐུ་ལུ་དང་རྨིག་བཞི་ལ་རླུང་གི་སྤུ་རུ་ཡོད་པ། འཛམ་གླིང་ཡུད་ཀྱིས་སྐོར་ཐུབ་པའི་རྟ་མགྱོགས་པ་ཞིག་ཡོད་པར་ཐོས་པས་དེ་ལོན་ཐབས་བྱེད་དགོས་སྙམ་པ་ཡིད་ལ་ཤར་ཏེ། བརྒྱ་ཁ་མཁས་མི་བོ་ཐོག་རྫུན་དང་། སྟོང་མཐོང་ཐུབ་མི་རྒོད་རྗེས་མེད། རྒྱ་ལེ་བེ་བུ་ཡི་ཁྲ་མིག་ཟེར་བའི་ཇག་པ་གསུམ་གྲོགས་ལ་བཀུག་སྟེ། སུས་ཀྱང་མི་ཚོར་བའི་གསང་ཐབས་ཀྱི་སྒོ་ནས་ནུབ་སྟག་གཟིག་གི་ཡུལ་དུ་བྱ་རྟ་ཁྱུང་གཤོག་རྐུ་བར་མངགས། འདིའི་དུས་སུ་སྟག་གཟིག་གོ་ལི་རྒྱལ་པོ་རྒྱལ་བློན་རི་གཟིགས་ལ་ཕེབས་ནས་རྟ་རྒྱུག་མདའ་འཕེན་གྱི་ལས་ལ་གཡེངས་ཏེ་ཡོད་པ་དང་ཁེལ་འདུག་པས། སྟག་རོང་གི་རྐུན་མ་གསུམ་པོས་སྟག་གཟིག་གི་བླ་རི་རྫོང་ལྷ་དཀར་ཆུང་གི་རྫ་གསེབ་ནས་རྒྱང་སོ་བཙུགས་ཏེ་རྟ་རྒྱུག་མདའ་འཕེན་ལ་ཞིབ་ལྟ་བྱས་པ་ན། རྟ་སྔོན་པོ་རྒྱུགས་ན་རྨིག་བཞི་ས་ལ་མི་ཐུག་པར་བྱ་འཕུར་བ་འདྲ་བ་ཞིག་མཐོང་བས། ལེ་བེ་བུ་ཡི་ཁྲ་མིག་ན་རེ། རྟ་སྔོན་པོ་མ་གི་ཡིན་པ་འདྲ་ཡང་། དོ་ནུབ་ང་ཚོས་རྣ་རྩེ་ལ་ཁྱུང་གི་ཐུ་ལུ་ཡོད་མེད་ལ་གཞིག་ན་ཆོག་གོ་ཟེར་ནས་དེའི་ནུབ་མུན་རུབ་པ་དང་མཉམ་དུ་རྐུན་མ་གསུམ་པོ་སྟག་གཟིག་རྒྱལ་པོའི་རྟ་ལྷས་སུ་འཇབ་ནས་བལྟས་ཚེ། རྟ་འདྲ་འདྲ་བདུན་འདུག་པའི་ཁྲོད་དུ་རྟ་གཞན་དྲུག་ལས་དབྱིབས་ཅུང་ཞན་པ་རྣ་རྩེ་ལ་ཐུ་ལུ་སྔོ་བུན་བུན་ཡོད་པ་ཞིག་འདུག་པ་མཐོང་སྟེ། རྟ་མཆོག་གཞན་པ་གཉིས་དང་བཅས་རྟ་གསུམ་མཐོང་སྒྲིབ་ཀྱི་ཞྭ་མོས་གཡོག ། སྒྲིབ་ཤིང་གིས་གཡབ་མོ་རྒྱབ་ཅིང་ཞོན་ནས་དཔག་ཆེན་གྱི་མདའ་ལྟར་ནག་པོ་རྒྱ་ལ་འགྲོ་བའི་ལམ་ཨ་གཟི་སྟག་ལ་ཁྲ་མོ་བརྒྱབ་ཏེ་སོང་བ་ན། རྟ་རྫི་བློན་པོ་སྟོང་ཁྲི་ལྷ་ལོད་སོགས་མཐོང་སྒྲིབ་ཀྱི་དབང་གི་གཉིད་ལ་ཤོར་ནས་ཅི་ཡང་མ་གོ། ཕྱིའི་ཉིན་མོའི་ཉི་མ་ཕྱེད་ཡོལ་ཙམ་ན་རྟ་རྫི་རྣམས་རྨུ་གབ་ལས་གཅིག་སངས་གཉིས་སངས་ཀྱིས་བལྟས་ཚེ། རྒྱལ་པོའི་ཆིབས་པ་དང་རྟ་གསུམ་མི་འདུག་པར་མ་ཟད། རྟ་གཞན་རྣམས་ཀྱིས་ཧུ་ཧུ་ཟེར་ནས་ལག་བྲོ་བརྡུང་ཞིང་ཕྱིར་ལྟས་བྱེད་འདུག་པ་མཐོང་བས་ཡར་མར་ལ་མྱུར་དུ་བཙལ་ཡང་མི་འདུག། དེར་བློན་པོ་སྟོང་ཁྲི་ལྷ་ལོད་ཀྱིས་གྱད་ཀྱི་མི་བརྒྱ་ཁྲིད་དེ་རྗེས་འདེད་བྱས་ནས་སོང་ཚེ། ནག་པོ་རྒྱ་ལ་འགྲོ་བའི་ཕྱོགས་སུ་སོང་འདུག་པས། རྒྱ་ཟི་ལིང་གནམ་ཁྲི་བར་མ་ནས་སྟོད་ལ་དྭགས་ཀྱི་ཚོང་བ་འགའ་ལ་འཕྲད་དེ་རྟ་རྩད་གཅོད་པའི་འདྲི་བ་འདྲི་གླུ་བླངས་པ་དང་། སྟོད་ལ་དྭགས་ཀྱི་ཚོང་མི་དེས་སྟོང་ཁྲི་ལྷ་ལོད་ཀྱི་ལྷམ་སྒྲོག་གིས་ཁོ་རང་གི་རུམ་ནས་སོག་རུས་ཤིག་བླངས་པ་ལ་དཀྲིས་གསུམ་བརྒྱབ་ཏེ་མེར་བསྲེགས་ནས་སོག་མོ་འམ་སོག་དཔྱད་བྱས་རྗེས། ཡ་ཡ། ཁྱོད་ཚོའི་རྟ་དེ་ནི་མགོ་ལ་གཞན་གྱིས་མི་མཐོང་བའི་ཞྭ་གྱོན་པ། རྐང་ལ་རྗེས་མེད་པ། འདབ་ཆགས་བྱ་ཡི་མིག་ཡོད་པ་གསུམ་གྱིས་ཉི་མ་ཤར་གྱི་ཕྱོགས་སུ་ཁྱེར་སོང་བ་ཞིག་ཤར་བ་དང་། ཕུག་གི་མོ་ལ་འཇག་མས་རི་བསྲེག་ཟེར་བ་ཞིག་བབས་འདུག་པས་ལེགས་པར་གཟིགས་མཛོད་ཟེར། དེར་བློན་པོ་སྟོང་ཁྲི་འཁོར་གཡོག་ཐབས་ཟད་དེ་ཕྱིར་སྟག་གཟིག་རྒྱལ་བློན་གྱི་རྩར་བཏུད་དེ་ཆིབས་རྟ་བོར་ལུགས། རྗེས་དེད་ལ་སོང་ལུགས། རྗེས་ཁ་འཁོར་ཚུལ། ལ་དྭགས་ཀྱི་ཚོང་བས་སོག་མོ་དཔྱད་ཚུལ་སོགས་ཞིབ་རྒྱས་ཞུས་པ་ན། རྒྱལ་བློན་ཚོས་ཇི་དགའ་གང་དྲག་གི་གྲོས་མང་དུ་བྱས་མཐར། ཨ་བོན་སྟག་གི་བླ་མ་ལ་མོ་ལུང་ཞུ་རྒྱུར་ཐག་ཆོད་དེ། ནང་བློན་ཞལ་དཀར་ལྡན་པ་དང་སྒེར་བློན་ཁྲི་རྗེ་གོང་བཙན་གཉིས་པོས། ཨ་བོན་སྟག་གི་བླ་མ་དང་། མི་བོན་འཕྲུལ་གྱི་བོན་པོ། མོ་མ་སྤྲེ་སོ་སྣ་ནག། རྩིས་པ་སྲིད་གསུམ་སྒྲིབ་མེད་རྣམས་གདན་ཞུས་ཤིང་། ཇ་ཆང་གི་གསོལ་སྟོན་དང་གསེར་དངུལ་གྱི་འབུལ་བ་ཕུལ་ནས་རྒྱལ་པོའི་ཆིབས་རྟ་བོར་བའི་གནས་ཚུལ་ལ་མོ་ལུང་རྩིས་གསུམ་བྱེད་བཅུག་པ་ན། བླ་མས་ཐུགས་མཉམ་བཞག ། མོ་མས་ཇུ་ཐིག་ཁྲ་བོ་གཡུག ། ལྷ་མདའ་བཅུ་གསུམ་གཞི་ལ་བཙུགས། གཡུ་དྲུག་དཀར་བཞི་བཅུ་ཞེ་བརྒྱད་མོ་རྡེལ་དུ་བཀོད་ནས་མོ་བཏབ། རྩིས་པས་རི་རབ་རྡུལ་རྩིས་ཟེར་བ་གབ་རྩེ་སུམ་བརྒྱ་དྲུག་ཅུ་གཏན་ལ་ཕབ་ཚེ། བླ་མའི་ལུང་ལ་སྟག་གཟིག་གི་བྱ་རྟ་དེ། ཉི་མ་ཤར་གྱི་ཕྱོགས་ཆུ་གཉིས་འབབ་པའི་མདོ་བྲག་དམར་པོ་མདུང་རྩེ་འདྲ་བའི་ངོས་སུ་མཁར་རྭ་ཅོ་འདྲ་བ་ཞིག་གི་ནང་ན་ཡོད་འདུག་གསུངས། མོ་རྩིས་གཉིས་ཀྱིས་ཉི་མ་ལྷོ་ཡི་ཕྱོགས་ཉི་ཟླ་གཉིས་ངོ་མི་ཤེས་པའི་སར། འབུ་ཁྲ་ཉིལ་ལེར་ཡོད་ས་ཞིག་ན་འདུག་ཟེར། དེར་བློན་པོ་འགའ་རེས་བྱང་གི་ན་འོབས་སུ་དྲེད་ཀྱིས་ཟོས་པ་ཨེ་ཡིན་ཟེར། ཡང་འགའ་རེས་སྟག་གཟིག་འོལ་བའི་བྲག་ལ་སྲིན་རྫོང་ཡོད་པས་སྲིན་པོས་ཟོས་པ་ཨེ་ཡིན་ནམ་ཟེར་ནས་ཚོད་མ་ཐིག་ཏེ། ཡང་བསྐྱར་བླ་མར་ཞིབ་ཏུ་ཞུས་ཚེ། བླ་མས་ཁྲ་མོ་གླིང་གི་ཡུལ་དུ་སོང་དང་ཡོད་ཟེར་བ་ན། སྟག་གཟིག་རྒྱལ་པོ་ཐུགས་རབ་ཏུ་ཁྲོས་ཏེ་གླིང་ཡུལ་དམག་གིས་མི་བཀང་རེ་ཞེས་ཞེ་སྡང་འབར་བཞིན་གླུ་བླངས་པ་ན། བློན་ཆེན་ཤེས་གསལ་རབ་སྣང་དེའི་བསམ་པར། བླ་མའི་ལུང་ལ་ཆ་འཇོག་བྱེད་འོས་ཆེ་ཡང་། ད་དུང་བརྟག་དཔྱད་ཅིག་གམ་ཉུལ་མ་ཞིག་མ་བྱས་ན་རང་གར་གླིང་སེང་ཆེན་རྒྱལ་པོ་ལ་འགྲན་འཛུགས་པ་མི་ལེགས་སྙམ་ནས། དང་པོ་བློན་སྟོང་ཁྲི་དང་ཞལ་དཀར་ལྡན་པ་གཉིས་གླིང་ཡུལ་ལ་ཉུལ་མ་དང་ལྷག་པར་བྱ་བྱེད་མང་པའི་སྟག་རོང་ཁྲོ་ཐུང་གི་གནས་སྟངས་ལ་རྒྱུས་ཞིབ་ཅིག་བྱས་ན་ཞེས་གླུ་བླངས་པ་ན། རྒྱལ་བློན་ཚང་མ་དེ་ལ་བློ་འཐད་དེ་དེ་ལྟར་བྱེད་རྒྱུར་ཐག་བཅད་དོ། །

ཉི་མ་དེ་ཡི་ཕྱི་ཉིན་ནས་ནང་བློན་ཞལ་དཀར་ལྡན་པ་དང་། ཆིབས་རྫི་སྟོང་ཁྲི་ལྷ་ལོད་གཉིས་པོ་སྤྲང་པོའི་ཆས་སུ་ཞུགས་ནས་གདོང་ཤར་ལ་གཏད་དེ་སོང་། དེར་ཁོ་རང་གཉིས་པོ་ཤར་གླིང་ཡུལ་དུ་འབྱོར་ཏེ། དང་པོ་སྟག་བློན་གཉིས་པོ་གླིང་གི་ལུག་རྫི་རྒན་གཞོན་གཉིས་ཡོད་པ་དང་། ལུག་རྫི་ཆུང་བ་དེས་སྦ་དཀར་གྱི་གླིང་བུ་འབུད་བཞིན་འདུག་པའི་རྩར་གཅར་ནས་ཟས་བསླངས། ཕན་ཚུན་ས་ཆ་གང་ནས་ཡིན་དང་དོན་ཅི་ཡོད་གླེང་སྐབས། སྟག་བློན་གཉིས་ཀྱིས་ཤར་དར་ཡུལ་དང་འཇང་གི་སྤྲང་པོ་ཡིན་ཚུལ་དང་། གླིང་རྗེ་ལ་མཇལ་ཁ་ཞུ་རུ་འགྲོ་རྩིས་ཡིན་ཞེས་རྫུན་ལབ་སྐབས། ལུག་རྫི་ཆུང་བ་འཇང་ཕྲུག་ཨ་མགོན་དཔལ་དགའ་ཟེར་བ་དེས་འདི་གཉིས་སྨུག་པོ་འཇང་གི་སྤྲང་པོ་དང་གཏན་མི་འདྲ་འདུག་སྙམ་ནས། སྤྲང་པོ་གཉིས་ལ་ང་རང་གི་ཕ་ཡུལ་འཇང་ནས་ཡིན་ཚུལ་བཅས་གློ་མི་ཁེལ་བའི་དོགས་འདྲིའི་གཏམ་རྩུབ་ཤས་ཅན་གྱི་གླུ་བླངས་པ་ན། སྤྲང་གཟུགས་གཉིས་ཀྱིས་ཀྱང་ཁ་བདེ་ལྕེ་ཚས་གླུ་ལན་བླངས་ཚེ་ཨ་མགོན་ཤིན་ཏུ་མ་དགའ་ཏེ་གཤེ་གཤེ་བཏང་སྐབས། ལུག་རྫི་ཆེ་བ་གཡུ་རྒྱལ་གྱིས་དེ་འདྲ་བྱེད་མི་ཉན་ཟེར་ནས་བར་བྱས་ཤིང་། སྤྲང་པོ་གཉིས་ལ་ཤ་ཚ་བའི་ངང་ནས་ཁྱོད་རང་གཉིས་གཏམ་མ་མང་བར་ཕ་གིའི་ལུང་བའི་ཕུ་ལ་སོང་དང་སྟག་རོང་དར་སྡེ་ཁྲ་མོ་ཟེར་བ་ཡོད། མགོ་འཛིན་ལ་ཨ་ཁུ་ཁྲོ་ཐུང་ཟེར་བས། ཉི་མ་གྲིབ་ཁའི་འཇའ་དང་། མི་རྒན་ཤི་ཁའི་ཆུང་མ་ཞེས་པ་ལྟར། ལྷ་སྲས་དགྲ་བླ་རྩེ་རྒྱལ་ལ་གླིང་ཡུལ་ན་མེད་པའི་རྟ་མཆོག་ཅིག་ཕུལ་ནས་འདན་མའི་བུ་མོ་ལ་གཉེན་སྟོན་བྱེད་ཐབས་བྱས་ནས་ཡོད་པས། ཁྱེད་གཉིས་སྟོན་ཐོག་ལ་སོང་ན་ལྟོ་ཆེན་པོ་རག་འོང་ཟེར་བ་ན། བློན་པོ་གཉིས་པོས་མགོ་བོས་ལྡེམ་ལྡེམ་བྱས་ཏེ་ཚུར་རི་ཁུག་ཅིག་ཏུ་འོང་ཚེ། བློན་ཞལ་དཀར་གྱིས་བློན་ཤེས་གསལ་གྱིས་སྟག་རོང་དཔོན་ལ་ཞད་ཅིག་ཡོད་ཟེར་ཚུལ་དང་། དེ་རིང་ལུག་རྫིའི་ངག་ལམ་ནས་ཐོས་ཚུལ་གང་ལ་བསམ་ཡང་གནས་ཚུལ་འདི་དོན་ཆེན་པོ་རེད་བསམས་ཏེ། ཁོ་རང་གཉིས་པོས་ད་དུང་རྫི་བོ་ལ་གཏམ་ཞིབ་འདྲི་ཞིག་དགོས་པར་ཁ་མཐུན་ནས་ལུག་རྫི་ཆུང་བས་ཧ་མི་གོ་བར་བྱས་ཏེ་ལུག་རྫི་གཡུ་རྒྱལ་ལ་གསེར་གྱི་དོང་ཙེ་ལྔ་བརྔན་ལ་བྱིན་ནས་གཏབ་ཞིབ་ཏུ་དྲིས་ཚེ། ལུག་རྫིས་སྟག་རོང་གིས་རྟ་རྐུས་ཚུལ་སྐོར་གྱི་གཏམ་རང་གིས་གོ་ཚོད་ཚང་མ་སྦ་གསང་མེད་པར་བཤད། ཁོ་ཚོས་ལུག་རྫིའི་སྐད་ཆ་རྣམས་གཞན་ལ་མི་ཤོར་བའི་གསང་ཁ་བསྡམས། དེར་སྟག་བློན་གཉིས་པོ་སྟག་རོང་ཚང་གི་སྟོན་ཐོག་ལ་སོང་སྟེ་སྤྲང་པོ་ཚོའི་གྲལ་དུ་བསྡད་ནས་ཞིབ་རྟོག་བྱས་པ་ན། གླིང་མུ་པ་ཚང་གིས་བོད་ཕྲུག་མི་ཆུང་ཁ་བདེ་སྟག་རོང་གི་སྟོན་ཐོག་ཏུ་མངག་པ་ཐོན་ནས། སྟག་རོང་ཁྲོ་ཐུང་དང་ཕན་ཚུན་ཀུ་རེ་དང་ཟུར་ཟའི་གླུ་ལེན་གླུ་སྐོར་མང་དུ་བྱས་པའི་ཁྲོད་ནས་སྟག་གཟིག་གི་བློན་པོ་གཉིས་པོས་སྟག་རོང་དཔོན་གྱི་རྒྱུས་མང་པོ་ལོན་ཏེ་ཕྱིར་སྟག་གཟིག་གི་ཡུལ་དུ་ལོག་སོང་ངོ་། །

དེར་སྟག་བློན་གཉིས་པོ་སྟག་གཟིག་རྒྱལ་བློན་གྱི་མདུན་དུ་ཐོན་ནས་གླིང་ཡུལ་ལ་ཉུལ་མ་བྱས་ཚུལ། གཏམ་གོ་ཐོས་ཀྱི་གནས་ཚུལ་ཚང་མ་སྙན་ཞུ་ཕུལ་ཚེ། སྟག་གཟིག་རྒྱལ་པོས་སྤྱིར་སྟག་གཟིག་གི་ཕ་དམག་བསྡུ་དགོས་ལུགས་དང་། ལྷག་པར་ཤུགས་ཆེན་ནམ་མཁའ་ཐོག་འབེབས་དང་། ནང་བློན་ཞལ་དཀར་ལྡན་པ། ཆིབས་རྫི་སྟོང་ཁྲི་ལྷ་ལོད་གསུམ་པོས་འཁོར་གྱད་ཀྱི་མི་བརྒྱ་རྟ་བརྒྱ་ཁྲིད་ལ་མྱུར་བ་མྱུར་བར། གླིང་གི་མ་བཞི་ཁྲོ་ཐུང་སྡར་མ་རབ་ན་གསོན་བཟུང་། ཐ་ན་སྲོག་དམར་ཆོད་ལ་མགོ་ལག་ཁྱེར་འོང་དགོས་ཚུལ་བཀའ་ཕབ་པ་ན། བློན་པོ་གསུམ་པོས་རྒྱལ་པོའི་བཀའ་བཞིན་གོ་མཚོན་ཐོགས་པའི་དཔུང་ཁྲིད་དེ་གླིང་ཕྱོགས་སུ་སྐད་ཅིག་གིས་བཤར་ནས་སྟག་རོང་ཚང་གི་རུ་བ་བསྐོར། འདིའི་དུས་སྟག་རོང་ཚང་ཡུལ་ལྷ་རྨ་རྒྱལ་སྤོམ་རར་ལྷ་བསང་གཏོང་བར་འགྲོ་རྩིས་ཡོད་པས་ནམ་ཕྱེད་ཕར་ལ་མ་སོང་བའི་དུས། གཡོག་མོ་ལྷ་སྐྱིད་དཔལ་འཛོམས་ཐལ་བ་འཕོ་རུ་ཡོང་བས་སྟག་རོང་ཚང་དམག་གིས་བསྐོར་ཡོད་པ་མཐོང་སྟེ་ཡར་ཁྱིམ་དུ་བརྒྱུགས་ནས་བརྡ་བཏང་བ་ན། དཔོན་པོ་ཁྲོ་ཐུང་གི་ཞེ་ལ་ད་ནི་ང་བསད་ཚར་བ་རེད་སྙམ་སྟེ་གཅེར་བུར་རྒྱུགས་ནས་ཁྲོ་ཟངས་ཀྱི་འོག་ཏུ་གབ། ལྷ་རྒོད་ཀྱིས་ཕ་ཁྲོ་ཐུང་གི་བྱ་བ་ངན་པ་ཞིག་ལ་ར་མདའ་སླེབས་འདུག་ཡོད་ཚོད་དགོངས་ཏེ་གོ་གྱོན་མཚོན་ཐོགས་ཀྱིས་སྒོར་བུད་པ་དང་མཉམ་དུ། རྒྱལ་སྲས་མ་ཎི་ཀ་ར། བློན་ཨ་འགྲུབ་གཞུ་སྔོན། སྒེར་བློན་སྟག་ཚ་ངོ་ལུག ། ཡང་རྒོད་གསེར་ཚ་དཔུང་རིང་སོགས་ཀྱིས་གོ་ཟིན་མཚོན་ཟིན་འུར་ཟིང་གི་དུས། སྟག་གཟིག་དཔུང་གིས་སྟག་རོང་གི་སྡེ་སྟོད་ཆག་ཉིལ་དུ་བཏང་ནས་ཁྲོ་ཐུང་ཚང་གི་སྒོར་ཤོར་ཏེ་ཐོན་པ་ན། སྲས་ལྷ་རྒོད་ཀྱིས་མདའ་འཕངས་ཏེ་མི་དགུ་བསད། མ་ཎི་ཀ་རས་མདུང་གིས་མི་ལྔ་བསད། གཡོན་ཟུར་ནས་བློན་ཆེན་ཨ་འགྲུབ་ཀྱིས་མདའ་འཕེན་བཞིན་ཡོད་པ་ལ་ནུབ་བློན་སྟོང་ཁྲི་ལྷ་ལོད་ཀྱིས་མདུང་གིས་བརྒྱབ་ཏེ་དེ་ཉིད་དུ་བཀྲོངས། དཔུང་མང་ཉུང་གིས་ནུབ་དམག་སྦྲ་ནང་དུ་ཤོར་ཏེ་རྒྱུ་ཟོག་དངོས་ཆས་གང་ཡོད་ཁྱེར། དམག་མི་ཞིག་གིས་ཁྲོ་ཐུང་གབ་སའི་ཁྲོ་སླང་གི་ཁ་ཡར་བཀྱག་ཚེ། དཔོན་པོ་ཁྲོ་ཐུང་ཤི་རྫུ་བྱས། དམག་མི་དེས་འདི་ན་མི་རོ་ཞིག་ཡོད་པ་ཅི་ཡིན་ཟེར། ལ་ལས་ཤི་རྫུ་རེད་ཟེར། སྐབས་དེར་སྟོང་ཁྲི་ལྷ་ལོད་ཀྱིས་མཐོང་སྟེ་ཁྲོ་ཐུང་གི་རྐང་ལག་ཐག་པས་སྡོམ་བཞིན་ད་ཐེངས་ཀྱི་འོང་དོན་འདི་ཡིན་ཟེར་བཞིན་རྟ་ལ་བཀལ་ཅིང་ནོར་ལུག་མང་པོ་དང་རྟ་དྲུག་བརྒྱ་ཙམ་དེད་དེ་ཤོར་རོ། ། དེར་སྟག་རོང་གི་སྲས་བློན་ཚོས་གསེར་ཆུའི་ཟམ་ཁ་བར་རྗེས་འདེད་བྱས་ཀྱང་དཔའ་རྟགས་མ་ཞོག་པར་ཕྱིར་མི་ལོག་ཐབས་མེད་བྱུང་། དེར་སྟག་གཟིག་དམག་ཉིན་མཚན་གཉིས་ལ་བཤར་ཏེ་བྱང་གི་སྤང་ཐང་སྨུག་པོར་སླེབས་ཚེ་སྒར་གྲལ་བསྒྲིགས་ཤིང་། ཁྲོ་ཐུང་བཀྱིག་ཐག་གིས་བསྡམས་ཏེ་བློན་པོ་ཚོའི་མདུན་དུ་ཡར་ཁྲིད་ཚེ། ཁྲོ་ཐུང་གི་སྨྲ་ར་སོགས་འདར་ཞོམ་ཞོམ་བྱེད་བཞིན་པུས་བཙུགས་ཏེ་སྡོད་སྐབས། སྟག་གཟིག་གི་གུང་བློན་ནམ་མཁའ་ཐོག་འབེབས་ཀྱིས་ངོ་མཚང་སྡིགས་མོ་དང་བསྒྲགས། རྐུ་ངན་དང་ལེན་བྱས་ན་འཇལ་བྱེད་ཆུ་ཡིས་ཆོག་ལུགས་དང་། གལ་ཏེ་ཁས་མ་བླངས་ན་སྔ་དྲོ་ར་ཕོས་ཆོག་སར་ཕྱི་དྲོ་རྟ་ཕོས་མི་ཁེབ། ཟེར་བ་ལྟར་ཡིན་པས་དང་ལེན་བྱས་ཏེ་རྟ་ཁྱུང་གཤོག་ཕྱིར་སྤྲད་ན་འདུན་མ་རྟ་ཐོག་ནས་གླེང་སྟེ་མི་རྒན་ཕྱིར་གཏོང་ཆོག ། གལ་སྲིད་དྲང་མོ་མ་བྱས་ན་གྱད་ཀྱི་མི་བརྒྱས་མདའ་འབེན་བྱ་ངེས་ཞེས་གླུ་བླངས་པ་ན། སྟག་རོང་དཔོན་པོ་ཁྲོ་ཐུང་འདར་སིལ་སིལ་ངང་ཁྱེད་དཔའ་བོས་དཔུང་གིས་རྟ་རྐུ་མཁན་གྱི་ཇག་པ་བཞག་ཏེ། ང་ཁྲོ་ཐུང་མི་ཚེ་ཆོས་ལ་གཞོལ་མཁན་སྡིག་ལ་གཏོད་པ་ནི་མི་འོས་ཚུལ་དང་། རྟ་ཁྱུང་གཤོག་ནི་གླིང་གི་ཇག་རྐུན་གསུམ་གྱིས་རྐུས་འོང་ཚེ་རྟ་ཁྱུང་གཤོག་བློར་བབས་ཏེ་ངེད་སྟག་རོང་ཚང་གིས་ཉོས་པ་ཡིན་མོད། དགྲ་བླ་རྩེ་རྒྱལ་གྱི་དབང་ཤེད་ཀྱིས་ཁོ་ལ་ཞོན་རྟར་དགོས་ཞེས་འཕྲོགས་སོང་པ་རེད། མི་རྒན་མ་གསོད་ཚེ་ཐར་གནོངས་དང་ཕ་སྟག་རོང་ཤོག་དགུའི་ནོར་རྫས་གཏམ་གདན་གྱི་འབའ་ལ་འཇོག ། ཟླ་བ་གཅིག་གི་ཚུན་ཆོད་ལ་བྱང་གི་ཡུ་མོ་ཨེ་ཐང་ལ། ཆིབས་བྱ་རྟ་ཁྲིད་ནས་ཐོན་རྒྱུའི་འབའ་དང་མནའ་འཇོག་ཆོག་ཅེས་ཞུ་བ་ཕུལ་ཚེ། སྟག་བློན་ཞལ་དཀར་ལྡན་པའི་ཞེ་ལ་དགོས་པའི་ནོར་རྫས་གཡང་དུ་འཁོར་ཞིང་། སྡེ་ཇུས་ཕན་ཚུན་འཁྲུག་པ་མ་ཤོར་ན་རྒྱལ་པོའི་ཐུགས་ལ་མི་འབབ་པ་ཡོང་མི་སྲིད་བསམས་ཤིང་། ཡ་འོ་ན། ཁྱོད་སྟག་རོང་དཔོན་པོ་ད་རེས་གསོད་པ་ལས་འཇོག་མི་འོས་ཀྱང་། དགྲ་མཆན་དུ་ཚུད་ན་བུ་ལས་བྱམས་ཞེས་པ་ལྟར་ཡིན་པས་ད་ཐེངས་མི་རྒན་མི་གསོད། ཁ་དན་མནའ་ལ་མ་གནས་ཚེ་ངེད་སྟག་གཟིག་དམག་གིས་གླིང་དཀར་པོ་ཡེ་མེད་མི་བྱེད་རེ་ཞེས་བཤད་བཞིན། སྟག་རོང་ལ་གོས་བསྐོན་ཏེ་འབའ་གན་ལེགས་པོ་བྱེད་བཅུག་རྗེས་རྟ་རྐྱང་པོ་ཞིག་སྤྲད་དེ་ལམ་རྒྱགས་བཅས་ཕྱིར་གླིང་ལ་མངགས་པར་གདའ། ཁྲོ་ཐུང་ཕྱིར་འོང་ལམ་ནས་སྟག་གཟིག་དམག་གི་རི་དྭགས་བཤོལ་མཁན་ཚོ་དང་ཐུག་ནས་སླར་ཡང་འཛིན་ལ་ཁད་དང་ཟས་དང་རྟ་འཕྲོག་ཤོམ་གྱི་དཀའ་ལས་མང་པོ་མྱོང་། ལམ་བར་དུ་ཨ་མྱེ་གཡོང་སྟོན་ཟེར་བ་སྟག་གཟིག་གིས་དགྲ་བྱེད་དོགས་ཀྱིས་ཕྱོགས་གཞན་དུ་བྲོས་པའི་ཤུལ་གྱི་གཏོར་ཟན་སོགས་རྙེད་པ་ལ་ལྟོ་རྟེན་བྱས་ནས་ཕྱིར་རང་ཡུལ་དུ་ཐོན་པ་དང་། རོང་སྲས་སྤུན་མཆེད་ཀྱིས་སྟག་རོང་གི་དམག་བསྡུ་བཞིན་པ་དང་དུས་མཉམ། དེར་སྟག་རོང་ཚང་གི་ཕ་བུ་ཚོ་མ་ཤི་གསོན་ངོ་ཐུག་པས་དགའ་སྤྲོ་དཔག་མེད་ངང་སྲིད་པ་སྟག་རོང་གི་ཕ་དམག་ནུབ་སྟག་གཟིག་གི་ཡུལ་དུ་འབེབས་རྒྱུ་གྲོས་བསྒྲིགས། འདིའི་དུས་གོང་མངག་སྟག་གཟིག་གི་བློན་ཆེན་གསུམ་པོ་སྟག་གཟིག་རྒྱལ་བློན་གྱི་མདུན་གྲལ་ལ་འཁོད་དེ། ཇ་ཆང་གི་གསོལ་སྟོན་ལ་རོལ་རྗེས་སྟག་གཟིག་ཞལ་དཀར་ལྡན་པས་ཕར་སོང་གི་ལོ་རྒྱུས་ཞིབ་པར་གླུ་ཞུས་ཕུལ་བ་ན། སྟག་གཟིག་མ་སངས་གོ་ལི་རྒྱལ་པོས་ཁྱེད་བློན་པོ་ཚོས་འགྲོ་གོ་ཆོད་པས་བཟང་། འོན་ཀྱང་སྟག་རོང་དཔོན་པོ་ཁྲོ་ཐུང་ཕྱིར་མངགས་པ་ཅུང་མ་ལེགས་མོད་ད་ཚར་བའི་ལས་ལ་འགྱོད་པས་ཅི་ཕན། ཁོ་དགྲ་འདྲེ་གླིང་པའི་གཏམ་ལ་ཡིད་རྟོན་ཡོད་པར་དཀའ་ཕྱིར། རང་ཕྱོགས་དམག་བཀོད་དང་གྲ་སྒྲིག་ལེགས་པོ་དགོས་ཚུལ་དང་། གཏམ་དོན་འདུན་མ་མ་བྱུང་བར་དུ་མི་ཡུལ་གྱི་རི་དྭགས་མི་བཤོལ་བ་དང་ཇག་བཅད་འཕྲོག་བཅོམ་བྱེད་མི་ཆོག་པ་སོགས་བཀོད་ཁྱབ་ཀྱི་གླུ་བླངས་པ་ན། བློན་འབངས་འཁོར་དང་བཅས་པའི་ཡིད་ལ་ཤིན་ཏུ་འཐད་དེ་ཉི་མ་དེ་ཡི་ཕྱི་ཉིན་ནས་ཕྱོགས་སོ་སོའི་དམག་དཔོན་བློན་པོ་ཐམས་ཅད་ཀྱིས་རྒྱལ་པོའི་བཀའ་བཞིན་མི་རྟ་གོ་བཤེར་སོགས་འཐུས་ཚང་དང་། སོ་དང་ཉུལ་མ་བཀོད་སྒྲིགས་ལེགས་པོས་རླུང་སེར་མ་ཡིན་ཡང་རྒྱུ་ས་མེད་ལེ་བྱས་ནས་བསྡད། འདིའི་དུས་སྲིད་པ་སྟག་རོང་ཚང་གི་ཁྲོ་ཐུང་ཕ་བུ་གསུམ་དང་། སྒེར་བློན་སྟག་ཚ་ངོ་ལུག། ངར་རྒོད་གསེར་ཚ་དཔུང་རིང་། ཞང་ནེ་འཕྲུལ་གྱི་ལྷ་དར། སྐྱེ་ཡག་ཉི་མ་རང་ཤར། འབུམ་དཔོན་ཐོག་རྒོད་འབར་བ། ཀ་བཞིའི་དཔོན་པོ་ལྷུན་གྲུབ་རྣམས་ཀྱིས་རོང་མི་ཚོ་དམར་པོའི་ལས་དམག་འབུམ་གསུམ་བསྡུས་ཤིང་། སྲས་ལྷ་རྒོད་དཔོན་བློན་གསུམ་གྱིས་རྒྱལ་མཆོག་སེང་ཆེན་ལ་སྙན་ཞུ་ཕུལ། རྒྱལ་མཆོག་དམ་པས་ཞལ་ཏ་དང་སྲུང་བ་བྱིན་རླབས་མཛད། སྟག་རོང་དཔོན་པོ་ཁྲོ་ཐུང་གིས་འཇིགས་པའི་ཆས་དང་བཅས། ལྷ་ཡི་ལུང་ལ། ཆུ་མོ་ཕག་གི་གནམ་ལོ་ལ། སྟག་གཟིག་ནོར་རྫོང་ཕབ་དགོས་ཟེར། ཞེས་པའི་ལུང་དོན་དུས་ལ་བབས་ཚུལ་བཅས་དམག་གི་རུ་བཀོད་འགྲོ་སྡོད་ཀྱི་ལམ་ལུགས་བཀོད་ཁྱབ་མཛད། འདིའི་དུས་བློན་ཆེན་འདན་མ་བྱང་ཁྲས་སྟག་རོང་ལ་དཔུང་རོགས་སུ་སྲས་ཆུང་གཡུ་འོད་འབུམ་མེ་དང་། སྐྱེན་པོ་ཨ་ལོང་འཐེབ་དྲུག ། ཁྲི་ཐུབ་དར་མ་རྐང་རིང་སོགས་ལ་དམག་གཡུ་འཕྲུ་ཅན་ལྔ་བརྒྱས་བསྐོར་བ་མི་འཛོམས་རྟ་འཛོམས་ཀྱིས་མངགས་པས་སྟག་རོང་ཚང་ཧ་ཅང་དགའ་སྟེ་དཔུང་མཐུད་བྱས་ནས་ནུབ་སྟག་གཟིག་གི་ཕྱོགས་སུ་ཉིན་བཅོ་ལྔ་ལ་བཤར་བ། བྱང་གི་ཇོ་བོ་འདམ་རྫའི་ཉེ་འདབས་སུ་འབྱོར་ཚེ་དཔོན་པོ་ཁྲོ་ཐུང་གི་བང་མི་གཉིས་ལ། ཡ་སྔོན་གཏམ་འདུན་གྱི་ནང་དོན་ལྟར་ན་ཚེས་བཅོ་ལྔའི་ཉིན་འཛོམས་དན་བྱས་པ་ཡིན་མོད། ང་རང་ཕྱིར་འོང་ལམ་ནས་སྟག་གཟིག་གི་གྱད་མི་རི་དྭགས་བཤོར་མཁན་ཚོས་ངེད་ཀྱི་ལམ་ཟས་དང་ཞོན་རྟ་འཕྲོག་བཅོམ་དང་གཅར་རྡུང་ཤི་ལ་ཉེ་བ་ཙམ་བྱས་པས་གྲོ་ཆད་ལྷམ་བུག་དང་བརྡུང་ནད་ཀྱིས་ཚེས་བཅུ་དགུ་བར་གླིང་ཡུལ་དུ་འབྱོར་མ་ཐུབ་པ་དང་། ད་ལྟ་མི་རོ་རྟར་བསྐྱོན་གྱིས་ཡོང་བཞིན་པའི་སྐབས་ཡིན་པས། སྟག་གཟིག་རྒྱལ་པོ་ཁྱེད་སྐུ་དངོས་སམ་ཡང་ན་བློན་གོ་ཆོད་ཅི་ཡོད་རྣམས་སྔོན་གཏམ་བཞིན་སྔར་ཁ་དན་གྱི་ས་དེར་ཕེབས་རོགས་ཞེས་ཇོ་བོ་འདམ་ར་ནས་སྟག་རོང་དཔོན་པོ་ཁྲོ་ཐུང་གིས་ཕུལ། ཞེས་པའི་འཕྲིན་བྲིས་ཏེ་མཚལ་དམ་གཡུང་དྲུང་འབར་བས་མནན་ཏེ་བསྐུར། དེར་སྟག་རོང་དཔོན་དམག་རྔ་འཕྲུ་ཅན་ལ་བརྒྱ་ཙམ་སྔོན་ལ་ཐོན་རྒྱུ་བྱས། དམག་བྱིངས་རྣམས་རྗེས་སུ་འཐེན་ཏེ་འདུན་མ་མ་འགྲིག་ན་དམག་ཕབ་རྒྱུར་ཐག་བཅད་ནས་ཁྲིག་གེར་བསྡད་པར་གདའ་འོ། །

དེར་གླིང་གི་བང་མི་གཉིས་པོ་སྟག་གཟིག་རྒྱལ་པོའི་མདུན་དུ་གཅར་ཏེ་ཡི་གེ་ཕུལ། སྟག་གཟིག་རྒྱལ་པོས་ཀྱང་བློན་ཆེན་ཤེས་གསལ་རབ་སྣང་གིས་གཙོས་བློན་པོ་དགུ་བཅུ་ཙམ་ཐོན་ནས་ད་བར་སྒུག་སྡོད་བྱས་ཚུལ་བཅས་ཡིག་ལན་ཕྱིར་སྐུར། མཐར་སྟག་གླིང་གཉིས་པོའི་གྲོས་བྱེད་རྣམས་ངོ་འཛོམས་ཏེ་སྐད་ཆ་ཕར་བཤད་ཚུར་བཤད་ཁྲོད། ཁྲོ་ཐུང་གིས་ཟེར་ན་ད་ཐེངས་རྒྱལ་པོ་དང་རྒྱལ་སྲས་མི་ཕེབས་དོན་དྲིས། བློན་ཤེས་གསལ་གྱིས་རྒྱལ་པོ་སྐུ་ཆེན་དེ་ཙམ་གྱིས་ཕེབས་མི་ཐུབ་ཚུལ་དང་། ཁྲོ་ཐུང་ལ་ཁྱོད་ཀྱིས་བྱ་རྟ་ཁྲིད་ཡོད་མིན་དྲིས། ཁྲོ་ཐུང་གིས་ད་ཐེངས་བྲེལ་ཚུབ་ཆེ་བ་དང་ལམ་ཐག་རིང་བ་སོགས་ཀྱིས་བྱ་རྟ་ལམ་བར་ནས་དགྲ་ཇག་སོགས་ལ་ཤོར་དོགས་པས། གནས་སྐབས་ཁྲིད་མ་ཐུབ་ཚུལ་སོགས་ནས་མགོ་བརྩམས་ཉིན་ཞག་བཅུ་བར་གཏམ་གླེང་མང་དུ་བྱས་ཀྱང་གཏམ་གྱི་རྡོག་ག་ཐོན་པ་ནི་གཅིག་ཀྱང་མ་བྱུང་། དོན་དུ་ཁྲོ་ཐུང་གིས་རབ་ན་སྟག་གཟིག་རྒྱལ་པོ་འབྲིང་ན་སྲས་པོ་ཨེ་ཁུག་གི་རེ་བས་ཐབས་སྣ་ཚོགས་འཐེན་པ་ཡིན་མོད་ཐབས་མ་ཐོན། དེར་ཁྲོ་ཐུང་གིས་བང་མི་གཉིས་ལྷ་རྒོད་ཀྱི་མདུན་དུ་མངགས་རྗེས། ཁ་ཞེ་གཉིས་མེད་ཀྱིས་འདུན་མ་ཨེ་ཡོང་གི་ཉམས་ཐོན་པའི་གླུ་ལེན་གཏམ་བཤད་བྱས་པ་ན། བློན་ཤེས་གསལ་དེས་དུ་བ་སྔོ་ལུང་ངེ་བ་ཞིག་འཐེན་ཏེ། ཡ་སྟག་རོང་དཔོན་པོ་ཁྱོད་ཀྱིས་འདུན་མ་ཨེ་ཡོང་གི་རེ་བ་ཡིན་ཚོད་གདའ་དེ། རྩ་བ་བྱ་རྟ་ཁྱུང་གཤོག་སྔོན་པོ་ད་དུང་མཐོང་རྒྱུ་མེད་ལུགས་ལ་ཞེས་ཧ་དགོད་དང་བཅས། གལ་སྲིད་ངེས་པར་དུ་འདུན་མ་བསམ་པ་ཡིན་ན་ངེད་སྟག་གཟིག་ལ་དཔེ་ལམ་ཡོད་ལུགས་ལྟར་ལྷ་རྒོད་འབུམ་ལུ་སྟག་གཟིག་རྒྱལ་པོའི་བློན་པོར་འཇོག་དགོས་རྒྱུ་དང་། གླིང་ལ་ཡང་བབས་བསྟུན་གྱི་ཆེ་བཤགས་ཡོད་ཚུལ། གལ་ཏེ་དེ་ལྟར་མ་ནུས་ཚེ་གཏམ་ཅི་བཤད་ལ་སྙིང་པོ་མེད་པས་ལས་ཅི་མཐའ་ལ་སྒུག་པ་ལས་འོས་མེད་ཟེར་སྐབས། ཁྲོ་ཐུང་གི་ཞེ་ལ་དེ་འདྲའི་འདུན་མ་གཏམ་ཚུལ་ག་ལ་ཡོད་སྙམ་ནས་གློ་བུར་ཡར་ལངས་ཏེ་གཏམ་དེ་ཚོ་བཙན་གཏམ་ཡ་མེད་རེད་ཟེར་ནས་ཁོང་ཁྲོ་ལངས་པས་ཟོལ་གྱིས་སོང་། ཉི་མ་དེ་ཡི་ཕྱི་ཉིན་ནས་སྟག་གླིང་གཉིས་ཀྱི་འདུན་མ་མ་འགྲིག་ཟེར་བའི་གཏམ་གྲགས་པ་ཆེན་པོ་བྱུང་ཞིང་། ཕན་ཚུན་སོ་སོའི་ལམ་ལ་འགྲོ་རྒྱུ་ཡིན་ཟེར་བའི་ངང་དེར་བསྡད། བློན་ཤེས་གསལ་གྱིས་ཀྱང་རྒྱལ་པོའི་མདུན་ལ་བང་མི་གཉིས་ཕྱིར་བརྫངས། དུས་དེ་ཙམ་ན་བྱང་གི་གཡག་ར་སྨུག་པོ་རུ་དམག་འཕྲུ་དམར་གྱིས་ཁེངས་ནས་འདུག་ཟེར་བའི་འཕྲིན་ཆ་ཞིག་རྒྱལ་པོའི་དྲུང་དུ་འབྱོར་བས། སྔོན་གྱི་དམག་དཔུང་བསྒྲིགས་བཀོད་ལྟར་སོ་དང་ལམ་འཕྲང་རིམ་གྱིས་བསྡམས་ཤིང་། གླིང་པ་རྣམས་དམག་འཕྲུ་ནག་ཅན་གཅིག་སྟོང་ཙམ་གྱིས་ཕ་ཚད་ནས་བསྐོར་བའི་ཚུལ་བྱས། དེར་སྟག་རོང་དཔོན་པོས་སྒྲིབ་ཤིང་ཅན་གྱི་བང་མི་གཉིས་མངག་ནས་དམག་སྔོན་རྗེས་ལ་སྒྲིབ་ཤིང་འཕྲོད་པར་གྱིས་ལ་ཞག་གསུམ་བར་དེར་སྡོད་དང་། ནང་བློན་ཞལ་དཀར་ལྡན་པས་གྱད་ཀྱི་མི་བརྒྱ་རྟ་བརྒྱ་ཁྲིད་དེ་ཉུལ་མར་ཡོང་རྒྱུ་ཡིན་ཚོད་འདུག་པས། ཁྱེད་ཚོ་ཡང་ཚེས་ཉེར་གཅིག་ལ་འདི་གར་སྔ་འབྱོར་ཡོང་བར་གྱིས་ཞེས་བསྐུར། ཡང་དུས་ཚོད་འགྱངས་ཐབས་སོགས་ཀྱི་ཆེད་ཞང་ནེ་འཕྲུལ་གྱི་ལྷ་བློན་གྱིས་གསེར་སྲང་བཅུ་དར་བཅས་བློན་ཤེས་གསལ་གྱི་མདུན་དུ་བཞག་ནས་སྙིང་ནས་འདུན་མ་ཨེ་ཡོང་རེ་བའི་ཟོལ་གྱིས་རྒྱལ་སྲས་ལྷ་རྒོད་སྟག་གཟིག་གི་བློན་ལ་འཇོག་དཀའ་ཡང་། རྒྱལ་སྲས་མ་ཎི་ཀ་ར་སྡེ་ཤོག་ཆེན་གཉིས་ཀྱི་རྫོང་དང་བཅས་མངགས་རྒྱུ་བྱེད་ཅེས་གླུ་ཞུས་ཕུལ་བས། སྟག་གཟིག་གི་བློན་པོ་རྣམས་ཀྱིས་ཡར་བཤད་མར་བཤད་བྱས་མཐར་ཡང་ཉི་མ་དེར་སྡོད་རྒྱུ་བྱས། ཉི་མ་དེ་ཡི་ཕྱི་ཉིན་ནས་སྔར་ལྟར་གཏམ་འདུན་གྱི་མགོ་བཟུང་སྟེ་ཉིན་གཉིས་སོང་བ་ན། བློན་ཤེས་གསལ་གྱིས་རྒྱལ་པོའི་མདུན་དུ་མདུན་མ་གཏམ་མུས་ཡིན་ཚུལ་ཞུ་བར་བང་མི་མངགས། འདིའི་དུས་སུ་སྟག་གཟིག་ཞལ་དཀར་ལྡན་པས་དཔུང་ཁྲིད་དེ་བྱང་གི་གཡག་ར་སྨུག་པོའི་ཐང་དེར་སླེབས་པའི་ཚེ། གླིང་སྟག་རོང་གི་དམག་སྒར་དེར་སྒྲིབ་ཤིང་བཙུགས་ཏེ་ཡོད་པ་སྒྲིབ་ཤིང་གི་ནུས་པས་མ་མཐོང་སྟེ་ཤར་གངས་ནེ་གཡུ་སེང་ལ་མོ་བརྒལ་ཏེ་སོང་། དེར་འདུན་མ་འགྲིག་ལ་ཉེ་བའི་སྣང་ཚུལ་ཤར་བཞིན་པའི་དུས་ཤིག་ན་སྲས་ལྷ་རྒོད་ཀྱི་དཔུང་གིས་རྒྱབ་ཕྱོགས་ནས་སྟག་གཟིག་གི་དམག་ལྕགས་ཕྲུ་ཅན་མང་པོ་བཅོམ་བཞིན་དང་། དང་པོ་གླིང་སྒར་ལ་དམག་དྲངས་པ་འདྲ་ཞིག་གི་ཟོལ་བསྟན། གླིང་པ་ཚོས་ཀྱང་རྒྱོབ་སོད་ཀྱི་སྒྲ་དང་བཅས་ལན་འདེབས་ཁུལ་བྱས་པའི་ངང་དེར་སྟག་གཟིག་གི་སྒར་ལ་བབས་ཏེ། སྲས་ལྷ་རྒོད་ཀྱིས་སྟག་བློན་བཙན་རྗེ་དཔུང་དམར་གཙོས་འཕྲུ་ནག་ཅན་བདུན་བསད་པའི་སྐབས། སྟག་བློན་སྟོང་ཁྲི་ལྷ་ལོད་དེས་རྟ་ངང་དཀར་ཞུར་མོའི་གོང་ནས་རལ་གྲི་མུན་པ་རེག་གཅོད་བཏོན་བཞིན་ཡིན་ལུགས་ཀྱི་གླུ་བླངས་ནས་མཆོངས་བྱུང་སྐབས། རོང་སྲས་ལྷ་རྒོད་ཀྱིས་ཕྱག་མདའ་ཤར་འཕེན་གཅིག་གིས་དཔྲལ་བ་གཏོར་ཏེ་རྟ་ལས་འཕངས་ཤིང་མགོ་འཕྲུ་བླངས། ཡང་འབུམ་དཔོན་ཐོག་རྒོད་འབར་བས་ནུབ་དམག་མང་པོ་བཅོམ་པའི་དུས། སྟག་བློན་ཤེས་གསལ་དེ་རྟ་སྔོན་པོ་ཁྲུང་ཁྲུང་གི་གོང་དུ་ཐོན་ནས་མདའ་དྲུག་འཕངས་པས་སྲིབ་པ་སྟག་རོང་ཤོག་གི་དམག་རྔ་འཕྲུ་ཅན་བཅུ་བསྒྲིལ། ཡང་མདའ་གཅིག་འབུམ་དཔོན་གྱི་ཐོག་འཕངས་པས་ཁྲབ་བྱང་ཐ་རེར་གཏོར་སྐབས། འབུམ་དཔོན་ཐོག་རྒོད་འབར་བས་ཁོ་སུ་ཡིན་སྙམ་བཞིན་རྟ་ཁ་འཐེན་ཏེ་ཡིན་ལུགས་ཀྱི་གླུ་བླངས་ཏེ་གྲི་ཁ་འདྲེས། བློན་རྒན་གྱིས་ཀྱང་གྲི་གཡུག་མོད་མཐར་འབུམ་དཔོན་གྱི་གྲིས་ཁོའི་ལག་གཡས་གྲི་དང་བཅས་སར་འཕངས། ཡང་གཅིག་གཡུགས་ནས་ལུས་ཕྱེད་གཤག་གིས་བསད། དེར་སྟག་གཟིག་གི་དམག་རྣམས་བསད་རྨས་དང་། ལ་ལ་ཆུར་མཆོངས་ནས་རང་ཤི་བརྒྱབ། འགའ་ཞིག་བྲོས་ནས་ཐར། གླིང་དམག་གིས་སྟག་གཟིག་སྒར་གྱི་དངོས་ཆས་ཡོངས་སུ་རྫོགས་པ་བདག་ཏུ་བཟུང་སྟེ། སྒར་ཚོ་སྔ་ཕྱི་ཐམས་ཅད་གཅིག་ཏུ་བསྒྲིལ་ནས་ཐང་དཀར་མོ་ལྷ་ཐང་དུ་སྒར་བཏབ་ནས་བསྡད། འདིའི་དུས་སྟག་གཟིག་གི་དམག་བྲོས་བྱོལ་ལ་སོང་བ་རྣམས་རང་ཡུལ་དུ་འབྱོར་ཞིང་། དགྲ་ཉེས་བྱུང་བའི་གནས་ཚུལ་རྒྱལ་པོ་ལ་སྙན་ཞུ་ཕུལ། རྒྱལ་པོའི་ཕྱི་ནང་གི་བློན་ཆེན་ཚང་མ་བསྡུས་ནས་ཇུས་ཉེས་ལ་ལེ་བརྡ་དང་། བློན་ཞལ་དཀར་ལྡན་པ་ཉུལ་མར་བཏང་བ་དེ་གར་སོང་གོ་རྒྱུ་མེད་པ་ཅི་ཡིན་སོགས་ལ་བློན་ཆུང་སེང་ཁྲི་དཔའ་བོ་ཨ་བོན་སྟག་གི་བླ་མ་ལ་ལུང་བསྟན་ཞུ་རུ་འགྲོ་དགོས་ལུགས། དམག་དཔོན་བཙན་ལྷ་རྡོ་རྗེ་ལ་དགྲ་བོའི་སྒར་ལ་དཔའ་རྟགས་ཞོག་པའི་ཁས་ལེན་དགོས་ལུགས་སོགས་ཀྱི་གླུ་བླངས་པ་ན། ཐམས་ཅད་ཀྱིས་ལགས་སོ་བརྗོད་ནས་གྲོལ། ཉི་མ་དེ་ཡི་ཕྱི་ཉིན་ནུབ་ཀྱི་དམག་དཔོན་བཙན་ལྷ་རྡོ་རྗེ་འབར་བ་དེས་འཁོར་གསུམ་བསྐོར་ཞིང་། རླུང་རྟ་དམར་པོ་འཁྱུག་ཤེས་ཀྱི་གོང་ལ་ཐོན་ནས་དམག་འཕྲུ་དམར་ཅན་ལ་བརྒྱས་བསྐོར་ནས་གླིང་སྒར་ལ་གཏུག་ཏུ་ལམ་ལ་བུད་པ། གླིང་གི་སོ་བས་མཐོང་སྟེ་གདོང་ལེན་ལ་ངར་རྒོད་གསེར་ཚ་དཔུང་རིང་དང་། བཀའ་བཞི་དཔོན་པོ་ལྷུན་གྲུབ། གདོང་གི་ཉི་ཁྲི་ཨ་བརྟན་རྣམས་ཀྱིས་བཙན་རྫོང་གྱོན་ཏེ་རང་རང་གི་རྟ་ལ་ཞོན་ནས་བཙན་ལྷའི་གདོང་ལ་བུད། ལྷག་པར་དཔོན་པོ་ལྷུན་གྲུབ་ཀྱིས་སྟོང་འཇུག་མེད་པའི་གླུ་བླངས་ཏེ་བཙན་ལྷ་དང་གྲི་ཁ་འགྲན་སྐབས། བཙན་ལྷས་གྲི་གཡུག་ནས་བཀའ་བཞི་དཔོན་གྱི་དབུ་རིལ་ལེར་འཕངས་ནས་བཀྲོངས། གསེར་ཚ་དང་ཨ་བརྟན་གཉིས་ཀྱིས་གྲི་རུབ་བྱས་མོད་བཙན་ལྷས་ཡང་གྲི་གཡུགས་ནས་གདོང་གི་ཉི་ཁྲི་ཨ་བརྟན་ལ་གྲི་རྨས་ཆེ་ཙམ་བྱས་ཏེ་དམག་ཁྲོད་དུ་ཤོར་ནས་དམག་གསེར་འཕྲུ་ཅན་མང་པོ་བསྒྱེལ། འདིའི་དུས་གླིང་དམག་གིས་ཀི་སྒྲ་རྒྱོབ་སོད་བཅས་ལྷག་པར་འདན་སྲས་གཡུ་འོད་འབུམ་མེ། བློན་ཆེན་ཨ་ལོང་ཐེབ་དྲུག ། རོང་སྲས་ལྷ་རྒོད་སྤུན་གཉིས་རྣམས་ཐེ་ཚོམ་མེད་པར་མཆོངས་ཏེ་འདན་བློན་ཨ་ལོང་ཐེབ་དྲུག་གིས་མདའ་དྲུག་འཕངས་པས་དམག་འཕྲུ་དམར་ཅན་དྲུག་ཙམ་བསད་པ་ན། བཙན་ལྷ་རྡོ་རྗེས་དཔའ་ཚོད་བཟུང་ནས་ཐལ་ཚུབ་ཕྱུར་རེར་བྲོས་སྐབས་གླིང་བ་ཚོས་ཅུང་ཙམ་བདས་མོད་རྗེས་མ་ཟིན་པར་ཕྱིར་ལོག ། བཙན་ལྷ་རང་སྒར་དུ་འཁོད་དེ་ཇ་ཆང་ལ་ལོངས་སྤྱོད་བཞིན་དཔའ་དེ་བྱས་ཀྱི་གླེང་མོལ་བྱེད་བཞིན་གནས།

འདིའི་དུས་སུ་སྟག་བློན་ཞལ་དཀར་ལྡན་པའི་དཔུང་དམག་ཉུལ་མར་སོང་བ་ཕྱིར་འབྱོར་མོད། སྟག་གཟིག་རྒྱལ་པོའི་བློར་མ་བབས་ནས་ཞག་བདུན་ཕྲག་གཅིག་ལ་མཇལ་འཕྲད་མ་བྱས་པར་གྲགས། དེ་ནས་སྟག་གཟིག་གི་རྒྱལ་བློན་ཚོས་གྲོས་ལྟར་བཙན་ལྷ་རྡོ་རྗེ་ལ་རྔ་འཕྲུ་ཅན་གྱི་ཁྲི་དམག་ལྔ། གནམ་ལྷ་དཀར་ཆུང་ལ་འཕྲུ་དཀར་ཅན་གྱི་ཁྲི་དམག་ལྔ། གྱད་ཀྱི་མི་ནག་སྟོབས་ལྡན་ལ་འཕྲུ་ནག་ཅན་གྱི་ཁྲི་དམག་ལྔ་སྟེ། ཁྲི་དམག་བཅོ་ལྔ་བུད་དེ་ཟངས་དཀར་མོའི་ཐང་གི་ཕ་མཐའ་ནས་སྤུན་བུའི་གཡག་རྔ་གཡུ་ཤོར་ཟེར་བའི་བར་སྒར་གྲལ་བསྒྲིགས་ཏེ། མཐོ་ནམ་མཁའི་སྐར་ཚོགས་ས་ལ་བབས་འདྲ་བྱས་པ། གླིང་གིས་ཕྱོགས་ནས་མཐོང་སྟེ་རྒན་གཞོན་ཚང་མ་བློ་མི་བདེ་བ་ཞིག་བྱུང་བའི་དུས་སུ་སྟག་རོང་དཔོན་པོས་རྡེའུ་བཞི་བཅུ་ཞེ་གཉིས་ཀྱིས་མོ་ཞིག་བཏབ་པས། གོམ་གསུམ་སྤོས་ན་རྟིང་མ་ནོར་དང་འཕྲད། ཚིག་གསུམ་མི་ལ་བཤད་ན་རྒྱལ་ཁ་ཐོབ་ཟེར་བ་ཞིག་བབས་པས། ཚང་མ་རྟིང་མ་ལེན་དུ་འགྲོ་བར་སྐུལ་བ་ན་སྲས་ལྷ་རྒོད་སྤུན་གཉིས། འདན་སྲས། བློན་ཐེབ་དྲུག ། ནང་བློན་གསེར་ཚ། སྟག་ཚ་ངོ་ལུག ། འབུམ་དཔོན་བཅས་རྗེ་བློན་བདུན་པོས་འཁོར་གསུམ་བསྐོར་ཏེ་ལམ་ལ་བུད་པ། སྟག་གཟིག་སྒར་ནས་མཐོང་ཡང་ཉམས་སྣང་མེད་པའི་ཟོལ་གྱིས་བསྡད། དེར་གླིང་གི་དཔའ་ཆེན་རྣམས་གནམ་ལྷ་དཀར་ཆུང་གི་སྒར་ཐད་དུ་མཆོངས་ཏེ། རོང་སྲས་ལྷ་རྒོད་ཀྱིས་བཙན་ལྷ་ལ་ལོངས་ཤོག་སོགས་དཔའ་འབོད་ཀྱི་གླུ་བླངས་པ་ན། དཀྱིལ་སྒར་ནས་དམག་དཔོན་བཙན་ལྷ་རྡོ་རྗེས་གླུ་དེ་ཐོས་པས་ཞེ་སྡང་གི་མེ་ལྕེ་འབར་བཞིན་འཁོར་གསུམ་བསྐོར། བཙན་རྟ་དམར་པོ་འཁྱུག་ཤེས་ཀྱི་གོང་ལ་བུད་དེ་ཡིན་ལུགས་ཀྱི་ངར་གླུ་བླངས་ཤིང་བཙན་ཞགས་དམར་པོ་གློག་འཁྱུག་གྲུ་ནས་ཕུད་དེ་གཡུག་ཐེངས་གཅིག་གིས་རོང་སྲས་ལྷ་རྒོད་ཀྱི་མགྲིན་པར་བཏབ་པས་གྲི་གཡུགས་ཀྱང་མ་ཆོད་པར་མི་རྟ་ཁ་བྲལ་ལ་ཉེ་ཚེ། འབུམ་དཔོན་ཐོག་རྒོད་འབར་བས་གྲི་གཡུགས་ནས་ཞགས་པ་ལྕགས་ཐག་གི་སིལ་སྒྲ་དང་བཅས་བཅད་དེ། དཔོན་བློན་ཚོས་བཙན་ལྷ་གྲི་རུབ་བྱས་ཀྱང་རྟགས་ཅི་ཡང་མ་ཐོན། སྐབས་དེར་སྟག་གཟིག་གི་དམག་དཔོན་ཐེ་སེ་སྣ་ནག་དེ་འདན་སྲས་ཀྱི་གདོང་ལ་ལངས་ནས་མདའ་འཕངས་ཏེ་གོ་ཁྲབ་སིལ་བུར་གཏོར། འདན་སྲས་ཀྱིས་མྱུར་སྟབས་ངང་མདའ་རྒོད་སྒྲོ་མ་ཞིག་བརྒྱབ་ནས་དེ་ཉིད་དུ་བསད་དེ་དཔོན་བློན་ཚོ་ཐེ་ཚོམ་མེད་པར་སྒར་ལ་མཆོངས། ལམ་ཞབས་སུ་དམག་གསེར་འཕྲུ་ཅན་ལ་སུམ་བརྒྱ་བརླགས། འདིའི་དུས་སུས་འཕང་མ་ཤེས་པའི་མདའ་ཞིག་སྟག་ཚ་ངོ་ལུག་གི་ཕྲག་ཏུ་ཕོག་པས་རྟ་ལས་ལྷུང་སྟེ་འདས། སྐབས་དེར་ཕྱོགས་སོ་སོ་ནས་ཚོད་བཟུང་སྟེ་རང་རང་གི་སར་ལོག། དེ་ནས་ཞག་དྲུག་སོང་བའི་ཉི་མ་དྲོས་ཡོལ་ཙམ་ལ་ནུབ་སྟག་གཟིག་གི་ཤར་གྱི་དམག་དཔོན་དུང་ཁྲི་གནམ་ལྷ་དཀར་ཆུང་དེས་འཁོར་གསུམ་བསྐོར་ཏེ་གླིང་སྒར་གྱི་གཡས་རུའི་ཐད་ནས་གླུ་ལེན་ངག་འགུག་ཅི་ཡང་མེད་པར་ཤར་རྒྱག་གིས་མཆོངས་ནས། དམག་གསེར་འཕྲུ་ཅན་བརྒྱ་ཙམ་བསད་ནས་དཀྱིལ་སྒར་ལ་གདོང་གཏད་དེ་བྱུང་བའི་དུས་སྲས་ལྷ་རྒོད་སྤུན་གཉིས། ངར་རྒོད་གསེར་ཚ་འབུམ་དཔོན་བཅས་རྒོད་ཅིང་ཧྲག་པ་རྣམས་ཀྱིས་ཁོ་རང་བསྐོར་བས་གུར་ནང་ལ་མ་ཤོར། དཔོན་པོ་ཁྲོ་ཐུང་སྐྲག་ཆེ་ནས་ཙན་དན་གྱི་ཁྲི་འོག་ཏུ་གབ་ནས་དབུགས་ལྷེམ་ལྷེམ་བྱས། དེར་ནུབ་ཀྱི་དམག་དཔོན་དེས་དཀྱིལ་སྒར་གཤགས་ནས་དམག་འཕྲུ་དམར་ཅན་སུམ་ཅུ་ཙམ་བསད། དེ་ནས་གཡོན་རུའི་ཐོག་ཏུ་སླེབས་པ་དང་མཉམ་དུ་སྟག་རོང་ཤཱཀྱ་རྒྱལ་མཚན་དེས་འཁོར་གསུམ་བསྐོར་ཏེ་འདོ་བ་གྲོ་ལོ་ཁ་དམར་གྱི་གོང་དུ་བུད་ནས་མདའ་འགྲན་ཡུད་ཙམ་བྱས། དེ་ནས་མདུང་འགྲན་པས་གནམ་ལྷའི་མདུང་དེ་ཅུང་རིང་བས་ཤཱཀྱ་རྒྱལ་མཚན་གྱི་ཕོ་བར་ཐེབས་ཏེ་ཁྲག་དམར་ཤ་རེར་རྟ་ཐོག་ནས་འཕངས་ཤིང་། ད་དུང་དམག་ཁྲོད་དུ་མཆོངས་ནས་འཕྲུ་དཀར་ཅན་མང་པོ་བརླགས་པས་རྟ་འཕུར་ཤེས་ཀྱི་རྐང་བཞི་དམར་པོ་བྱི་རུའི་ཀ་བ་འདྲ་བ་ཞིག་བྱས་ཤིང་། སྒར་མཐར་བུད་དེ་རྗེས་འདེད་ཨེ་ཡོང་སྙམ་བཞིན་གཡའ་མ་སྔོ་ལེབ་ཟེར་བའི་སྤང་རི་ཆུང་ཆུང་ཞིག་གི་ལོག་ནས་བསྒུག་ཏེ་བསྡད། སྐབས་དེར་སྟག་རོང་དཔོན་པོ་ཁྲི་ཞབས་ནས་ཡར་ལངས་ཏེ་ན་རེ། མི་དེ་གར་ཐལ། དམག་ཇི་ཙམ་གྲོན་སོང་། ར་མདའ་མ་སོང་སྡོད་ཐབས་མེད་པས་འབུམ་དཔོན་ཐོག་རྒོད་འབར་བ་ལ་བབས་ཚུལ་གྱི་གླུ་བླངས་པ་ན། འབུམ་དཔོན་ཐོག་རྒོད་འབར་བས་དཔའ་འཁོར་གསུམ་བསྐོར་ཏེ། འདོ་བ་རྨ་བྱ་ཁྲི་དཀར་གྱི་གོང་ལ་བུད་ནས་གློག་འཁྱུག་པ་བཞིན་ར་མདར་མཆོངས་ཚེ་གཡའ་སྔོ་ལེབ་ན་དུང་ཁྲི་གནམ་ལྷས་སྒུག་ཡོད་པ་ལ། ལྕགས་མདའ་ཟངས་སྒྲོ་མ་ཞིག་གཞུ་སྟེང་སྦྱོར་བཞིན་ཡིན་ལུགས་ཀྱིས་གླུ་བླངས་ཏེ་མདའ་འཕངས་པ་དུང་ཁྲིའི་རྨོག་གི་ཕོ་བྱང་ཐ་རེ་གཏོར་བ་ལས་གནོད་ཆེར་མ་ཐུབ། སྐབས་དེར་དུང་ཁྲི་གནམ་ལྷས་ཀྱང་མདའ་འདོན་གཞུ་འདོན་བྱེད་བཞིན་དཔའ་གླུ་བླངས་ཤིང་མདའ་འགྲན་དང་མདུང་འགྲན་བྱས་ཀྱང་ཕན་ཚུན་ལ་རྟགས་མ་ཞོག། མཐར་རལ་ཁ་འགྲན་པ་ན་འབུམ་དཔོན་གྱི་གྲི་ཡིས་གནམ་ལྷའི་ལྟོ་བ་ལ་རྩེ་ཤད་བྱས་པས་རྒྱུ་མ་དྲུད་ཡོང་པ་བྱས་རུང་། ཁོ་བདུད་ཀྱི་བུ་དངོས་ཡིན་གཤིས་དབུགས་མ་ཆད་ནས་གྲི་གཅིག་གཡུགས་པ་འབུམ་དཔོན་གྱི་མཆན་འོག་ལ་ཕོག་པས་རྩིབས་མ་སྒོ་ཕྱེ་བ་ལྟར་བྱས་ཏེ་རྟ་ཐོག་ནས་དཔའ་བོ་གཉིས་པོ་སོ་སོར་ལྷུང་སྟེ་འདས། བྱ་བ་མ་རུང་བ་དེ་གླིང་སྒར་ནས་མཐོང་སྟེ་ལྷ་རྒོད་དཔོན་བློན་མྱུར་དུ་ཕྱིན་ཀྱང་འབུམ་དཔོན་འདས་ཚར་འདུག་པས་གདུང་དེ་སྤང་འབུར་དེའི་འདབས་སུ་པུར་སྦྱང་ལེགས་པོ་དང་། གནམ་ལྷ་དཀར་ཆུང་གི་མགོ་འཕྲུ་རྟ་ཁྲབ་ཁྱེར་ནས་ཕྱིར་སྒར་ལ་ལོག་པ་ལས་ཐབས་མ་བྱུང་ངོ་། །

འདིའི་དུས་སུ་སྟག་གཟིག་དཔོན་བློན་ཚོས་གནམ་ལྷ་ད་རུང་མི་ཐོན་པ་ཅི་ཡིན་ཟེར་བའི་དུས་བཙན་ལྷ་དཔའ་བོ་དེའི་བློ་ཆེར་མ་མདེ་བར་འཕྲུ་དམར་ཅན་སུམ་ཅུ་ཙམ་ཁྲིད་ནས་མྱུར་སྟབས་ངང་སོང་བ་ན། ཉི་མ་རི་རྩེར་འགྲོ་བཞིན་པའི་སྐབས་གཡའ་མ་སྔོ་ལེབ་ཟེར་བའི་འདབས་དེར་སླེབས་ཚེ། བྱ་ཕོ་རོག་མང་པོས་ཤ་སྐད་རྒྱབ་སྟེ་ནག་ཉི་ལེ་འདུག་པ་མཐོང་བས་དེར་ཕྱོགས་མྱུར་བར་སོང་སྟེ་བལྟས་པས། མགོ་མེད་བེམ་པོ་དེ་འཕང་འདུག་པས་སྙིང་ལ་ཚེར་མ་ཟུག་པ་ལྟར་གྱི་སྡུག་བསྔལ་དང་བཅས་སྐད་ཅིག་ལ་གླུ་ལེན་སོགས་ཅི་ཡང་མེད་མེད་པར་གླིང་གཡོན་རུའི་སྒར་ལ་གཏད་དེ་མི་རྟ་མང་པོ་ཆག་ཉིལ་དུ་བཏང་། སླར་ཡང་ཐེ་མི་ཚོམ་པར་གུང་རུའི་སྟག་གུར་ལ་ཤར་རྒྱག་གིས་བྱུང་བར་ལྷ་ཀླུ་གཉན་གསུམ་གྱིས་སྤྲུལ་བ་དཔའ་བོ་སྟག་ཆས་ཅན་བརྒྱ་ཕྲག་ལྷག་གིས་མདའ་མཚོན་གྱི་རྩེ་མོ་ལ་མེ་བང་བ་ཙམ་རེ་མཆེད་པ་མང་པོ་མཐོང་བས་ཁོ་རང་དཔའ་ཆགས། དེ་རིང་གི་རྟིང་མ་དེ་ཙམ་ལས་མི་ཡོང་སྙམ་ནས་རྟ་ཁ་ཕྱིར་བསྐོར་ཞིང་མདུན་རུའི་སྒར་ནས་དམག་འཕྲུ་དམར་ཅན་ལྔ་བཅུ་ཙམ་བརླགས་ནས་སྒར་མཐར་སོན་པ་ན། རོང་སྲས་སྤུན་གཉིས་དང་འདན་སྲས་བཅས་ནས་མདའ་རེ་གཉིས་འཕངས་པས་མི་བཅུ་ཙམ་བསད་པས་ཁོ་མྱུར་སྟབས་ངང་ཕྱིར་སྟག་སྒར་ལ་ལོག་གོ །

ཡང་དེ་རྗེས་ཞག་བརྒྱད་སོང་མཚམས་སུ་སྟག་གཟིག་བློན་ཚོགས་ཀྱི་གྲོས་ལ། གླིང་སྡུག་ཁོ་ཚོས་དཔའ་ཚོད་འཐབ་ལུགས་སོགས་གང་ལ་དཔྱད་ན་ཡང་། ང་རང་བློན་ཚོགས་ཀྱི་སུམ་ཆ་ཙམ་ཡང་མི་འདུག་པས་ཡོངས་སུ་བསྐོར་ནས་གཞི་མེད་བཟོ་ཞེས་གྲོས་འཆམ། ཕྱི་ཉིན་ཉི་མ་ཤར་བ་དང་མཉམ་དུ། དམག་དཔོན་ཆེ་གསུམ་དང་། གེར་ཐུབ་གར་བ་སྐྱ་རིང་། གུང་རྗེ་མེ་སྟག་མཚལ་ལུ་བཅས་བློན་ཆེན་ལྔ་པོ་དེས་རང་ཤོག་ནས་དམག་རྒོད་རྟ་དམག་བཅུ་རེ་ཁྲིད་དེ་ཡོང་བ། གླིང་པ་རྣམས་ཀྱིས་མཐོང་བ་ན། གདོང་མ་བཞི་ཨ་ཁུ་གེ་ཐུང་ནི་སྡོད་པས་ཁྲི་མ་ནོན། འདར་ལྷབ་ལྷབ་ཡོད་པའི་སྐབས་སུ། སྲས་ལྷ་རྒོད་སྤུན་གཉིས། འདན་སྲས་གཡུ་འོད། ངར་རྒོད་གསེར་ཚ་དཔུང་རིང་། སྐྱེ་ཡག་ཉི་མ་རང་ཤར། ཞང་ནེ་འཕྲུལ་གྱི་ལྷ་བློན། འདན་བློན་ཨ་ལོང་མཐེབ་དྲུག། ཁྲི་ཐུབ་དར་མ་རྐང་རིང་རྣམས་ཀྱིས་རང་འཁོར་རྒོད་ཐུབ་བཅུ་རེ་ཁྲིད་དེ་གཡའ་རྫ་གོང་དུ་བསུ་མ་འདྲ་བ་ཞིག་བྱས་ནས་སོང་། སྟག་བློན་ཚོས་གླིང་པ་ཡོང་བ་མཐོང་ནས་འཇམ་ཁྲིག་གེར་བསྡད། དང་པོ་འདན་སྲས་གཡུ་འོད་འབུམ་མེ་མཆོག་ནས་གཞུ་སྟེང་དུ་གཡུ་མདའ་ཕུག་རོན་རྐང་དམར་བཞག་ཏེ་ཡིན་ལུགས་ཀྱི་དཔའ་གླུ་བླངས་ཏེ་འཕངས་པ། གྱད་ཀྱི་མི་ནག་སྟོབས་ལྡན་གྱི་སྙིང་གི་མེ་ལོང་སྟེང་ཕོག་ཏེ་སིང་སྒྲ་བཅས་གཏོར་མོད། ནང་དུ་ཨ་བོན་སྟག་གི་བླ་མའི་དམ་རྫས་གོ་སྲུང་ལྕགས་ཀྱི་ཕ་ཝང་ཟེར་བའི་རིལ་བུ་སྲན་པ་ཙམ་བདུན་ཡོད་པའི་མཐུས་གནོད་ཆེར་མ་བྱུང་། དེ་ནས་མི་ནག་སྟོབས་ལྡན་གྱིས་མདའ་འདོན་གཞུ་འདོན་དང་དཔའ་གཏམ་བཤད་བཞིན་མདའ་འཕང་བྱུང་བ། སྲས་ཆུང་གཡུ་འོད་ཀྱི་མདུན་གྱི་ནུ་མ་གཡོན་པའི་ཐད་དུ་བྱུང་བས་གོ་ཁྲབ་སིལ་བུར་གཏོར་མོད། ནང་དུ་མ་གྲུབ་པའི་རྒྱལ་མོའི་ཚེ་མདུད་ཡོད་པས་བརྟན་ནས་སྐུ་ལུས་ལ་ཅི་ཡང་མ་གནོད། དེར་གཡུ་འོད་འབུམ་མེ་འགྲམ་དུ་གཅར་ནས་གྲི་གཡུག་པས་ཁོས་གྲི་ངོ་མ་ལོན་པར་བྲོས། འདན་སྲས་ཀྱིས་མི་ནག་སྟོབས་ལྡན་ཁྲས་བྱིའུ་བཅུམ་བཞིན་དེད་སྐབས། བཙན་ལྷ་རྡོ་རྗེས་རལ་གྲི་ཕྱར་ཏེ་འདན་སྲས་ཀྱི་གདོང་བཀག། རོང་སྲས་སྤུན་གཉིས་འདན་སྲས་ཀྱི་དཔུང་རོགས་སུ་ཕེབས་ནས་འཐབ། ཀླུ་ཕྲུག་ནེ་ལེ་འོད་དཀར་གྱིས་མདའ་འཕངས་ནས་སྐྱེ་ཡག་ཉི་མའི་ཕྱོགས་ནས་དམག་གསེར་འཕྲུ་ཅན་བཅུ་ཙམ་བརླགས། སྐབས་དེར་དཔའ་སྐྱེ་ཡག་ཉི་མས་མདའ་ཞིག་འཕངས་ཏེ་ཀླུ་ཕྲུག་ནེ་ལེའི་རྟ་བསད་པ་ན། ཁོ་རང་རྐང་ཐང་གིས་མཆོངས་ཏེ་སྐྱེ་ཡག་ལ་གྲི་གཡུག་ཀྱང་གོ་མ་ཆོད། སྐྱེ་ཡག་ཉི་མས་རལ་གྲི་ཤུབས་ཁར་སྤར་བཞིན་ཡིན་ལུགས་ཀྱི་གླུ་བླངས་ནས་གྲི་གཡུག་སྐབས་ཁོ་ཕྱིར་ལྟས་མེད་པར་བྲོས། སྐྱེ་ཡག་རྔམ་སྟབས་སུ་མཆོངས་ཏེ་གྲི་གཡུག་ཐེངས་གཅིག་གིས་ཁོའི་ལག་གཡོན་པ་སར་གཡུགས། ད་དུང་ཁོ་ཕར་བྲོས་སྐབས་རྒྱལ་སྲས་མ་ཎི་ཀ་རས་མདའ་ཞིག་བཏང་བ་ཀླུ་ཕྲུག་གི་སོག་ཕྲག་ཏུ་ཕོག་ཏེ་བསད། འདིའི་དུས་གསེར་ཚ་དཔུང་རིང་ལ་གེར་ཐུབ་གར་པ་སྐྱ་རིང་གིས་གྲི་བརྒྱབ་ནས་རྨས། གསེར་ཚ་གེར་ཐུབ་གར་པ་ལ་འཐམས་ནས་གཉིས་ཀ་རྟ་ལས་ལྷུང་ཉེ་དུས་གུང་རྗེ་མེ་སྟག་མཚལ་ལུས་གསེར་ཚ་ལ་མདུང་བརྒྱབ་ནས་བཀྲོངས་པར་གདའ། དེར་དམག་མང་རྣམས་ལས་གླིང་པ་རྒྱལ་ཞིང་སྟག་གཟིག་གི་དམག་ཕྱེད་ཙམ་བཅོམ། གླིང་ཤོག་ནས་རྟ་དམག་བཅོ་ལྔ་ཙམ་གྲོན་པ་ན་སྟག་བློན་རྣམས་ཀྱིས་དཔའ་ཚོད་བཟུང་སྟེ་བསྡད། སྲས་ལྷ་རྒོད་སྤུན་གཉིས་དང་འདན་སྲས་གསུམ་གྱིས་དཔའ་ཚོད་མི་འཛིན་པར་མདའ་མཚོན་ཅི་རིགས་ཀྱིས་མི་མང་བསད་སྐབས། ཞང་ནེ་སྤྲུལ་བློན་གྱིས་ཆིབས་ཁ་ནས་ཚུར་སྐོར་ཏེ་དཔའ་ཚོད་འཛིན་བཅུག་ནས་སོ་སོའི་སྒར་ལ་ལོག། འདིའི་དུས་གླིང་སྟག་རོང་གི་སྒར་ནས་གྲོས་ཚོགས་སྐབས་ཞིང་ནེ་འཕྲུལ་གྱི་ལྷ་བློན་གྱིས་དཔའ་བོ་མི་དྲུག་འདས་པའི་ཆག་སྒོ་དང་ཕྱིས་སུ་སྟག་གཟིག་གི་ངོ་ལོན་དཀའ་ཕྱིར། ད་ནི་མྱུར་དུ་རྒྱལ་པོ་གེ་སར་ལ་སྙན་ཞུ་འབུལ་དགོས་ལུགས་ཀྱི་གླུ་བླངས་པ་ན། སྟག་རོང་ཁྲོ་ཐུང་གིས་རྨ་བྱས་དབྱར་རྔ་ཐོས་པ་ལྟར་དགའ་ནས་སྟག་གཟིག་ལ་ཡ་བོ་མི་ཟིན་ཚུལ་དང་། བློན་ཞང་ནེའི་བློ་ལྟར་མྱུར་དུ་གླིང་ལ་སྙན་ཞུ་དགོས་ལུགས། སྙན་ཞུ་འབུལ་མཁན་ལ་ཡང་བློན་ཞང་ནེ་ལ་དཔའ་རོགས་གཉིས་བཅས་སྒྲིབ་ཤིང་གིས་གཡོགས་ཏེ་འགྲོ་དགོས་ཞེས་ཐག་བཅད་དེ། བང་མི་གསུམ་པོ་སྐྱེས་དར་རྫོང་བ་བཅས་སྒྲིབ་ཤིང་གི་ནུས་པས་བཀབ་ཏེ་མི་སུས་ཀྱང་མི་མཐོང་བར་བྱས་ནས་མངགས།

འདིའི་དུས་སུ་ནུབ་སྟག་གཟིག་རྒྱལ་བློན་གྱིས་དམག་སྟོན་བྱས་པ་དང་། རྒྱལ་པོ་ཆེན་པོས་ཤེས་གསལ་དང་སྟོང་ཁྲི་སོགས་སྔར་འདས་རྣམས་དང་། གནམ་ལྷ་དང་ནེ་ལེ་སོགས་ཉེ་ཤི་རྣམས་ཀྱི་ཆེད་དུ་སྒྲུབ་གནས་དཔལ་གྱི་དགོན་པའི་བོན་གྱི་བླ་མ་མཆེད་བཞི་ལ་གསེར་སྒོར་མོ་རེ་རེས་ལམ་སྟོན་ཞུས། དེ་ནས་ཤར་སྟོང་སྡེ་ལྔ་ཡི་དཔོན་པོ་ལ་ཞལ་དཀར་ལྡན་པ་དང་། བྱང་སྟོང་སྡེ་ལྔ་ཡི་དཔོན་པོ་ལ་གུང་རྗེ་མེ་སྟག་མཚལ་ལུ་གཉིས་བཀོ་བཞག་མཛད་ནས་གཡུལ་འཐབ་སོགས་ལ་བློན་ཆེན་ཚོས་གྲོས་མཛོད་ཅེས་ཐག་གཅོད་མཛད། དེར་ཞག་བརྒྱད་ཙམ་ལ་སྟག་གླིང་གཉིས་པོ་ཕར་དགྲ་ཚུར་གཤེད་མེད་པའི་ངང་དེར་བསྡད། ཞག་དགུ་སོང་བ་ན་སྟག་གཟིག་གི་བློན་ཆེན་བཞི་པོས་བཀའ་གྲོས་ལ། ངེད་རང་དམག་དཔོན་བཞི་ལ་ཁྲི་དམག་རེས་བསྐོར་ནས་གླིང་སྒར་གྱི་ཤར་ལྷོ་ནུབ་བྱང་ཁོར་ཡུག་ནས་བསྐོར་ཏེ་གླིང་རྣམས་གཅིག་ཀྱང་མ་ལུས་པ་བྱས་ནས་གསོད་ཅེས་བཤད་པ་ན། བཙན་ལྷས་མོ་མ་སྤྲེ་སེ་སྣ་ནག་ལ་མོ་ཞིག་བཏབ་ན་མི་ལེགས་སམ་ཟེར་ནས་མོ་བཏབ་བཅུག་ཚེ། ཡུལ་ལྷ་རྨ་རྒྱལ་སྤོམ་ར་གཡུ་སྦྲང་གསེར་གྱི་གཤོག་པ་ཅན་ཞིག་ཏུ་སྤྲུལ་ནས་ཇུ་ཐིག་སྟེང་བབས་ཏེ་མོ་བསྒྱུར་བས། དཔུང་དམག་གཡུལ་ལ་མ་དྲོངས། སེང་དཀར་མོ་གངས་ནས་ལྷུང་། ཇག་ཆུང་དཔུང་གདང་བསྒྲིག་ན། རྟིང་མ་རིམ་གྱིས་ལོན་ཡོང་ཞེས་བབས་པ་ན། དཔུང་ཆེན་གྱི་བཀོད་སྒྲིག་དོར་ཏེ་ཞག་བཅུ་གཅིག་གི་གོང་ཐོག་ཏུ་ནུབ་ཀྱི་བཙན་ལྷ་དང་། བྱང་གི་གུང་རྗེ། ཤར་གྱི་ཞལ་དཀར་གསུམ་པོས་དཔུང་བསྒྲིགས་ཏེ། གོ་འཛོམས་གྱི་ལེར་གླིང་ཕྱོགས་སུ་ཆས་པ་ན། ཉི་མ་ཤར་བ་དང་ལྷན་དུ་སྲས་ལྷ་རྒོད་ཀྱི་དཔུང་ཤོག་ནས་བཅུ་དཔོན་ཞིག་ལ་ཤར་གྱི་རྨ་རྒྱལ་སྤོམ་ར་ཡིན་ཟེར་བ་ཞིག་བབས་ཏེ། དེ་རིང་སྟག་གཟིག་དམག་དཔོན་ཆེན་པོ་རྣམས་དཔུང་བསྒྲིགས་ནས་ཡོང་བས། སྟག་རོང་ཁྲོ་ཐུང་གིས་རྫུ་འཕྲུལ་ཞིག་གིས་འགྲན་མ་ནུས་ན་ཉི་ཟླ་ཐང་ལ་ལྷུང་ཟེར་བ་ཡོད་པས་ཡིད་ལ་ཟུང་ཟེར། དེར་ཐམས་ཅད་སྐྲག་ནས་འཕྲུལ་གང་འདྲ་དགོས་ཞུས་པས། གཡག་གི་ངར་སྒྲ་ཞིག་རྒྱབ་ནས་ལྷ་བབས་པ་དྭངས་སོང་། དེར་སྟག་བློན་གསུམ་པོ་ཡོང་བ་མཐོང་མ་ཐག་སྟག་རོང་ཁྲོ་ཐུང་རྒྱལ་པོ་འབྲོང་གཡག་ནག་པོ་འཇིགས་སུ་རུང་བ། ཆེ་ཆུང་རི་ཕྲན་ཙམ་ཞིག་ལ་སྤྲུལ་ཅིང་གླིང་སྒར་གཡོག་ཐུབ་པ་ཞིག་བྱས་ཏེ་བསྡད་པ་ན། སྟག་བློན་རྣམས་ཉེ་གཅར་སྐབས་བཙན་ལྷས། འབྲོང་གཡག་འདི་འདྲ་ཞིག་རྩ་བ་ནས་ཡོད་མི་སྲིད། ལྷ་འདྲེའི་ཆོ་འཕྲུལ་ཡིན་ངེས་པས་ང་ཚོས་མདའ་རེ་འཕེན་ཟེར་བའི་ཚེ། འབྲོང་གཡག་གིས་རྔ་མ་འཕྱར་ནས་ངར་སྒྲ་ས་འདར་བ་ཙམ་གྱིས་ཁོ་ཚོའི་མི་རྟ་རྣམས་ཐ་རེར་གཏོར། ཁོ་ཚོས་མདའ་རེ་གཉིས་འཕང་ཡང་འགུལ་ཙམ་ཡང་མ་ཐུབ། དེ་ནས་དམག་དཔོན་བཙན་ལྷ་ཉེ་བར་གཅར་ནས་གྲི་ངར་ཆེན་གྱིས་བཏབ་མོད། བར་སྣང་སྟོང་བར་གཡུག་པ་ལྟར་སོང་། དེ་ནས་འབྲོང་གཡག་དེས་ངར་སྒྲ་བཏོན་ཏེ་ཁོ་ཚོའི་སྟེང་དུ་མཆོངས་པས། གུང་རྗེ་མེ་སྟག་མཚལ་ལུ་དེ་རྔམས་སྟབས་སུ་བྱུང་བར་རྟ་མེ་རི་འཚུབ་ཤེས་དེ་རྭ་གཡས་པའི་རྩེ་ལ་བཟེད་ནས་མི་རྟ་ཕྲལ་ཏེ་སར་གཡུགས་པ་ན། ཁོ་ཚོ་དཔའ་ཆགས་ཏེ་སྟག་སྒར་དུ་ཐལ་ཚུབ་ཕྱུར་རེར་བྲོས་སོང་ངོ་། འབྲོང་གཡག་ཀྱང་ཕྱིར་ལོག་སྟེ་སྤྲུལ་བ་བཤིགས་ནས་ལྷ་སྒར་ལ་ཐོན། གླིང་བ་རྣམས་ཀྱིས་སྟག་རོང་དཔོན་ཁྲོ་ལ་གཟེངས་བསྟོད་ཕུན་སུམ་ཚོགས་པ་བྱས་པར་གདའ་འོ། །

འདིའི་དུས་གླིང་རྗེ་སྐྱེས་བུ་ཆེན་པོས་སྟག་རོང་གི་གནས་ཚུལ་ཐམས་ཅད་མཁྱེན་ཏེ། གླིང་དཀར་ཚོ་བ་དྲུག་གི་དཔོན་བློན་ཆེ་ཤོས་དག་གྲོས་ལ་བསྡུ་བཞིན་པའི་དུས། སྟག་རོང་གི་བང་མི་ཞང་ནེ་འཕྲུལ་གྱི་ལྷ་བློན་ངོ་གཡོག་ཀྱང་། རྒྱལ་མཆོག་དམ་པའི་མདུན་ལ་བཅར་ནས་སྟག་གླིང་དམག་གི་གཡུལ་འཁྲུག་བཞིན་པ་དང་། གླིང་དཀར་དཔའ་བོ་མི་དྲུག་ཤོར་ཚུལ་རྒྱུ་མཚན་གླུ་ཞུས་མཛད་ཚེ། རྒྱལ་མཆོག་དམ་པའི་ཞལ་ནག་ལྷུང་ངེར་གྱུར་ཏེ་སྟག་རོང་དཔོན་དང་ཞང་ནེ་འཕྲུལ་བློན་ལ་བཀའ་བཀྱོན་དང་བཅས། གླིང་ཕྱི་ནང་རྒྱལ་ཁག་སོ་སོའི་དམག་ཆེན་མྱུར་དུ་བསྡུས་ཏེ་ལྷ་སྲས་དགྲ་བླས་སྤྱི་ཁྱབ་མཛད་ནས་སྟག་གཟིག་ནོར་རྫོང་ཕབ་དགོས་ལུགས་དམག་བཀོད་དང་བཅས་པའི་བཀའ་ཁྱབ་གླུ་རུ་བླངས་པ་ན། ལྷ་སྲས་དགྲ་བླ་རྩེ་རྒྱལ་གྱིས་རྒྱལ་མཆོག་དམ་པ་ཕེབས་མ་ཐུབ་ཚེ་རྟིང་མ་ཡོང་བ་དཀའ་སྙམ་ནས་མེ་ཐང་གོང་བ་མི་གཤོག་ལུགས་དང་། སྟག་གཟིག་ལ་ཡ་བོ་དཀའ་ཚུལ་ཡར་ཞུའི་གླུ་ཕུལ་སྐབས། ཁུ་བོ་སྤྱི་དཔོན་རྒྱལ་པོ་དེས། སྤྱིར་མེ་ཐང་བཅོ་བརྒྱད་གཤོག་པ་ལ་རྟ་རྐྱང་རྒོད་དང་མུ་སྟེགས་སྟག་གཟིག་རྒྱལ་པོ་འདུལ་མཁན་ལ་གླིང་རྗེ་རྒྱལ་མཆོག་ལས་མེད་ཀྱང་། གནས་སྐབས་དགྲ་བླ་རྩེ་རྒྱལ་གྱིས་དམག་གི་སྤྱི་ཁྱབ་མཛད་དེ་མྱུར་དུ་དམག་མ་བསྐྱོད་ན་སྲས་ཆུང་སྤུན་གཉིས་སོགས་ལ་བར་ཆད་ཆེ། ལོ་ངོ་གསུམ་གྱི་མཚམས་སུ་རྒྱལ་མཆོག་དམ་པ་ཕེབས་ཐུབ་ངེས་ཞེས་གླུ་བླངས་པ་ན། དཔོན་བློན་ཚང་མས་སྤྱི་དཔོན་གྱི་གླུ་ལ་བདེན་ཁ་ཡོད་པར་རྟོགས་པ་དང་། ལྷ་སྲས་དགྲ་བླ་ལ་ཡང་ཅི་ཞུ་མ་ལྷག་པར་དེ་ལྟར་བྱེད་རྒྱུ་ཐག་བཅད་དོ། ། ཉི་མ་དེ་ཡི་ཕྱི་ཉིན་ནས་ཧོར་ཤན་པའི་དམག་འགུག་པར་རྒྱ་སྤྲང་ཕྲུག་སྲོ་མ་བཛྲ་བཏང་། བྱང་ཨ་སྟག་ཀླུ་མོའི་དཔུང་འགུག་པར་མི་དར་སྟག་གཡུ་བཏང་། མོན་དུང་སྐྱོང་གི་མདུན་སར་མུ་པའི་ཤེལ་དཀར་རྒྱང་གྲགས་མངགས། འཇང་ཡུལ་ལ་ཨ་གེ་ཚངས་པའི་ངོ་ལུག་སོང་། གཞན་གླིང་ཡུལ་སྟོད་སྨད་བར་གསུམ་གྱི་དཔོན་མགོ་སོ་སོའི་སར་ཡིག་འཕྲིན་བྱིའུ་ཁྱུ་འཕུར་འཕུར། བང་ཆེན་རི་དྭགས་ཞོག་ཞོག་བྱས་ནས་སྟག་གཟིག་ནོར་རྫོང་འབེབས་པའི་དམག་བསྡུ་དགོས་ལུགས་ཆ་བཏང་། ཧོར་ཤན་པ་རྨེ་རུས་སྲོ་མ་བཛྲ་ལ་དམག་འགྲོ་ལ་དགོངས་ཞུ་དགོས་ཚུལ་གླུ་ལེན་གླུ་སྐོར་མང་ཙམ་བྱས་ཀྱང་མཐར་རྒྱལ་པོའི་བཀའ་གཉན་ཕྱིར་སྡོད་མ་ཕོད་པ་དང་། དེ་བཞིན་འཇང་དང་མོན་ནག་པོ་བདུད་སོགས་ཕྱོགས་སོ་སོའི་བཀའ་བློན་རྣམས་ཀྱིས་དམག་བསྡུ་དམག་བཀོད་ཀྱི་གླུ་ལེན་གླུ་སྐོར་དང་བཅས་རིམ་བཞིན་ལམ་ལ་བུད་པའི་དུས། གླིང་ཡུལ་ནས་གདོང་འབུམ་པའི་ལྷ་སྲས་དགྲ་བླ་རྩེ་རྒྱལ་མཆོག་དཔའ་རྔམ་བརྗིད་གླིང་རྗེ་གེ་སར་རྒྱལ་པོ་ཉིད་དང་དབྱེར་མི་འབྱེད་པ་ཞིག་མཛད་པ་ལ། དཔའ་བརྟུལ་བློན་ཚོགས་ཀྱི་དཔུང་སྐར་ཚོགས་ལྟ་བུའི་རྣམ་པས་བསྐོར་ཏེ། ནུབ་སྟག་གཟིག་གི་ཕྱོགས་ལ་དམག་འགྲོའི་དུས་ལ་བབས་པའི་ཚེ་གླིང་གི་མ་སྲུ་ཕ་ཁུ་རྒན་རབས་རྣམས་ཀྱིས་ཁ་གཡང་སྐྱེལ་ཞུས་དང་། ལྷག་པར་དུ་སེང་ཆེན་ལྷ་ཡི་བླ་མས་སྐུ་ཚབ་ཚ་བོ་དགྲ་བླ་རྩེ་རྒྱལ་ལ་ཨོ་རྒྱན་པདྨའི་པད་ཞུ། གྲུབ་པའི་རྒྱལ་མོའི་ཚེ་མདུད། རྗེ་སངས་རྒྱས་སྟོང་གི་དབུ་ལོ། དཔའ་དགྲ་ལྷའི་ཚེ་གོས་སྨུག་པོ། གེར་མཛོའི་ལྷ་དར་ཁྲ་མོ། དངོས་མེད་ལྷ་འདྲེ་འཆིང་བའི་ཞགས་པ་བཅས་དང་། གཞན་དཔའ་བརྟུལ་རྣམས་ལ་སྲུང་བ་བྱིན་རླབས་རྒྱ་ཆེན་དང་ཞལ་གདམས་ལྷ་སྲུང་ལ་འཕྲིན་བཅོལ་སོགས་རྟེན་འབྲེལ་གྱི་གླུ་རྡོ་རྗེའི་མགུར་གླུ་ལ་དྲངས་ནས་ཞིབ་རྒྱས་བསྩལ། ལྷ་སྲས་དགྲ་བླས་ཀྱང་རྟེན་འབྲེལ་མི་དམན་པའི་སྐྱབས་འཇུག་གི་གླུ་ཞུས་དང་། མ་ཡར་སེང་ལྕམ་འབྲུག་མོ་སོགས་མ་སྲུ་རྣམས་ཀྱིས་རྟེན་འབྲེལ་གྱི་སྐྱེམས་ཞུས་ལམ་འཇུག་གི་སྨོན་ལམ་དཀར་པོ་བྱས་པར་གདའ་འོ། །

དེ་ནས་མཆུ་ཟླའི་ཚེས་བཅུ་ལ་ཡུ་མོ་འཇང་ཐང་དུ་མོན་འཇང་གི་དམག་སྔོན་ལ་སླེབས། དེ་མཚམས་ཧོར་བདུད་གཉིས་ཀྱི་དཔུང་འབྱོར་ནས་དཔོན་མགོ་སོ་སོས་ལྷ་སྲས་ལ་མཇལ་འཕྲད་དང་། རྒྱལ་ཁག་སོ་སོས་རིན་པོ་ཆེའི་རིགས་བསམ་མི་ཁྱབ་པས་དངོས་འབུལ་བཅས་གསུང་གླེང་མཛད། འབུམ་པའི་དགྲ་བླ་རྩེ་རྒྱལ་གྱིས་སྟག་རོང་དཔོན་པོའི་བྱ་བཞག་གིས་དྲངས་སྟག་གླིང་བར་གྱོད་དོན་བྱུང་ལུགས་དང་། མི་རིང་བར་སྟག་གཟིག་ནོར་རྫོང་འབེབས་དགོས་ཚུལ། འཕར་བུད་ཀྱི་དཔུང་ཆེན་འབུམ་དམག་བཅོ་ལྔའི་ཁྱོན་གྲངས་དེ་སྟག་གཟིག་སྙེ་མོ་གཡུ་ཐང་ལ་འབྱོར་ཚེ། འབུམ་པའི་དཔུང་གི་དབུས་སྒར་བྱས་པའི་གཡས་རུ་སྟོད་གླིང་གསེར་བ། གཡོན་རུ་བར་གླིང་འོམ་བུ། མདུན་རུ་སྨད་གླིང་མུ་སྤྱང་རྣམས་ལ་ཚ་ཞང་ཤོག་ཆེན་དང་སྒ་འབྲི་རོང་གསུམ་གྱི་གཤམ་མཐུད་དང་། གུ་གེ་རོགས་ཆུང་ཡ་གོང་དུ་མོན་འཇང་གཉིས་ཀྱི་སྒར་དང་། ཨུཏྤལ་སྔོན་པོའི་དར་ཐང་ལ་ཧོར་བདུད་ཀྱི་འབུམ་སྒར་འདེབས་དགོས་ལུགས་རུ་བཀོད་ཀྱི་བཀའ་ཁྱབ་བསྒྲགས་ཚེ། རུ་ཁག་དཔོན་མགོ་སོ་སོས་ལགས་སོ་བརྗོད་དེ་གླིང་དཀར་པོའི་འབུམ་དཔུང་དེ་ཉིན་མཚན་ལྟོས་མེད་ཀྱིས་བཤར་ནས་སྙེ་མོ་གཡུ་ཐང་དང་། གུ་གེ་རོགས་ཆུང་། ཨུཏྤལ་དར་ཐང་སོགས་སུ་ལྷ་སྲས་དགྲ་བླའི་ཐུགས་བཀོད་བཞིན་གནམ་ཨ་སྔོན་གྱིས་མི་ཁེབས་ཡི་ཐང་ཆད་ལེ། ས་དོག་མོས་མ་ཐེག་མཁུར་སྒྲ་ཤོར་ལེ་ཞིག་བྱས་ནས་བརྗིད་ཤིགས་སེ་མནན་པ་ན། ཨ་ཁུ་སྟག་རོང་ཁྲོ་ཐུང་གི་སེམས་བྱ་རྨ་བྱས་དབྱར་རྔ་ཐོས་པ་ལྟར་དགའ་བའི་གླུ་དང་བཅས། ཞྭ་ཐོབ་སོགས་ལེགས་སྤྲས་ངང་རོང་སྲས་སྤུན་གཉིས་སོགས་ཁྲིད་དེ་ལྷ་སྲས་དགྲ་བླ་དཔོན་འབངས་ལ་མཇལ་ཁ་ཞུ་རུ་ཕེབས་ཏེ། ཤི་གསོན་ངོ་ཐུག་པ་ལྟ་བུའི་དགའ་སྤྲོས་ངང་མཇལ་དར་བཏང་ཞིང་གསུང་གླེང་ལོ་རྒྱུས་ཞིབ་རྒྱས་མཛད་པ་དང་། དགྲ་ཕར་འདུལ་གྱི་ལས་ལ་བཀའ་གྲོས་བྱེད་མུས་ངང་བཞུགས་པར་འདའ་འོ། །

འདིའི་དུས་སྟག་གཟིག་ཡུལ་གྱི་དཔོན་བློན་རྣམས་སྦྲ་རི་སྨུག་པོ་སྟོང་ཤོང་དུ་འཛོམས་ཏེ་བློ་མི་བདེ་ཧབ་ཧབ་ངང་ཅི་དགོས་གང་དྲག་གི་གྲོས་ལ་བརྩོན་སྐབས། དམག་དཔོན་བཙན་ལྷ་རྡོ་རྗེ་དེས་རྒྱལ་པོ་ལ་རང་རེས་སོ་སྲུང་གིས་སྐད་ཅིག་ཙམ་ལ་ཡང་མ་བརྟེན་པར་གླིང་དམག་འདི་འདྲའི་གཞི་རྒྱ་ཆེན་པོ་ཞིག་སླེབས་ནས་སྐོར་ཚར་འདུག ། ད་དགྲ་ལན་སྤྲོད་ལུགས་ཀྱི་བཀའ་ཁྱབ་གནང་བར་མཛོད་དང་ངེད་ཅག་བློན་པོ་སོ་སོ་ནས་སྒྲུབ་ངེས་ཞུས་ཚེ། རྒྱལ་པོ་ཡང་ཁྲོས་པའི་ངང་བཙན་ལྷ་བདེན་ཟེར་བཞིན། ད་ནི་དགྲ་ལན་སྤྲོད་དགོས་པས་སྙེ་མོ་ཐང་དང་བླ་མཚོ་གུ་གེའི་ཕྱོགས་སུ་བཙན་ལྷ་དང་། འདམ་ཆུ་དམར་པོའི་ཚུར་མཐར་གུང་རྗེ་མེ་སྟག་མཚལ་ལུ། སྟག་རོང་གི་དཔུང་ཐད་དུ་ནང་བློན་ཞལ་དཀར་ལྡན་པ་བུད་རྒྱུ་དང་། བཙན་ལྷ་ནམ་མཁའ་ཐོག་རྒོད་ཀྱིས་གཡུ་ཤོད་སྔོན་མོའི་རི་ཕུག་སྲུང་རྒྱུ། སྲས་ཆུང་ཁྲ་རྒོད་ཟླ་བ་ལ་དཔའ་ཡང་དག་བློན་ཆེན་མི་དྲུག་ནམ་དགོས་དུས་ལ་ཟུར་འབུད་དགོས་ལུགས་ཀྱི་བཀོད་ཁྱབ་མཛད་པ་ན། ཕྱི་ནང་གི་བློན་པོ་དྲག་ཞན་ཚང་མས་རྒྱལ་པོས་དམག་བཀོད་ལྟར་རང་རང་གི་དཔུང་དང་བཅས་གླིང་སྒར་གྱི་ཉེ་སར་བཅར་ནས་སྒར་གྲལ་བསྒྲིགས་ནས་བྱུང་། དང་པོ་གླིང་སྒར་ནས་བློན་འདན་མ་དང་། དཔའ་ལྷ་སེང་སྟག ། མོན་ཕྲུག་ཟླ་བ་ཁྲབ་བཙན་སོགས་སྟག་གཟིག་བཙན་ལྷའི་སྒར་ལ་མཆོངས་ནས་འཕྲུ་དམར་ཅན་ལ་བརྒྱ་ཙམ་ཆག་ཉིལ་དུ་བསད་པའི་སྐབས། དམག་དཔོན་བཙན་ལྷ་རྡོ་རྗེ་རྟ་གོང་ལ་ཐོན་ནས་མདའ་དྲུག་འཕངས་པས་ཆུང་རྒྱུད་འབུམ་པའི་ཤོག་ནས་དམག་འཕྲུ་དཀར་ཅན་ལ་སུམ་ཅུ་ཙམ་བསད་བྱུང་སྐབས། བློན་ཚ་ཞང་འདན་མ་བྱང་ཁྲས་གཞུ་སྟེང་དུ་མདའ་སྤྲད་དེ་འདུན་མ་གཏམ་མཁན་ཡིན་ཟོལ་གྱིས་གླུ་བླངས་པ་ན། བཙན་ལྷའི་རྣར་མ་བབས་ཏེ་གླུ་ལན་བཅས་མདའ་འཕངས་པ་འདན་མའི་བྲང་ལ་ཕོག་ཀྱང་། དགྲ་ལྷའི་ཚེ་གོས་ཀྱིས་བརྟན་ནས་སྐུ་ལུས་ལ་གནོད་མ་བྱུང་བར་ཕྱག་མདའ་འཕྲལ་དུ་འཕངས་པ་བཙན་ལྷའི་བྲང་ལ་ཕོག་ཀྱང་དབང་ཐང་མ་རྫོགས་སྟབས་ཅུང་ཟད་ལས་མ་གནོད། དེར་བཙན་ལྷས་མདུང་བསོར་ནས་མཆོངས་ཚེ་མོན་ཕྲུག་ཟླ་བ་ཁྲབ་བཙན་གྱིས་རལ་གྲི་དུག་ལྕེ་ངར་མ་གཡུག་ཐེངས་གཅིག་གིས་བཙན་ལྷའི་མདུང་སྐེ་དུམ་མེར་བཅད། བཙན་ལྷས་མྱུར་སྟབས་ངང་དཔའ་དམ་ཕུད་དེ་ཁོང་གསུམ་གྲི་འཐབ་ཡུད་ཙམ་བྱས་ཀྱང་ཕམ་རྒྱལ་མ་བྱུང་། འདིའི་དུས་གཡོན་ཟུར་ནས་གྱད་མི་བཙན་རྗེ་ཁ་ཤྭ་དེས་གླིང་དམག་སུམ་བཅུ་བརླགས་ནས་བྱུང་སྐབས། དར་རྗེ་ཁྱུང་རྒྱལ་སེང་སྟག་གིས་ཆིབས་སྟོང་རིའི་ཁ་རུ་དཀྲུགས་ནས་ཁོའི་གདོང་དུ་བུད་པ་ན། གྱད་མི་ཁོས་དཔའ་ཧང་བའི་ངང་ནས་དཔའ་གླུ་བླངས་ནས་འཕྲུལ་མདུང་འུར་རྡོ་བསྐོར་བ་ལྟར་ལན་གསུམ་གཡུག་སྟེ་འཕངས་བྱུང་བས། སེང་སྟག་གི་ཕྲག་པ་གཡོན་པའི་ཐོག་རླུང་ལྟར་ཕོག་ནས་བྱང་བུ་ཐ་རེར་བཏང་བྱུང་བ་ན། སེང་སྟག་གིས་ལེབ་ཆེན་ཤུབས་ཁར་སྤར་བཞིན་གླུ་ལན་བཅས་གྲི་གཡུག་ཐེངས་གཅིག་གིས་ཁོའི་མགོ་བོ་རྨོག་དང་བཅས་སར་གཡུག་ནས་བཏུལ་ཏེ་དམག་ཕྱིར་འཐེན་པའི་བརྡ་དང་བཅས་སོ་སོ་གྱེས་སོ། །

ཡང་མོན་འཇང་གཉིས་ཀྱི་དཔུང་རྒོད་མི་ནག་སྟོབས་ལྡན་གྱི་སྒར་ལ་གཏད་ནས་སོང་སྟེ། ཕྱོགས་བཞི་ནས་ཨ་ལོང་ལྟར་བསྐོར། ལྷོ་ཕྱོགས་ནས་འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་དང་། ཤར་ནས་དུང་སྐྱོང་སྟག་ལྷ་ཁྲི་དཀར། བྱང་ནས་འཇང་ཁུ་བྱུག་པདྨ་ཉི་གྲགས། ནུབ་ནས་གུང་རྗེ་ཨ་བརྟན་རྣམས་རྦབ་རྒོད་ཐང་ལ་འགྲིལ་འགྲིལ་གྱིས་ལྕེབས་ཏེ་ཤི་བསད་ཁྲག་གི་འཁོར་ལོ་བསྐོར་སྐབས། གྱད་ཀྱི་མི་ནག་སྟོབས་ལྡན་གྱིས་ཀྱང་འཇང་དམག་མང་པོ་ཆག་ཉིལ་དུ་བསད་དེ་ཡ་བྱས། དང་པོ་གཡུ་ལྷ་ཐོག་འགྱུར་མི་ནག་སྟོབས་ལྡན་གྱི་གདོང་དུ་བུད་ནས་གླུ་ལེན་དང་བཅས་མཆོངས་པས་མི་ནག་སྟོབས་ལྡན་གྱིས་གླུ་ལན་འདེབས་ལོང་མ་བྱུང་བར་འཕྲལ་དུ་གཡུ་ལྷ་ལ་མདུང་གིས་བསྣུན་ཀྱང་སྲུང་བས་མ་གནོད། གཡུ་ལྷས་གྲི་གཡུགས་ནས་མདུང་སྐེ་བཅད། དེ་ནས་གྲི་འགྲན་ཇ་ཡུན་ཙམ་ལ་བྱས་ཀྱང་ཕན་ཚུན་ལག་རྟགས་མ་ཞོག་ནས་གྱེས། ཡང་དུང་སྐྱོང་དཔོན་དང་གེར་ཐུབ་གར་པ་སྐྱ་རིང་གཉིས་ཐུག་པས་གེར་ཐུབ་ཀྱིས་མདའ་གཉིས་འཕངས་ཏེ་དུང་སྐྱོང་གི་རྟའི་ཁ་རུ་གཡས་པ་དང་ཁྲབ་ཀྱི་བྱང་བུ་གཏོར། དེར་གླུ་ལེན་གླུ་སྐོར་བཅས་གྲི་འགྲན་ཡུན་རིང་བྱས་མཐར་གེར་ཐུབ་བྲོས། དུང་སྐྱོང་གིས་འདོ་བ་དུང་བྱ་རྣ་ཁྲའི་བང་ལ་རྟེན་ནས་བདས་ཤིང་གྲི་བརྒྱབ་ཏེ་གེར་ཐུབ་བསད། སྐབས་དེར་གྱད་མི་སོག་པོ་འབུམ་ཐུབ་དེས་སོག་རྟ་རག་པ་གཏེར་མདོག་གི་གོང་ནས་གནམ་ལྕགས་ཀྱི་རྩེའུ་ལེབ་ཆེན་དེ་ཕྱར་ནས་འཁོར་རང་འདྲ་དགུས་བསྐོར་ཏེ་འཇང་དཔུང་གི་ཁྲོད་དུ་མཆོངས་ཡོང་ཚེ། འཇང་མེ་ཉག་ཆོས་ཀྱི་དབང་ཕྱུག ། བརྒྱ་དཔོན་ཨ་བསེ་ཐོག་རྒྱལ། དཔའ་བོ་གུང་རྗེ་ཨ་བརྟན་གསུམ་གྱིས་ཡིབས་སྒུག་བྱས་ནས་གྱད་མི་ཚོ་ཉེ་སར་ཐོན་པ་དང་འཇང་མི་གསུམ་པོས་མདའ་རེ་འཕངས་པས། གྱད་མི་སོག་པོ་འབུམ་ཐུབ་དང་། སྟོང་ཁྲི་འབུམ་མིག། བྱང་རྗེ་ཨ་ནུ་ཁྲབ་གཤོག་གསུམ་ལ་ཕོག་ནས་སོ་སོ་རྟ་ཐོག་ནས་ལྷུངས། སྐབས་དེར་གྱད་མི་འཕྲོས་རྣམས་ཉེ་བར་བཅར་ནས་བྱུང་བ་ན། འཇང་མེ་ཉག་ཆོས་ཆོས་ཀྱི་དབང་ཕྱུག་གིས་དཔའ་དམ་ཕུད་ནས་ཡིན་ལུགས་ཀྱི་གླུ་བླངས་པ་དང་། གྱད་མི་ཚོའི་ཁྲོད་ནས་ངར་རྒོད་བཙན་སྐྱ་དཔུང་རིང་གིས་མདའ་གཞུ་སྟེང་ལ་སྤྲོད་བཞིན་གླུ་ལན་བཅས་མདའ་འཕངས་པ། ཆོས་ཀྱི་དབང་ཕྱུག་གི་བྲང་ལ་ཕོག་མོད་བྲང་གི་མེ་ལོང་གནམ་ཐེའུ་ག་ཡུའི་བླ་ལྕགས་ཡིན་སྟབས་འཐོར་མ་ཐུབ། དེར་སོ་སོས་གྲི་འགྲན་བྱས་སྐབས་གུང་རྗེ་ཨ་བརྟན་གྱིས་གྱད་མི་ཨ་ཡུང་ངོམ་ནག་གི་སོག་ཕྲག་ནས་ལུས་ཕྱེད་གཤགས་ཀྱིས་བསད་པ། གྱད་མི་བཙན་སྐྱ་དཔུང་རིང་གིས་མཐོང་སྟེ་སྙིང་ལ་ཚེར་མ་ཟུག་པ་ལྟར་བྱུང་ནས་ལྕེབས་ཏེ་གྲི་གཡུག་ཐེངས་གཅིག་གིས་འཇང་གི་དམག་དཔོན་གུང་རྗེ་ཨ་བརྟན་བཀྲོངས། གནས་ཚུལ་དེ་འཇང་མི་ཉག་ཆོས་ཀྱི་དབང་ཕྱུག་གིས་མཐོང་བས་འཆི་བ་སྲོག་ལ་མ་འཛེམས་པར་མཆོངས་ཏེ་གྲི་གཡུགས་ནས་དགྲ་བོ་བཙན་སྐྱའི་བྲང་གཤགས་ཏེ་བསྒྲལ། ཡང་བརྒྱ་དཔོན་ཨ་བསེས་མདུང་བརྒྱབ་ཏེ་གྱད་ཀྱི་མི་རྒོད་འགྲམ་རིང་གི་རྒྱུ་མ་དྲལ་ནས་བསད་པ་ན། འཕྲོས་ཀྱི་གྱད་མི་རྣམས་ཕྱིར་བལྟས་མེད་པར་ཐལ་ཚུབ་ཕྱུར་རེ་བྲོས་ནས་སོང་། དུང་སྐྱོང་དཔོན་གྱིས་དཔའ་ཚོད་འཛིན་དགོས་སྙམ་ཏེ་དམག་ཕྱིར་འཐེན་གྱི་བརྡ་མཛད། སྐབས་དེར་ཡང་བྱང་ཕྱོགས་ནས་ཧོར་བདུད་དཔུང་གིས་གུང་རྗེ་སྒར་ལ་འཕྲུ་སྔོན་ཅན་བརྒྱ་ཕྲག་ཙམ་ཤི་རྨས་ལ་གཏུག་པ་ན། གུང་རྗེ་མེ་སྟག་མཚལ་ལུ་དེ་དགུང་ནས་གཟའ་རྒོད་ཤོར་བ་བཞིན་མཆོངས་ཏེ་མདའ་འཕངས་ནས་ཧོར་ཤན་པའི་ཕྱོགས་ཀྱི་དམག་རྔ་འཕྲུ་ཅན་འགའ་བསད་ནས་ཤན་པ་རྨེ་རུའི་གདོང་དུ་ལངས་ཏེ་ཡིན་ལུགས་ཀྱིས་གླུ་བླངས། ཤན་པ་རྨེ་རུས་ཀྱང་གླུ་ལན་བཅས་མདུང་བསོར་ནས་མཆོངས། གུང་རྗེ་མེ་སྟག་གིས་མདའ་འཕངས་པ་ཤན་པའི་རྨོག་གི་ཁྱུང་གཏོར་ལ་ཕོག་ནས་ཁྲ་ཐ་རེར་གཏོར། དེ་ནས་གྲི་ཕྱར་ཏེ་ཉེ་གཅར་སྐབས་ཤན་པ་རྨེ་རུས་མདུང་མོ་ལྕགས་རྩེ་རྣོ་རིང་བསྣུན་ཐེངས་གཅིག་གིས་མདུང་སོ་རྒྱབ་ནས་ཕུད་དེ་བསྒྲལ་ནས་མགོ་ཕྲུ་གོང་ལེན་བྱས། གྱད་མི་བདུད་པོ་ངམ་ནག་དེས་པཱ་དུར་ཁྱུང་ནག་ཐོག་རྒྱལ་གྱི་གཙོ་བྱས་འཕྲུ་ནག་ཅན་ལྔ་བཅུ་ཙམ་བརླགས་ནས་གཡས་སྒར་ཕྱོགས་སུ་ཐེ་ཚོམ་མེད་པར་མཆོངས་ཏེ་བྱུང་བ་ན། གདོང་མ་འབྲུག་གི་ཁམ་པ་གཡུ་ལྡན་གྱིས་གདོང་བཀག་ཏེ་མདའ་འཕང་ནས་བསད། ཡང་གྱད་མི་སེང་རྒོད་རྔམ་ཐུང་གིས་རྟ་འཕར་བ་དམར་ཁྱུང་གི་གོང་ནས་བདུད་དམག་འཕྲུ་ནག་ཅན་མང་དུ་བཅོམ་ནས་བྱུང་བ། དཔའ་མོ་ཨ་སྟག་ཀླུ་མོས་མདའ་གཅིག་འཕངས་ཏེ་བསད། འཕྲོས་ཀྱི་གྱད་མི་རྣམས་དཔའ་ཆགས་ཏེ་ཕྱིར་བྲོས། སྐབས་དེར་ཤན་པ་རྨེ་རུས་དཔའ་ཚོད་བཟུང་སྟེ་དམག་ཕྱིར་འཐེན་པའི་བརྡ་སྤྲད་ཅིང་དཔའ་ཚོད་བཟུང་། འདིའི་ཉིན་ཧོར་ཤན་པ་རྨེ་རུ་ཟེར་ནས་གྲགས་པ་སྙན་ལེ་ཞིག་བྱུང་། དེར་གླིང་གི་དམག་དཔོན་ཚོས་ལྷ་སྲས་དགྲ་བླ་ལ་ཁྲི་འབུལ་བཅས་དགའ་སྟོན་ལ་རོལ་བ་དང་། སྟག་གཟིག་རྒྱལ་བློན་རྣམས་ཀྱིས་འགྱོད་གདུང་གིས་གཏམ་བཤད་གླུ་ལེན་དང་། ལྷག་པར་གུང་རྗེ་མེ་སྟག་གི་ཚབ་ཏུ་ཨ་ཁྱུང་སྟག་རྔམ་དང་། རྔམ་ལྷ་སྟག་ཡག་གཉིས་ལ་ཤོ་འཕངས་སྐབས་རྔམ་ལྷ་སྟག་ཡག་ལ་བབས་པས་གོས་རྒྱན་ཐོབ་ཐང་གིས་མཛེས་པར་སྤྲས་ཏེ་གུང་རྗེ་མེ་སྟག་གི་ཁྲི་ཚབ་ཏུ་མངའ་གསོལ་བཟང་བསྟོད་ཀྱི་རྣམ་པ་རྒྱ་ཆེན་པོ་བྱས། ཉི་མ་དེའི་ཕྱི་ཉིན་སྟག་གཟིག་གི་རྒྱལ་སྲས་ཁྲ་རྒོད་ཟླ་བ་དེས་འཁོར་གསུམ་བསྐོར་ཏེ་དཔའ་ཆས་དུག་ཚེར་ལ་ལོ་འདབ་རྒྱས་འདྲ་ཞིག་བྱས་ནས་དམག་སྒར་ལ་ཕེབས་པར་མ་ཟད། གྱད་ཀྱི་རྔམ་ལྷ་སྟག་ཡག་དང་། ཨ་ཁྱུང་སྟག་རྔམ་གཉིས་དཔུང་རོགས་སུ་ཁྲིད་དེ་བྱང་ཧོར་བདུད་ཀྱི་སྒར་ལ་གཏད་དེ་མཆོངས་ནས། ཧོར་དམག་རྔ་འཕྲུ་ཅན་མང་པོ་ཆག་ཉིལ་དུ་བཏང་བྱུང་སྐབས། པཱ་དུར་འབྲོང་ནག་ཤུགས་ཅན་གྱིས་མདའ་འཕངས་ཏེ་ཁྲ་རྒོད་ཟླ་བའི་གོ་ཁྲབ་གཏོར་མོད། ནང་དུ་སྲུང་བ་བརྟན་པས་གནོད་ཆེར་མ་ཐུབ། ཁྲ་རྒོད་ཀྱིས་མདའ་ཤར་འཕེན་གཅིག་གིས་པཱ་དུར་འབྲོང་ནག་བཀྲོངས་པར་མ་ཟད། འཕྲུ་དམར་ཅན་བརྒྱ་ཙམ་ཆག་ཉིལ་དུ་བསད་སྐབས། པཱ་དུར་ཐང་དཀར་རྩེ་རྒོད་དང་། མགར་གྱི་གནམ་ལྕགས་འབྲུག་སྒྲ། སུག་པའི་སྐར་ཚོགས་ཁྲ་ཡག་གསུམ་གྱིས་འཁོར་གསུམ་བསྐོར་ནས་སྟག་གཟིག་གི་དཔའ་བོ་ཚོའི་གདོང་བླངས་ཏེ། དམག་འཕྲུ་དམར་ཅན་བརྒྱ་ཙམ་བསད་པ་དང་། ཐང་དཀར་རྩེ་རྒོད་ཀྱིས་གྲི་གཡུག་ནས་ཨ་ཁྱུང་སྟག་རྔམ་གྱི་སོག་ཕྲག་ཕྱེས་ནས་བསད་རྗེས་དཔའ་ཚོད་བཟུང་སྟེ་སོ་སོར་གྱེས། ཉི་མ་དེའི་ཕྱི་ཉིན་གྱད་ཀྱི་མི་ནག་སྟོབས་ལྡན་གྱིས་དཔའ་རོགས་རང་འདྲ་བཅོ་ལྔ་དང་རྟ་དམག་ལྔ་སྟོང་ཁྲིད་ནས་སྐྱ་རེངས་ཤར་བ་དང་མཉམ་དུ་འཇང་སྒར་སྟེང་དུ་ཐོན། བཀའ་བློན་གཡུ་ལྷ་ཐོག་འགྱུར་གྱིས་འཁོར་གསུམ་བསྐོར་ཏེ་དགྲ་དམག་འཕྲུ་ནག་ཅན་བརྒྱ་ཕྲག་ལྷག་ཙམ་བསད་ཚེ། གྱད་ཀྱི་མི་ནག་སྟོབས་ལྡན་དེས་ལྕགས་ཀྱི་ཕ་བོང་འབྲོང་གཡག་གི་ཚད་ཙམ་ཞིག་ཕྱར་ནས་གཡུ་ལྷ་ལ་ཡིན་ལུགས་ཀྱི་གླུ་བླངས་ཏེ། ཕ་ཝང་དེ་འུར་ལྡིར་གྱི་སྒྲ་དང་བཅས་གཡུ་ལྷའི་ཐོག་འཕངས་མོད། ལྷ་ཆེན་ཚངས་པ་དཀར་པོས་རྡོ་ཤུགས་བླངས་པས་གཡུ་ལྷ་ལ་ཕོག་ཀྱང་རྟ་ཐོག་ནས་འཁྱོལ་ཙམ་ལས་ནུས་པ་ཅི་ཡང་མ་ཐོན། གཡུ་ལྷ་ང་རྒྱལ་ཇེ་ཆེར་གྱུར་ནས་རལ་གྲི་གུ་སེ་སྐྱ་རེངས་ཤུབས་ནས་བཏོན་ཏེ་གླུ་ལན་བཅས། ཕན་ཚུན་གྲི་འཐབས་ཡུན་རིང་བྱས་ཀྱང་གནོད་མ་ཐུབ་པས་མཐར་སོ་སོར་གྱེས། བརྒྱ་དཔོན་ཨ་བསེས་གྱད་མི་དཔའ་བོ་ཐར་འབུམ་ལ་མདུང་རྒྱབས་ནས་བསད། གྱད་མི་ངར་ཚ་སྟག་མིག་ཟེར་བས་མོན་གྱི་ཁྲི་དཔོན་སྟག་ལྷ་འོད་དཀར་བཀྲོངས་པ་དང་། འཇང་མི་ཉག་ཆོས་ཀྱི་དབང་ཕྱུག་གིས་མདའ་འཕངས་ཏེ་གྱད་མི་ངར་ཚ་སྟག་མིག་བསད་པས་སྟག་གཟིག་གི་གྱད་མི་ཚོ་དཔའ་ཆག་སྟེ་བྲོས། མོན་འཇང་གི་དཔའ་བོ་ཚོས་ཐེ་ཚོམ་མེད་པར་བདས་ཏེ་ལྕགས་རྡོ་སྟག་མོས་འབོད་གླུ་བླངས་པ་ན། གྱད་མི་སེར་རྒོད་སྟོང་ཐུབ་དེས་འདོ་བ་སྤྲིན་དཀར་འོད་ལྡན་གྱི་གོང་ནས་གོ་བཟུང་སྟེ་གླུ་ལན་བླངས་ཤིང་གྲི་ཁ་འགྲན། ལྕགས་རྡོས་གྲི་ཤེད་ཀྱིས་གཡུགས་ནས་གྱད་མི་སེར་རྒོད་སྟོང་ཐུབ་བསད། ཡང་གྱད་གྱི་མི་ནག་གདུག་པ་ཅན་དེས་མོན་འཇང་གི་དཔའ་བོ་ཉི་མ་ལྷ་བཙན་དང་། ཤུགས་ཆེན་ནམ་མཁའ་འབྲུག་གྲགས་གཉིས་དབུ་ཉེས་སུ་བཏང་། གཡུ་ལྷ་དང་སྟག་ལྷ་གཉིས་ཀྱིས་ཤི་འཐབ་རེ་བྱས་མོད་ཁོ་ལ་གནོད་མ་ཐུབ། དེར་ཁོས་དཔའ་ཚོད་བཟུང་སྙམ་ནས་རྟ་ཁ་ཕྱིར་བསྒྱུར་སྐབས་གཡུ་ལྷ་སྟག་ལྷ་གཉིས་ཀྱིས་ཞགས་པ་རེ་རེ་བཏབ་མོད། ཁོས་གྲི་གཡུག་ཐེངས་རེས་ཞགས་པ་གཉིས་བཅད་དེ་སྒར་ལ་ནག་རྒྱང་ངེར་ཤོར། དེར་མོན་འཇང་གི་དཔའ་བོ་ཚོས་དེ་འདྲའི་མི་ཡ་མེད་ཟེར་ནས་ཧ་ལས། མཐར་བཀའ་བློན་གཡུ་ལྷ་ཐོག་འགྱུར་གྱིས་དགྲ་མཐའ་བཅོམ་ལུགས་ཀྱི་གླུ་བླངས། དུང་སྐྱོང་དཔོན་སོགས་ཀྱི་སེམས་ལ་བབས་ནས་དགྲ་དང་འཐབས་ན་མཐར་ཐུག་སུ་རྒྱལ་གྱི་ལུང་བསྟན་མོ་རྩིས་བྱས་ཚེ་རྒྱལ་ཁའི་ངོ་ཤར་བས་བློ་སེམས་བདེ་བའི་ངང་གདའ། ཉི་མ་འདིའི་ཕྱི་ཉིན་སྟག་སྲས་ཁྲ་རྒོད་ཟླ་བ་དང་། དམག་དཔོན་བཙན་ལྷ། ཁྲི་སྡེ་རྒོད་པོ། ལྷའུ་ཀུན་བཟང་རྗེ་བློན་བཞི་ལ་གྱད་མི་དཔའ་བོ་བཅོ་ལྔ་དང་འཕྲུ་དམར་ཅན་སྟོང་ཕྲག་གཉིས་དང་ལྔ་བརྒྱ་བཅས་གླིང་སྒར་ཕྱོགས་སུ་ལམ་ལ་བུད་དེ། གླིང་གི་བྱང་སྒར་གྱི་ཟུར་ངོས་ནས་བཙན་ལྷ་རྡོ་རྗེས་དཔའ་འབོད་སྙིང་ལ་དུག་ཚེར་ལྟར་གཟེར་བའི་ངོ་མཚང་ཐེར་འདོན་གྱི་གླུ་བླངས་པ་ན། གླིང་སྒར་ནས་ལྷ་སྲས་དགྲ་བླ་ཕེབས་རྩིས་མཛད་པ་སྤྱི་དཔོན་ཁྲ་རྒན་སོགས་ཀྱིས་བཤོལ་མ་ནན་གྱིས་བྱས་ཏེ་ཕེབས་མ་བཅུག། དེར་བློན་འདན་མའི་ཐུགས་ལ་མདང་གསུམ་རྨི་ལམ་ལ་བརྟག་ན་དེ་རིང་རྟིང་མ་མི་ཡོང་བར་ངེས་ཀྱང་། བརྙས་བཅོས་འདི་ལ་བཟོད་པ་ལས་ཤི་བ་དགའ་སྙམ་ནས་འཁོར་གསུམ་བསྐོར་ཏེ་སྟག་གཟིག་སྲས་བློན་ཚོའི་གདོང་ལ་བུད་ཅིང་། གླུ་ལན་བཅས་མདའ་འཕངས་པ་བཙན་ལྷ་ལ་ཐེབས་ནས་ཁྲབ་བྱང་ཁ་ཤས་གཏོར་ཏེ་མདའ་ཟེར་གྱིས་རེ་ཞིག་ནག་ཐོམ་མེར་བཏང་མོད་ཕུགས་སྐྱོན་མ་བྱུང་། ཁོས་ཀྱང་མདའ་ཞིག་འཕངས་པ་འདན་མའི་བྲང་ལ་ཐེབས་ཀྱང་སྐུ་ལུས་ལ་མ་གནོད། སླར་ཡང་བཙན་ལྷ་དཔའ་བོ་དང་། སྲས་ཁྲ་རྒོད་ཟླ་བ་སོགས་ཀྱིས་གླིང་དམག་འཕྲུ་སེར་ཅན་བརྒྱ་ཙམ་མཚོན་ལ་དྲངས། གུང་པ་བུ་ཡི་ཁྲ་སྐྱ་དེ་རྟ་ཐོག་ལ་བུད་དེ་ཐེ་ཚོམ་མེད་པར་མཆོངས་ནས་སྟག་བློན་ལྷའུ་ཀུན་བཟང་ལ་གྲི་གཡུགས་ནས་བསད། གྱད་མི་ཐར་པ་དཔུང་རིང་དེས་གུང་པ་ལ་མདུང་གིས་བསྣུན་ཡང་གོ་མ་ཕིག ། ཡང་གུང་པས་ཤུགས་བསྐྱེད་དེ་རལ་གྲི་གཡུགས་ནས་གྱད་མི་ཐར་པ་བསད། དེ་ཚེ་བཙན་ལྷ་མ་རུང་བས་རལ་གྲི་གཡུགས་ཏེ་གུང་པ་བུ་ཡི་སྐུ་ལུས་ཕྱེད་གཤགས་ཀྱིས་བཀྲོངས། ཡང་ཁྲ་རྒོད་ཟླ་བས་གླིང་དམག་འཕྲུ་དམར་ཅན་མང་ཙམ་མཚོན་ལ་དྲངས་ནས་བྱུང་སྐབས། བར་གླིང་འོམ་བུའི་ཁྲི་དཔོན་ཨ་ནུ་དཔའ་སེང་ཆིབས་མཚལ་དམར་གྱི་གོང་དུ་བུད་ནས་མདུང་ཕྱར་ཞིང་ཁྲ་རྒོད་ལ་དཔའ་གླུ་བླངས་ཏེ་མདུང་གིས་བསྣུན་མོད། གོ་ཁྲབ་གཏོར་བ་ཙམ་ལས་གནོད་ཆེར་མ་ཐུབ། དེར་ཁྲ་རྒོད་ཀྱིས་གླུ་ལེན་ལོངས་མ་བྱུང་བར་མདུང་མོ་རྣོ་རིང་ལྕགས་རྩེ་དེ་དཔའ་སེང་ལ་གཉིས་ཕུལ་ཀྱང་གོ་མ་བཅད། དེར་ཁོང་གཉིས་རལ་ཁ་ཡུན་རིང་ལ་འགྲན་ཡང་ཕམ་རྒྱལ་མ་བྱུང་། ཁྲ་རྒོད་ཀྱི་རྒྱབ་ཕྱོགས་ནས་དཔའ་ལྷ་སེང་སྟག་ཨ་དོམ་གྱིས་རལ་གྲི་ལན་གསུམ་བཏབ་མོད་གོ་མ་བཅད། སྐབས་དེར་ཁྲ་རྒོད་ཀྱིས་ཡང་བསྐྱར་དཔའ་སེང་ལ་གྲི་ངར་ཆེན་གྱིས་གཡུགས་པས་ཞབས་གཡོན་མའི་བརླ་འོག་ཏུ་ཐེབས་ནས་རྐང་ཡོབ་གཟར་དང་བཅས་ཐང་ལ་ལྷུང་། གཡས་སུ་འགྱུར་ཙམ་ངང་ཆིབས་ལས་ལྷུངས་ཏེ་འདས། བྱ་བ་མ་རུང་བ་དེ་གླིང་བ་ཚོས་མཐོང་ནས་ཤི་བ་སྲོག་ལ་མ་འཛེམས་པར་ཁོ་ལ་མཚོན་མང་དུ་བཏབ་མོད་བྲག་ལ་གཡུགས་པ་ལྟ་བུ་ལས་གནོད་མ་ཐུབ། གྱད་མི་བཅོ་ལྔ་ཙམ་དང་བརྒྱ་དམག་ཕྱེད་ཙམ་ཆག་ཉིལ་གྱིས་བསད། སྟག་གཟིག་དཔོན་བློན་ཚོས་དཔའ་ཚོད་བཟུང་སྟེ་རང་སྒར་ལ་ལོག་གོ། དེར་གླིང་གི་རྗེ་བློན་ཚོ་འདུས་ཏེ་བྱ་མ་རུང་བ་དེའི་དབང་གིས་ཅི་ཞུ་མེད་པར་ཐམས་ཅད་ཀྱིས་དབུ་སྒུར་ཏེ་སྡོད་སྐབས། ལྷ་སྲས་གོང་དུ་དམག་ལས་བཤོལ་བ་དང་དཔའ་སེང་བཀྲོངས་པ་སོགས་ཀྱིས་ཞལ་ངོ་སྤྲིན་ནག་འཚུབ་པ་བཞིན་དུ་དམག་ལ་བྱོན་པར་བརྩམས་པ་ན། བློན་ཆེན་འདན་མ་བྱང་ཁྲས་དེ་རིང་གི་དགྲ་སྐར་དང་མདང་གསུམ་གྱི་རྨི་ལམ་གང་ལ་དཔྱད་ཀྱང་དེ་རིང་ལྷ་སྲས་ཕེབས་མི་རུང་བའི་ཚུལ་དང་། རྒྱ་ལ་དེ་རིང་འགྲོ་དགོས་ན་བློན་འདན་མ་རང་ལ་བབས་ཡོད་ལུགས། ཡང་མིན་ན་སང་ཉིན་དགྲ་ཁྲ་རྒོད་ཀྱི་མགོ་ལག་འདན་མས་མ་ལོན་ན་ཁ་ཕྱིར་ལ་མི་འཁོར་ཞེས་བཤོལ་འདེབས་ཀྱི་གླུ་ཞུས་ནན་གྱིས་ཕུལ་བ་དང་ལྷན་དུ་སྤྱི་དཔོན་རྒྱལ་པོས་ཀྱང་དེ་རིང་གི་གཟའ་སྐར་ནི། དྲང་སྲོང་ལྷ་ཡི་མདའ་མོ་འཕང་ཡང་བདུད་ཀྱིས་མཚོན་མི་ལེན་པའི་དུས་ཡིན་པས་རྟིང་མ་མི་ཡོང་། ལྷ་སྲས་ཀྱིས་འདན་མའི་ཞུས་ངོར་འཇོག་དགོས་སང་ཉིན་བློན་ཆེན་འདན་མ་ལ་དཔའ་རོགས་དར་རྗེ་སེང་སྟག་ཨ་དོམ། འབྲི་སྒ་སྡེའི་ཆོས་སྐྱོང་ཆེན་པོ། མོན་ཕྲུག་ཟླ་བ་ཁྲབ་བཙན། བརྒྱ་དཔོན་བནྡེ་དམར་ལུ་རྣམས་བྱོན་ལ་དགྲ་ཤ་ལོན་པར་མཛོད་ཅེས་ཐག་བཅད་པ་ན། ལྷ་སྲས་དགྲ་བླ་རྩེ་རྒྱལ་ཞལ་ངོ་ནག་ལྷུང་ངེར་བཞུགས། གླིང་བ་ཚོས་དཔའ་སེང་གི་གདུང་སྦྱང་ཡང་དག་མཛད་པར་གདའ།

ཉི་མ་དེའི་ཕྱིའི་ནངས་གླིང་གི་དཔའ་ཆེན་ལྔ་བོས་འཁོར་གསུམ་སྐོར་ཏེ་རང་རང་གི་རྟ་ལ་བུད་དེ་གློག་འཁྱུག་པ་ལྟར་ནུབ་ཀྱི་བཙན་ལྷའི་སྒར་གྱི་ཐད་དུ་མཆོངས་པ་ན། སྟག་སྲས་ཁྲ་རྒོད་ཟླ་བ་དེ་ཡབ་རྒྱལ་པོའི་དྲུང་དུ་འགྲོ་རྩིས་ཀྱིས་ཡོང་བ་དང་མདའ་ལྟོང་སྤྲད་པ་བཞིན་ཐུག ། མདའ་རྒྱང་གིས་མི་སྙོབ་ཙམ་ལ་བཅར་དུས། སྒར་ནས་དམག་དཔོན་བཙན་ལྷས་མཐོང་སྟེ་གྱད་མི་དྲག་གྲས་ཁྲིད་ནས་རྗེས་ལ་བརྒྱུགས་མོད། དཔའ་བརྟུལ་ལྔ་བོ་ཐེ་ཚོམ་མེད་པར་ཁྲ་རྒོད་ཀྱི་གདོང་དུ་བཅར་ཅིང་། ལྷག་པར་བློན་ཆེན་འདན་མ་བྱང་ཁྲས་གཞུ་ཆུང་དཀར་མོ་འཐེན་སྐྱིད་ཀྱི་སྟེང་དུ་འགྲན་མེད་རྒྱལ་པོའི་ཕྱག་མདའ་ཆོས་སྐྱོང་དངོས་རྒྱུག་ཟེར་བ་དེ་བཞག་ནས། ཡ་ཁོ་རེ་ཚེ་ཟད་འཕྲུ་དམར་ཁྱོད། ཚེ་ཡང་ཟད་ཁོ་རེ་བྲ་བོ་སྐྱ། དུས་དེ་རིང་རྟིང་མ་ང་ལ་ཡོད་གསུངས་ནས་ལྷ་འབོད་དང་ཡིན་ལུགས་ཀྱི་གླུ་བླངས་ཏེ་སུ་ཡིན་གྱི་ལན་ཞིག་ཨེ་ཡོང་དགོངས་ནས་ཅུང་བཞུགས། དུས་དེར་བཙན་ལྷ་གདོང་ལ་བུད་རྩིས་བྱས་མོད་ལྷ་རྣམས་ཀྱིས་སྡོངས་གྲོགས་བྱས་རྐྱེན། སྲས་ཁྲ་རྒོད་ཟླ་བ་དེ་ངར་ཆེན་གྱིས་བློན་འདན་མའི་གདོང་དུ་ཀྲོང་ངེར་བུད་དེ་དཔའ་གླུ་དང་བཅས་དཔོན་བློན་བདུན་མཉམ་དུ་ལྕེབས་བྱུང་བ་ན། བློན་ཆེན་འདན་མ་གཡུལ་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན་དེས་མདའ་མྱུར་སྟབས་ཀྱིས་འུར་སྒྲ་བཅས་འཕངས་པ། ཉིན་འདིར་སྟག་སྲས་ཁྲ་རྒོད་ཟླ་བ་དེ་ཚེ་དུས་ལ་བབས་ཡོད་པ་དང་། ལྷ་ཀླུ་གཉན་གསུམ་གྱི་མདའ་སྣེ་དྲངས་ཏེ་ཁོའི་སྙིང་ཁར་ཐེབས་ཏེ་གོ་དང་སྲུང་བ་གང་གིས་ཀྱང་མ་བརྟན་པར་སྙིང་ཚལ་བ་བརྒྱད་དུ་བཏང་སྟེ། གྲི་གཡུག་ལོང་མེད་པར་རྟ་ཐོག་ནས་ལྷུངས་ཏེ་ཤི། བཙན་ལྷ་རྡོ་རྗེ་དང་གྱད་མི་དྲུག་པོས་བྱ་བ་ནག་པོ་དེ་ཙམ་བྱུང་བས་དེ་རིང་འཆི་བ་མི་དགའ་རི་སྙམ་ནས་རྦད་ཀྱིས་མཆོངས་ནས་འདན་མ་ལ་གྲི་གཡུག་ཀྱང་དཔའ་ཁ་མཉམ་པའི་ངང་ལུས། གཡོན་ཟུར་ནས་འབྲི་སྒ་སྡེ་མི་ཆེན་ཟེར་པོ་དེས་གྱད་ཀྱི་ཨ་འབར་ཁྲམ་རྩེ་དང་རྟ་རྫི་རྐང་རིང་གཉིས་ཆམ་ལ་ཕབ། དར་རྗེ་སེང་སྟག་གིས་གྱད་མི་དཔའ་རྒོད་ཐོག་བཙན་ལེབ་ཆེན་གྱི་ངར་ལ་དྲངས། མོན་ཕྲུག་ཟླ་བ་ཁྲབ་བཙན་དང་གྱད་མི་འབུམ་དཔོན་བཙན་རྗེ་གཉིས་ཀྱིས་གླུ་ལེན་གླུ་སྐོར་དང་རལ་ཁ་ཡུན་རིང་ལ་འགྲན་ཡང་འདྲ་མཉམ་བྱུང་། བརྒྱ་དཔོན་བནྡེ་དམར་ལུས་གྱད་མི་བཙན་རྗེ་གློག་འོད་ལ་མདུང་བརྒྱབ་ནས་བསྒྲལ། འདིའི་དུས་སྟག་སྒར་ནས་གྱད་མི་དཔའ་བོ་ལྔ་ལ་ཧྲག་བསྡུས་ཁྲི་ཕྲག་དྲུག་གིས་བསྐོར་ནས་ལམ་ལ་བུད་པ་ན། གླིང་གི་དཔའ་བོ་ལྔ་བོས་དཔའ་ཚོད་བཟུང་ནས་བྲོས་པ་ལྟར་ཡོང་བའི་རྗེས་སུ་དམག་དཔོན་བཙན་ལྷ་རྡོ་རྗེ་དེས་འཆི་བ་སྲོག་ལ་མི་འཛེམས་པར་རྒྱུགས་ཀྱང་གླིང་བ་རྣམས་ཇེ་མགྱོགས་ལ་སོང་བས་རྗེས་མ་ཟིན། དེར་གླིང་སྒར་ནས་དཔའ་བོ་ལྔ་ལ་རྒྱལ་ཁ་ཐོབ་པ་ཤེས་ཏེ་ལྷ་བསང་དང་དར་འཕྱར། དུང་བུས་ཀི་བསྭོ་ལྷ་རྒྱལ་གྱི་སྒྲས་གནམ་ས་གང་བ་ཞིག་བྱས། དེར་དཔའ་ཆེན་ལྔ་བོས་དགྲ་ཁྲ་རྒོད་ཀྱི་གཙོས་རང་རང་གིས་བསད་པའི་མགོ་འཕྲུ་རྣམས་དམར་ཙར་རེར་ལྷ་སྲས་ཀྱི་སྤྱན་སྔར་བཀྲམས་ཏེ་ཇ་ཆང་གི་དཔལ་ལ་ལོངས་སྤྱད། ལྷ་སྲས་དགྲ་བླ་རྩེ་རྒྱལ་གྱིས་བློན་ཆེན་འདན་མ་བྱང་ཁྲ་ལ་དགྲ་ཤ་འཕྲལ་དུ་ལོན་པའི་དཔའ་དར་ཕུན་སུམ་ཚོགས་པ་དང་། གཞན་འབྲུ་སྒ་སྡེ་སོགས་དཔའ་བོ་ཚོ་ལ་དེ་བཞིན་གྱི་དཔའ་དར་ཕུལ་ཏེ་ཐུགས་དགྱེས་པའི་ངང་བཞུགས། འདིའི་དུས་བཙན་ལྷ་གླིང་སྒར་དུ་ཤོར་རྩིས་བྱས་མོད་བློན་པོ་ཚོས་ནན་གྱིས་བཀག་ཏེ་ལུས། དེར་སྟག་སྒར་ནས་སྡུག་བསྔལ་གྱི་སྨྲེ་ངག་དང་མཉམ་དུ་བཙན་ལྷས་རྒྱལ་པོ་ལ་ཅི་ལྟར་ཞུ་ཞེས་སྡུག་གཏམ་དང་བསྒྲགས། ཕྱོགས་ཀྱི་དམག་དཔོན་རྣམས་བཀུག་ཏེ་རྒྱལ་པོ་ལ་སྙན་ཞུ། དགྲ་ལ་དེ་ལན་སྤྲོད་དགོས་ལུགས་ཀྱི་གླུ་བླངས་པ་ལྟར་བློན་པོ་གསུམ་སྟག་གཟིག་རྒྱལ་པོའི་མདུན་དུ་སོང་ནས་སྲས་ཆུང་འདན་མའི་ལག་ལ་ཤོར་བའི་གནས་ཚུལ་ཞུས། ཁྲ་རྒོད་ཟླ་བའི་མ་ཡུམ་སོག་བཟའ་ལི་ཁྲི་སྐར་ཆེན་མ་སྡུག་བསྔལ་གྱིས་བརྒྱལ། སྟག་གཟིག་རྒྱལ་པོས་ཧུ་ཤུ་དང་བཅས་བློན་ཚོགས་ལ་བཀའ་བཀྱོན་མང་པོ་དང་བཅས་འཕྲལ་དུ་དམག་ལ་འགྲོ་རྩིས་ཀྱི་གླུ་བླངས་པས་བློན་ཚོགས་ཀྱིས་འབུལ་བ་རྒྱ་ཆེན་པོ་བཏེགས། ལྷག་པར་དམག་དཔོན་བཙན་ལྷ་རྡོ་རྗེ་དེས་པུས་མོ་ས་ལ་བཙུགས་ཏེ་རྒྱལ་པོ་ཆེན་པོ་ཅིས་ཀྱང་བཞུགས་དགོས་པ་དང་། ཤ་ལན་བཙན་ལྷ་རང་གིས་ལོན་ཐབས་བྱེད་པའི་གླུ་ཕུལ་དང་སྦྲགས། བློན་ཚོགས་སྤྱིས་ཕྱག་ཤིང་སྡོང་འགྱེལ་འགྱེལ་མཛད་ཀྱང་། རྒྱལ་པོས་གསན་ཕྱོགས་ཙམ་ཡང་མི་མཛད་པར་རྟ་འབྲོང་འདུར་སྨུག་པོའི་གོང་ལ་བུད་ནས་ཤོར་བ་དང་མཉམ་དུ། དམག་དཔོན་བཙན་ལྷ་རྡོ་རྗེ་དང་། གྱད་ཀྱི་མི་ནག་སྟོབས་ལྡན། རྔམ་ལྷ་སྟག་ཡག། ཞལ་དཀར་ལྡན་པ་བཅས་རྒྱལ་བློན་ལྔ་བོ་དཔུང་གཤིབས་ཏེ་གླིང་སྒར་ཕྱོགས་སུ་ལམ་ལ་བུད། གླིང་གི་སོ་བས་མཐོང་སྟེ་བརྡ་བཏང་དང་མཉམ་དུ་གླིང་གི་དཔའ་རྒོད་དྲག་རིམ་རྣམས་གདོང་ལ་བུད་ཚེ། ཐོག་མར་སྟག་གཟིག་རྒྱལ་པོ་དེས་རལ་གྲི་ཤུབས་ནས་བཏོན་ཏེ་སྟོང་འཇུག་མེད་པའི་ངང་སྡིགས་སྨོད་ཀྱི་གླུ་བླངས་ཤིང་། གླིང་སྒར་དུ་ཤོར་ཏེ་འཕྲུ་དཀར་དམར་ཅན་ལ་མང་ཙམ་ཆག་ཉིལ་དུ་བསད་ནས་གཡོན་སྒར་ནང་ལྕེབས་པ་ན། དཔའ་བརྟུལ་རྣམས་ཀྱིས་ཀྱང་གཏམ་འདྲི་བཤད་ཅི་ཡང་མེད་པར་རྒྱལ་པོ་གར་མཆོངས་ལ་མཚོན་ཆ་གཟས་ནས་ཆར་ཕབ་ཀྱང་ཁོ་ལ་ཅི་ཡང་མ་གནོད། ལས་གུར་ཕྱོགས་སུ་ཤོར་བས་ལྷ་སྲས་དགྲ་བླ་རྩེ་རྒྱལ་གདོང་ལ་བུད་ནས་ཕྱག་མདའ་འཕངས་པས་ཡུད་ཙམ་བརྟན་རྗེས་ཁོ་ལས་གུར་དུ་ཤོར་ནས་གྲི་གཡུགས་ཏེ་ལིང་རེ་ཙམ་བླངས། ནང་གི་དངོས་ཆས་ཕྲན་བུ་གོང་ལེན་བྱས་ཏེ་རྟ་ཁ་ཕྱིར་བསྒྱུར་བ་དང་ལྷན་དུ་འཇང་སྲས་གཡུ་ཁྲི་གུང་སྔོན་དང་། དར་རྗེ་ཁྱུང་རྒྱལ་སེང་སྟག། འབྲུ་སྲས་ནམ་མཁའ་ཐོག་རྗེ་གསུམ་ཉེ་གཅར་ཚེ། སྟག་གཟིག་རྒྱལ་པོའི་གཡས་ཟུར་ནས་གྱད་ཀྱི་མི་ནག་སྟོབས་ལྡན་དང་། ངོམ་བདུད་ཁྲོ་ཆེན་སྤུན་གཉིས་ཀྱིས་གླིང་དམག་ཧ་ཅང་བཅོམ་ཆེ་བས། འབྲི་སྲས་ཀྱིས་ངོམ་བདུད་ཁྲོ་ཆེན་སྤུན་གཉིས་པོ་ལྔ་ལམ་དུ་བརྫངས། དར་རྗེ་ཁྱུང་རྒྱལ་དང་མི་ནག་སྟོབས་ལྡན་གཉིས་ཀྱིས་རལ་ཁ་འགྲན། དམག་དཔོན་བཙན་ལྷ་དང་འབྲི་སྲས་གཉིས་གདོང་འཕྲད་དེ་རལ་ཁ་བཀྱེས་པས་ཕམ་རྒྱལ་མ་བྱུང་། སླར་ཡང་མདུང་འགྲན་ཐུང་ཙམ་བྱས་པས་བཙན་ལྷའི་མདུང་དེ་རིང་སྟབས་འབྲི་སྲས་ཀྱི་ཁྲབ་ཀྱི་ཕུར་རྩ་ནས་ཟུག་ཏེ་མདུང་རྨས་ཆེ་ཙམ་བྱུང་བས། རྟ་ཁ་བསློགས་ཏེ་བྲོས་པའི་རྗེས་སུ་བཙན་ལྷས་དེད་བྱུང་བའི་སྔོན་བློན་ཆེན་འདན་མ་དང་འབྲུ་སྒ་སྡེ་གཉིས་མཆོངས་པས་བཙན་ལྷས་དཔའ་ཚོད་བཟུང་སྟེ་སོང་། གླིང་བ་སུས་ཀྱང་རྗེས་འདེད་མ་ནུས་སྒ་སྡེས་ཀྱང་དེ་རིང་རྟིང་མ་མི་འོང་སྙམ་ནས་ཁ་རོག་བསྡད། དེར་སྟག་གཟིག་རྒྱལ་བློན་རྣམས་ཀྱིས་ལམ་ཞོར་དུ་སྟག་རོང་གི་སྒར་ལ་ལྕེབས་ཏེ་མི་རྟ་བརྒྱ་ཚོ་མང་པོ་ཤ་ཉོག་རུས་ཉོག་གིས་བརླགས་པས། ལྷ་རྒོད་སྤུན་གཉིས་གདོང་ལ་བུད་དེ་གྱད་མི་གསུམ་ལྔ་ལམ་དུ་བརྫངས་པ་ན་ཁོ་ཚོས་ཀྱང་དཔའ་ཚོད་བཟུང་ནས་སོང་། དེར་གླིང་བ་རྣམས་དཔའ་ཆག་སྟེ་རྒྱལ་སྲས་དང་དཔའ་བརྟུལ་དྲག་རིམ་རྣམས་འབྲུ་སྲས་ཀྱི་གུར་དུ་འདུས་ནས་རྨས་བཅོས་བྱས་ཀྱང་བཙན་ལྷ་གདུག་རྩུབ་ཆེ་དྲག་པས་འབྲུ་སྲས་སྐུ་མ་འདས་ཙམ་དུ་འདུག ། ཐམས་ཅད་ཀྱིས་སྨྲེ་སྔགས་བཏོན་ཅིང་། སྲས་དགྲ་ལྷས་ཀྱང་སྤྱན་ཆབ་ལོ་མའི་ཟིལ་བ་འཁྲིགས་པ་ལྟར་གྱི་ངང་དེར། འབྲུ་སྲས་ཀྱིས་ལྷ་སྲས་དགྲ་བླ་སོགས་ལ་ཞལ་འཛུམ་ཙམ་བཅས་ཐུགས་གསོ་ཞལ་ཆེམས་ཀྱི་གླུ་མགུར་གསུངས་ཏེ་འདས། སྒ་སྡེའི་ཆོས་སྐྱོང་སོགས་དཔའ་བོ་ཚོས་དགྲ་ཤ་འཕྲལ་དུ་ལེན་པའི་དམ་བཅའ་བཅས་གདུང་སྦྱང་བྱས། སྐབས་འདིར་སྟག་གཟིག་རྒྱལ་བློན་རྣམས་རྫོང་དུ་འཛོམས་ནས་དམག་སྟོན་རྒྱ་ཆེན་གྱི་མཛད་སྒོ་སྤེལ་བཞིན་ཞག་བདུན་གྱི་ནང་ཚུན་ལ་གླིང་སྒར་ཡེ་མེད་བྱེད་ཅེས་གྲོས་ལ་བརྩོན་བཞིན་གདའ། ཉི་མ་དེའི་ཕྱི་ཉིན་སྐྱ་རེངས་གསལ་བ་དང་མཉམ་དུ་འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་དང་། དུང་སྐྱོང་སྟག་ལྷ་ཁྲི་དཀར་གཉིས་པོ་གྱད་ཀྱི་མི་ནག་སྟོབས་ལྡན་གྱི་སྒར་ལ་གཏད་ནས་དགྲ་ཤ་ལེན་དུ་མཆོངས། དང་པོ་ཤར་སྒོ་ནས་དམག་བརྒྱ་ཕྲག་མང་པོ་ཆག་ཉིལ་དུ་བཅོམ་ཏེ་དཀྱིལ་རུའི་ལས་གུར་ནག་པོ་ལ་གཏད་དེ་བྱུང་བ་ན། གྱད་ཀྱི་མི་ནག་སྟོབས་ལྡན་དེས་གླུ་ལེན་སོགས་ཁོམ་ལོང་མ་བྱུང་བར་མདའ་འགྲན་མདུང་འགྲན་ཅི་རིགས་བྱས་ཀྱང་འདྲ་མཉམ་བྱུང་། དུང་སྐྱོང་དཔོན་གཡས་རུའི་སྒར་ལ་ཤོར་ནས་གྱད་མི་འབུམ་ཐུབ་ལན་མེད་ཟེར་བའི་གཙོས་གྱད་ཀྱི་མི་དགུ་བསད་དེ་སྒར་ཁྲ་མོ་དེ་ཁག་བཞི་རུ་གཏོར་ཚེ། མི་ནག་སྟོབས་ལྡན་དེའི་དྲན་པ་སྐོར་ལོག་བརྒྱབ། ངར་རྒོད་གཏིང་ནས་ལངས་ཏེ་འཕྲུ་ནག་ཅན་བརྒྱ་སྐོར་གཅིག་ཁྲིད་དེ་ཐེ་ཚོམ་མེད་པར་བཀའ་བློན་གཡུ་ལྷའི་གདོང་དུ་བཅར་ནས་དཔའ་གླུ་བླངས་ཤིང་མདའ་འཕངས་པ་གཡུ་ལྷའི་སྐུ་ལ་ཐེབས་ཀྱང་སྲུང་བས་བརྟན་ནས་མ་གནོད། དེར་གཡུ་ལྷ་དཔོན་གྱིས་རྒྱལ་པོ་སེང་ཆེན་གྱིས་གནང་བའི་ཕྱག་མདའ་སྨུག་པོ་ལྕགས་ནག་ཕུར་པ་འཕེན་པའི་དུས་ལ་བབས་པ་ཡིན་དགོངས་ནས་གཞུ་སྟེང་ལ་སྤྲད་དེ། ཡིན་ལུགས་ཀྱི་གླུ་དང་བཅས་མདའ་དེ་ཐོག་ལྟར་འཕངས་པ་གྱད་ཀྱི་མི་ནག་སྟོབས་ལྡན་གྱི་དཔྲལ་བའི་དཀྱིལ་དུ་ཐེབས་ཏེ་མདེའུ་ལྟག་རྒྱབ་ཏུ་ཐོན་མོད། ཁོའི་བླ་གནས་སྙིང་ཁར་ཡོད་པས་འཕྲལ་དུ་རྟ་ཐོག་ནས་ལྷུང་མ་ཐུབ་པར་གྲི་བཏོན་ཏེ་མཆོངས་བྱུང་སྐབས། དུང་སྐྱོང་སྟག་ལྷས་གྲི་གཉིས་གཡུག་པས་རྗེས་མ་ཁོའི་བྲང་ལ་རྩེ་ཤད་ཀྱིས་ཕེབས་ནས་རྟ་ལས་ལྷུངས་ཏེ་ཤི། དེར་ཡོད་དམག་མི་ལ་ལས་མདའ་འཕེན། ལ་ལ་ནི་བྲོས། ཕལ་ཆེར་མཚོན་ཞབས་སུ་ཤི་བ་སོགས་བྱུང་། སྐབས་དེར་བཀའ་བློན་དཔའ་བོ་གཉིས་ཀྱིས་དཔའ་ཚོད་བཟུང་སྟེ་ཕྱིར་འཇང་སྒར་ལ་ཕེབས། མོན་འཇང་དམག་གིས་དར་ཕྱར་དུར་འབུད་ཀྱིས་བསུ་བ་རྒྱ་ཆེན་པོ་བྱས། སྟག་གཟིག་གི་ཤུལ་ལུས་ཚོས་སྨྲེ་ངག་འདོན་བཞིན་རྒྱལ་པོར་སྙན་ཞུ་ཕུལ་བས་ཐམས་ཅད་སྡུག་བསྔལ་བར་གྱུར། རྒྱལ་པོས་ད་རུང་སྒར་མ་ཤོར་བར་བྱེད་དགོས་ཚུལ་དང་། མི་ནག་གི་ཚབ་ཏུ་དྲི་རྗེ་གཤེད་དམར་སྟོང་བདུད་མངག་རྒྱུ་བྱས་ནས་བསྡད་དོ། །

འདིའི་དུས་གླིང་དཀར་འབུམ་དཔུང་ཆེན་པོའི་དཔོན་མགོ་ཐོབ་ཆེན་ཚང་མ་ལྷ་སྲས་དགྲ་བླའི་མདུན་དུ་གྲོས་ལ་འདུས་ཏེ། སྟག་གཟིག་གི་དགྲ་མཐའ་བཅོམ་ལུགས་ལ་གླེང་མོལ་སྣ་ཚོགས་བྱས། སྟག་རོང་དཔོན་པོ་ཁྲོ་ཐུང་གི་རྨི་ལམ་རྨིས་ཚུལ་གྱིས་གླུ་ཕུལ། ཁུ་བོ་སྤྱི་དཔོན་གྱིས་ཁྲོ་ཐུང་གི་རྨི་ལམ་ལ་བདེན་རྫུན་གྱི་ཤན་དང་ལྷག་པར་རྒྱལ་པོ་གེ་སར་གདན་འདྲེན་ལ་འགྲོ་དགོས་ཚུལ་གྱི་གླུ་བླངས་པ་ལ་དཔོན་བློན་ཕལ་ཆེར་གྱིས་བདེན་པར་བཟུང་། ཁྲོ་ཐུང་སྤྱི་དཔོན་གྱི་གཏམ་ལ་མ་དགའ་སྟེ་གཏམ་ལན་བྱས་སྐབས་ལྷ་སྲས་དགྲ་ཐུགས་ཅུང་འཁྲོས་པའི་ཉམས་ཀྱིས་ཁུ་བོ་གཉིས་ཀྱི་གཏམ་མགོ་བཅོམ་པ་དང་། ཁོང་རང་གིས་གཟིམ་ལམ་རྨིས་ཚུལ་སྐོར་དང་རྒྱལ་པོ་སེང་ཆེན་གདན་འདྲེན་དགོས་ཚུལ། ལྷག་པར་བར་གླིང་གི་ཁྲི་དཔོན་ཨ་ནུ་དཔའ་སེང་འདས་པའི་ཁྲི་ཚབ་ལ། འཇང་སྲས་གཡུ་ཁྲི་གུང་སྔོན་མངའ་གསོལ་གཟེངས་བསྟོད་བྱེད་རྒྱུ་ཐག་བཅད་པ་སོགས་གླུ་རུ་བླངས། དེར་གླིང་གི་འབུམ་དཔུང་ཆེན་པོས་འཇང་སྲས་གཡུ་ཁྲི་གུང་སྔོན་བར་གླིང་འོམ་བུ་ཚོ་དྲུག་གི་ཁྲི་དཔོན་དུ་བསྐོ་བཞག་གནང་བའི་དགའ་སྟོན་མཛད་སྒོ་དང་། ཁྲི་འབུལ་མངའ་གསོལ་གཟེངས་བསྟོད་རྒྱ་ཆེན་པོ་མཛད་། སྐབས་དེ་དང་ལྷན་ཅིག་འཇང་ཕྲུག་གཡུ་ལྷ་དང་མོན་དུང་སྐྱོང་དཔོན་གཉིས་ཀྱིས་གྱད་ཀྱི་མི་ནག་སྟོབས་ལྡན་གྱི་མགོ་ལག་ལྷ་སྲས་དགྲ་བླའི་མདུན་དུ་ཕུལ། ལྷ་སྲས་ཀྱིས་བཀའ་བློན་གཉིས་ལ་སྔར་ལས་ཀྱང་ལྷག་པའི་དཔའ་དར་གཟེངས་རྟགས་དང་། ལྷག་པར་དབུ་རྒྱན་བྱུ་རུའི་ཏོག་དང་། རྨ་བྱའི་སྒྲོ་མདོངས། མི་ནག་སྟོབས་ལྡན་གྱི་ཁྲབ་རྨོག་རྟ་བཅས་གནང་། དེའི་ནུབ་མོ་ནམ་ཕྱེད་ཡོལ་ཙམ་ལ་གླིང་གི་འབུམ་དཔུང་ཆེན་པོ་ལམ་ལ་བུད་དེ། ཐོ་རངས་སྐར་ཆེན་ཤར་བ་དང་མཉམ་དུ་སྒར་རང་རང་གི་ཐད་ནས་སྟག་སྒར་ལ་གཡུལ་བྱས། དང་པོ་ཧོར་བདུད་དཔུང་གིས་བྱང་སྒར་བསྐོར་ཏེ་ཤར་ལྷོ་ནུབ་བྱང་བཞི་ནས་དཀྲུགས་སྐབས། བྱང་གི་དམག་དཔོན་ཆེན་པོ་གྱད་ཀྱི་རྔམ་ལྷ་སྟག་ཡག་དེས་དཔའ་ཆས་སྤྲས་ཤིང་རྟ་ངང་པ་གསེར་མིག་གི་གོང་ལ་བུད་ནས། ཧོར་དམག་འཕྲུ་དམར་ཅན་ལ་བརྒྱ་ཙམ་བརླགས་ནས་ཐོན་པའི་གདོང་དུ་ཧོར་གྱི་པཱ་དུར་ཐང་དཀར་རྩེ་རྒོད་ཀྲོང་ངེར་བུད་དེ་དཔའ་གླུ་བླངས་ཏེ་ཅུང་ཙམ་བཞུགས་པ་ན། སྟག་གཟིག་གི་དམག་དཔོན་དེས་ཀྱང་ཡིན་ལུགས་ཀྱིས་གླུ་དང་བཅས་ཕན་ཚུན་གྲི་ཁ་འགྲན་སྐབས། ཐང་དཀར་རྩེ་རྒོད་ལ་དགྲ་བླའི་སྲུང་མདུད་ཡོད་པས་མཚོན་མ་བླངས། ཐང་དཀར་རྩེ་རྒོད་ཀྱིས་རལ་གྲི་གཡུགས་ཏེ་དང་པོ་ཁོ་ལ་རྨས་བཟོས། གཉིས་པས་ཁོའི་དཔུང་གཡས་གྲི་དང་བཅས་སར་འཕངས་ནས་བསད་ཅིང་དེར་ཡོད་ཧོར་དམག་གིས་ཀི་བསྭོ་བསྒྲགས། ཡང་ནུབ་བྱང་ཕྱོགས་ནས་གྱད་ཀྱི་ཨ་སྐྱ་རྒོད་ལྡེམ་སོགས་ཀྱིས་མདའ་མདུང་ཅི་འཁྱོལ་གྱིས་ཧོར་འཕྲུ་དམར་ཅན་མང་པོ་བརླགས་པའི་དུས། ཧོར་ཀུན་དགའི་གནམ་ལྕགས་འབྲུག་སྒྲ་དང་། འཇང་སྲས་ཟླ་ཁྲི་སྨིན་དྲུག ། ཞུ་ག་དར་བློན་པོ་ཕྱིང་སྔོན་གསུམ་གྱིས་གདུང་བཀག་ཅིང་། ལྷག་པར་ག་དར་ཕྱིང་སྔོན་དེས་རྟ་དཀར་པོ་སྤྲིན་དཀར་རྩལ་ཆེན་གྱི་གོང་ནས་ཡོབ་ལང་བཅས་དཔའ་གླུ་བླངས་ཏེ། ཞགསཔ་དྲིལ་བ་རླུང་འཛིན་འཕངས་པ་གྱད་མི་ཨ་སྐྱའི་སྐེར་ཐེབས་ནས་རྟ་དང་ཁ་བྲལ་ནས་ཁྲིད། གཞན་ཉ་བའི་གསེར་ཚ་དཔུང་རིང་དང་། གནམ་ལྕགས་འབྲུག་སྒྲ། བདུད་བློན་རུ་ཏྲ་དཔའ་བོ་གསུམ་པོས་གྲི་ཕྱར་ཏེ་གྱད་མི་ཚོའི་གདོང་བཀག་ནས་གྱད་མི་ལྔ་ཐང་ལ་བརྡབས་སྐབས། གྱད་མི་གཅིག་ཕྱིར་དམག་ཁྲོད་དུ་བྲོས། ཧོར་སྡིག་གཅོད་ཤན་པ་རྒྱལ་པོ་སོགས་ཀྱིས་སྟག་དམག་རྣམས་ཆག་ཉིལ་དུ་བཏང་ནས་སྒར་གྱི་ཕྱེད་ཙམ་བརླགས་པས། དམག་རྣམས་ཀྱིས་གུར་དང་ཀ་ཆ་རྣམས་བསྐྱུར་ཏེ་བྲོས། འགའ་ཞིག་གིས་གུས་ཕྱག་ཕུལ་ནས་མགོ་བསྒུར། ཡང་སྒར་དེའི་གཡོན་ཟུར་ནས་ལ་ལས་འཐབ། འགའ་རེ་བྲོས་པ་སོགས་བྱས་པས་བྲོས་པ་རྣམས་དེད། འཐབ་པ་རྣམས་བསད། ཕལ་ཆེར་གྱིས་མགོ་བསྒུར་ཏེ་བསྡད་པས་སྲོག་སྦྱིན་བྱས། ཚུར་ཡང་འཕྲུ་དམར་ཅན་མང་ཙམ་གྲོན་སོང་མོད། མཐར་ཧོར་གྱི་དམག་ལ་རྒྱལ་ཁ་ཐོབ་ཏེ་སྒར་དེའི་དངོས་ཆས་ཡོངས་རྫོགས་འཐོར་མེད་དུ་བླངས་ནས་བཤར། ཡང་སྟག་རོང་ཚང་གི་དཔུང་གིས་སྟག་བློན་ཞལ་དཀར་ལྡན་པའི་དཔུང་སྒར་སྐོར་ཏེ་ཤར་ལྷོ་ནུབ་བྱང་བཞི་ནས་འཁྲུག་གྲབས་སྐབས། བློན་ཞལ་དཀར་ལྡན་པ་དེ་རྟ་མགྱོགས་པ་ཐང་དཀར་འཕུར་ཤེས་ཀྱི་གོང་ལ་བུད་དེ། ཨ་ཁུ་སྟག་རོང་རྒྱ་བོའི་ཐད་དུ་རྒྱུགས་བཞིན་མདའ་དྲུག་འཕངས་པས་སྲིབ་ས་སྟག་རོང་གི་བློན་དྲུག་དང་དམག་གསེར་ཁྲབ་ཅན་ལ་བཅུ་ཙམ་བསྒྲིལ་ཅིང་གྲི་བཏོན་ཏེ་བྱུང་བ་ན། སྟག་རོང་དཔོན་པོ་ཁྲོ་ཐུང་དེ་མ་བྲོས་ཤིང་རྟ་ངང་པ་ཆིབས་རྒྱུགས་ཀྱི་གོང་ནས་སྲིན་གཞུ་ཝ་མ་ཝེང་ཆེན་ནང་། སྲིན་མདའ་ས་ལ་སེང་ཆུང་བཞག་སྟེ་ད་རེས་མ་བྲོས་ན་འདུལ་སྐལ་ཡོད་ལས་ཆེ་བསམ་ནས་སྟོང་འཇུག་མེད་པས་གླུ་བླངས་ཤིང་། མདའ་དེ་འཕངས་པ་བློན་ཞལ་དཀར་ལྡན་པའི་སྒའི་སྔ་རུ་ལ་ཐེབས་ནས་ཕྱེད་གཤགས་སུ་བཏང་། དེར་སྟག་བློན་ཞལ་དཀར་ལ་གླུ་ལེན་སོགས་ཀྱི་ཁོམ་ལོང་མ་བྱུང་པར་གྲི་བཏོན་ནས་མཆོངས་ཏེ་གཡས་གཡོན་ནས་དམག་གསེར་འཕྲུ་ཅན་ལ་བཅུ་གསུམ་བསྒྲིལ་ཅིང་ཁྲོ་ཐུང་གི་ཐད་དུ་བྱུང་ཚེ། ཁྲོ་ཐུང་གིས་རྟ་ཁ་ཕྱིར་སློག་ནས་ཕྱིར་ལྟས་མེད་པར་བྲོས། བློན་ཞལ་དཀར་གྱིས་རྗེས་བཞིན་དེད་པ་རྒྱལ་སྲས་མ་ཎི་ཀ་རས་གཟིགས་ཏེ་ཞལ་དཀར་གྱི་གདོང་བཀག་ནས་མདའ་གཉིས་འཕངས་པ་སྔོན་མ་དེ་ཁོའི་བྲང་ལ་ཐེབས་པས་གོ་ཁྲབ་སིང་གིས་གཏོར། རྗེ་མ་དེ་རྟ་དཀར་པོའི་སོག་ཁྲབ་ལ་ཐེབས་པས་འགྱེལ་ཙམ་བྱས་པ་དང་ལྷན་དུ་ཡུལ་བདག་བྲེ་ལེ་སོག་དཀར་གྱིས་རྟ་ལ་རང་ཚོད་ཟིན་པའི་དབུགས་བྱིན་པས་སླར་ཡང་རྟ་དེ་ལངས་ནས་བྱུང་། ཁོས་མདའ་གཞུ་སྟེང་ལ་སྤྲད་ནས་ཡིན་ལུགས་ཀྱི་གླུ་དང་བཅས་མདའ་གཉིས་འཕངས་པ་གཅིག་རྒྱལ་སྲས་ཀྱི་སྐུ་ལ་ཐེབས་ཀྱང་སྲུང་བས་བརྟན་པས་གནོད་མ་བྱུང་མོད། མདའ་རྗེས་མ་རྟ་གངས་རི་ལྡིང་མཛེས་ཀྱི་དཔྲལ་བར་ཐེབས་ཏེ་མི་རྟ་གཉིས་པོ་ཐལ་རྡུལ་ཚུབ་བེར་འགྱེལ་སོང་། དེ་ཚེ་རོང་སྲས་ལྷ་རྒོད་འབུམ་ལུ་ཕེབས་ཏེ་ཞལ་དཀར་གྱི་གདོང་བཀག་ནས་རལ་ཁ་འགྲན་པ་འདྲ་མཉམ་སྐབས། འདན་སྲས་གཡུ་འོད་འབུམ་མེ་མཆོངས་པས་སྟག་བློན་ཁོ་དཔའ་ཆག་ནས་བྲོས་ཞོར་གྱི་ལམ་ཞབས་སུ་སྟག་རོང་གི་དམག་བཅུ་གསུམ་བསད་དེ་ཤོར། དེར་དམག་མང་རྣམས་ཇ་ཡུན་གཉིས་ཙམ་ལ་འཁྲུག་པས་ཚུར་ཡང་རྟ་དམག་ཉིས་བརྒྱ་ལྷག་དང་། ཕར་རྟ་དམག་སྟོང་ཙམ་བསད་ཅིང་འཕྲོས་རྣམས་ཀྱིས་མགོ་བསྒུར་བ་རང་སོར་བཞག་ནས་སྒར་གྱི་དངོས་ཆས་ཚང་མ་བླངས། ཡང་བར་གླིང་འོམ་བུའི་ཁྲི་དཔོན་འཇང་སྲས་གཡུ་ཁྲི་གུང་སྔོན་དེས་དཔུང་ཆེན་ལ་ཕྱོགས་བཞི་ནས་སྟག་སྒར་བསྐོར་བའི་རུ་བཀོད་བྱས་ཏེ། དང་པོ་སོ་པ་རྣམས་གཏོར་ནས་ནམ་ལངས་པ་དང་མཉམ་དུ། ནུབ་ཀྱི་དམག་སྒར་དེ་བསྐོར་བ་ན། དམག་བློན་བཙན་ལྷ་རྡོ་རྗེ་དེ་གསང་སྟབས་ངང་རྒྱལ་པོའི་མདུན་གྲོས་བྱེད་དུ་སོང་བས། གླིང་དམག་གིས་དམག་མི་ཁས་ལེན་ཐམས་ཅད་བསད་ཅིང་མི་རོས་རྟ་ལམ་འགགས། ཁྲག་གི་མཚོ་མོ་འཁྱིལ་བའི་སྐབས་གཡས་ཟུར་ནས་གྱད་ཀྱི་ཁྲོམ་རྩེ་དཔུང་རྒོད་དེས་འོམ་ཤོག་གི་མི་རྟ་མང་པོ་བཅོམ་ནས་ཐོན་སྐབས། འཇང་སྲས་གཡུ་ཁྲི་གུང་སྔོན་དེས་ཆིབས་སྤྲིན་གཤོག་ཁུ་བྱུག་རྩལ་ལྡན་གྱི་གོང་ནས་དཔའ་གླུ་བླངས་ཏེ་མི་དེ་སུ་ཡིན་གྱི་ལན་ལ་སྒུག་ནས་བཞུགས་སྐབས། གྱད་མི་ཁྲོམ་རྩེས་ཀྱང་དེ་ལན་གྱི་གླུ་དང་བཅས་མདའ་གཅིག་འཕངས་པ་ཁྲི་དཔོན་གཡུ་ཁྲིའི་ཕྲག་གཡས་པའི་ཐད་དུ་ཐེབས་ཀྱང་གོ་ཁྲབ་གཏོར་ཙམ་ལས་གནོད་མ་ཐུབ། ཁྲི་དཔོན་གཡུ་ཁྲིས་རལ་གྲི་གཡུག་ཐེངས་གཅིག་གིས་ཁོའི་ཕྲག་པའི་སྟེང་ནས་རྟ་སྒ་ལ་ཐུག་གི་བར་གཤགས་ཤིང་ཐང་ལ་འཕངས་པ་དང་། བར་གླིང་འོམ་བུའི་དཔུང་གིས་ཀི་བསྭོ་ལྡིར་ཞིང་ཁོའི་རྟ་ཁྲབ་འཁོར་གསུམ་མགོ་འཕྲུ་བཅས་བླངས། ཡང་གཡས་ཕྱོགས་ནས་ལྷ་སྲས་དགྲ་བླ་རྩེ་རྒྱལ་གྱིས་སྟག་དམག་བསད་པ་བསམ་གྱིས་མི་ཁྱབ། བྲོས་པ་རྣམས་རྒུམ་འབུ་འཐུ་འཐུ་ལྟར་བྱས་པའི་ངང་དེར། གྱད་ཀྱི་ས་བདག་ལྟོ་དཀར་དེ་རྟ་ཕོ་བྱ་མ་བྱིའུ་མགོའི་གོང་ལ་ཐོན་ཏེ་མདའ་གཉིས་འཕངས་བྱུང་བས། སྔོན་མ་དེས་རྨོག་གི་ཁྱུང་ཏོར་གཏོར། རྗེས་མ་དེ་ཁྲབ་སྟོད་སྨད་མཚམས་སུ་ཐེབས་ཀྱང་དགྲ་ལྷའི་སྲུང་བས་བརྟན་ནས་མ་གནོད། དེར་ལྷ་སྲས་ཐུགས་ཁྲོས་ནས་རྒྱ་གཞུ་དཀར་མོ་འཐེན་སྐྱིད་སྟེང་། ཕྱག་མདའ་གློག་ལྕེ་འབྲུག་གྲགས་བཞག་ནས་འཕངས་པས་གྱད་མི་དེར་བྲག་ལ་ཐོག་ལྕེ་བབས་པ་ལྟར་གྱིས་བརླགས། དེར་གླིང་མི་ཚོས་སྟག་དམག་བསད་པས་ཐང་དེ་རོ་ཡིས་བཀང་ནས་སྲིན་པོའི་གྲོང་ལྟ་བུ་ཞིག་བཟོས། མདུན་ཟུར་ནས་གྱད་མི་དཔའ་བོ་གསེར་མིག་དེས་རྟ་ངང་བ་སྟོང་འཁྱམས་གོང་ནས་འཕྲུལ་མདུང་བསྐོར་བཞིན་དམག་འཕྲུ་དམར་ཅན་བདུན་བརྒྱའི་མགོ་འཚོས་ཤིང་། གླིང་གསེར་བའི་ཕྱོགས་ནས་མི་རྟ་མང་ཙམ་བཅོམ་པའི་སྐབས། འབྲུ་སྒ་སྡེའི་ཆོས་སྐྱོང་བེར་ནག་གིས་མདུང་གིས་བསད་ཅིང་སྒར་གྱི་དངོས་ཆས་ཅི་ཡོད་ཁྱེར། དེ་བཞིན་དུ་མོན་འཇང་དཔུང་རྒོད་ཀྱིས་རང་ཐད་ཀྱི་སྟག་སྒར་ཕྱོགས་བཞི་ནས་ཨ་ལོང་ལྟར་བསྐོར་བ་ན། དྲི་རྗེ་གཤེད་དམར་སྟོང་བདུད་དེ་འདོ་བ་དེ་ཕོ་མཚལ་ལུའི་གོང་དུ་བུད་ཅིང་། རལ་གྲི་མེ་ལྕེ་གློག་འོད་གཡུགས་ཏེ་མོན་དམག་འཕྲུ་དཀར་ཅན་དྲུག་ཅུ་ཙམ་བཅོམ་མཚམས་སུ་བཀའ་བློན་དུང་སྐྱོང་སྟག་ལྷ་ཁྲི་དཀར་གྱིས་བཀག་ཚེ། དྲི་རྗེ་གཤེད་དམར་གྱིས་ཡོབ་ལངས་བརྒྱབས་ཏེ་ཡིན་ལུགས་ཀྱི་གླུ་བླངས། དུང་སྐྱོང་དཔོན་གྱིས་ཀྱང་རལ་གྲི་ལྟ་བ་རེག་གཅོད་ཤུབས་ཁར་སྤར་ནས་གླུ་ལན་བཅས་གྲི་གཡུག་ཐེངས་གཅིག་གིས་སྟག་བློན་གྱི་མགོ་རྨོག་དང་བཅས་སར་གཡུགས། ཡང་གཅིག་གཡུགས་ནས་ལུས་ཕྱེད་གཤགས་ཀྱིས་སར་གཡུགས། ཡང་གཅིག་གཡུགས་ནས་རྟ་སྒ་དང་བཅས་གཏུབས་ནས་དམག་ཁྲོད་དུ་མཆོངས་ཏེ་འཕྲུ་དམར་ཅན་བརྒྱ་དམག་ཙམ་མཚོན་ལ་དྲངས། དེ་དང་ལྷན་བཀའ་བློན་གཡུ་ལྷས་གྱད་མི་ཉི་ཁྲི་འབུམ་ཐུབ་གཙོས་དམག་ལྔ་བརྒྱ་ཙམ་བཅོམ། ལྷོ་ཕྱོགས་ནས་འཇང་ཁུ་བྱུག་དཔོན་པོས་གྲི་མདུང་ཅི་རིགས་ཀྱིས་དམག་སུམ་བརྒྱ་ཙམ་བཅོམ་སྟེ་བྱུང་བ་ན། གྱད་མི་ནམ་མཁའ་འབྲུག་འཛིན་དེས་མདའ་གཞུ་འདོན་བཞིན་གདོང་བཀག་པ་ལ་ཁུ་བྱུག་དཔོན་པོས་ཡིན་ལུགས་ཀྱི་གླུ་དང་བཅས་མདའ་འཕངས་ཏེ་བཏུལ། ནུབ་སྒོ་ནས་འཇང་མེ་ཉག་ཆོས་ཀྱི་དབང་ཕྱུག་གིས་མདུང་ཕུལ་ཏེ་གྱད་མི་དང་དམག་མི་ཉིས་བརྒྱ་ཙམ་ཆག་ཉིལ་དུ་བཏང་ནས་སྒར་དེ་ལ་འཐབ་པའི་འདུ་ཤེས་མེད་པར་བཟོས་པས། མང་པོ་ཞིག་གིས་གོ་མཚོན་བཞག་ཏེ་མགོ་འབུལ་ཞུས། དངོས་ཆས་འཐོར་མེད་དུ་ཁྱེར་ནས་རྒྱལ་ཁ་ཆེན་པོ་བླངས་ཏེ་སྒར་དུ་ལོག ། ཉི་མ་དེའི་ཕྱིའི་ཉིན་གླིང་གི་སྒར་དཔོན་དཔའ་བརྟུལ་ཆེ་གྲས་རྣམས་ལྷ་གུར་དུ་གདན་ལ་འཁོད་ཅིང་ལྷའི་ལོངས་སྤྱོད་དང་མཉམ་པའི་དམག་སྟོན་རྒྱ་ཆེན་པོ་མཛད། ཁ་སང་གི་དཔའ་རྟགས་ལེན་མཁན་གྱི་དཔའ་བོ་ཡོངས་རྫོགས་ལ་དཔའ་དར་གཟེངས་བསྟོད་རབ་འབྲིང་འོས་བབས་དང་བསྟུན་ཏེ་ཕུལ་བ་སོགས་བྱས་ནས་བཞུགས། ཉི་མ་དེའི་ཕྱིའི་ཉིན་གླིང་ཆེ་རྒྱུད་ཚང་ནས་རྟ་མི་ལྔ། འབྲིང་རྒྱུད་ཚང་ནས་རྟ་མི་ལྔ། ཆུང་རྒྱུད་ཚང་ནས་རྟ་མི་ལྔ། ལྔ་གསུམ་བཅོ་ལྔ་དེ་ཤར་རྨ་ཁམས་གླིང་གི་ཡུལ་དུ་གླིང་རྗེ་སྐྱེས་བུ་དོན་གྲུབ་གདན་ཞུ་ལ་ཕེབས་སོ། །

དེ་ནས་གླིང་འབུམ་དཔུང་ཆེན་པོའི་སྤྱི་ཁྱབ་ལྷ་སྲས་དགྲ་བླ་རྩེ་རྒྱལ་གྱིས་ཐུགས་བཀོད་ལྟར། རི་སྨུག་གུ་དེལ་ཆུང་མན་ཆོད་དང་། བྲག་དམར་སང་ཡག་ཡན་ཆོད་ལ་ཁྲ་མོ་གླིང་གི་འབུམ་དམག་དང་། སྨུག་གུ་དེལ་ཆུང་ཡན་ནས་རྫ་བཀྲ་སྤང་ལམ་ཚུན་ལ་མོན་འཇང་གཉིས་ཀྱི་སྒར། རྫ་བཀྲ་སྤང་ལམ་ཡན་ཆོད་དང་། རག་མ་རྫ་གོང་མན་ཆོད་ལ་ཧོར་བདུད་ཀྱི་སྒར། ར་མ་རྫ་བྲག་མན་ཆོད་དང་བྲག་དམར་ཟངས་ཡག་ཡན་ཆོད་ལ་རོང་མི་ཚོ་དམར་པོའི་དམག་སྒར་རྣམས་ལྟ་བ་མིག་གིས་མི་བཟོད། བརྗོད་པ་སེམས་ཀྱིས་མི་ལོང་བ་ཞིག་བྱས་ནས་བཏབ་པར་གདའ་འོ། ། འདིའི་སྐབས་སུ་སྟག་གཟིག་རྒྱལ་བློན་རྣམས་བློ་མི་བདེ་བའི་ངང་ཅི་དྲག་གླེང་སྐབས། ཁྱུང་པོ་དཔའ་རྒྱལ་ནས་སྟག་སྒར་རུ་བཞི་ནས་བཙན་ལྷ་དང་ཞལ་དཀར་ལྡན་པ་གཉིས་མ་གཏོགས་གཅིག་ཀྱང་མགོ་ཐོན་མི་འདུག། བཙན་ལྷ་ནི་རྒྱལ་པོ་རང་གིས་བཀུག་ནས་བཤོལ་བ་དང་། ཞལ་དཀར་མི་རྟ་གཉིས་པོ་འཁོར་གསུམ་ཡང་ཤོར་ནས་བྲོས་པའི་ཐར་བའི་གནས་ཚུལ་སྟག་གཟིག་རྒྱལ་པོར་ཞུས་སྐབས། རྒྱལ་པོ་ནང་བློན་ཞལ་དཀར་ལྡན་པའི་སྟེང་རབ་ཏུ་ཁྲོས་ཏེ་ཉེས་བགྲང་དང་སྲོག་ལ་གཏུགས་དགོས་པའི་གླུ་བླངས་པ་ན། བཙན་ལྷ་དཔོན་སོགས་ཀྱིས་རྒྱལ་པོའི་མདུན་གསེར་གྱི་དོང་ཙེ་ལྔ་བརྒྱ་མཛོད་དར་བཅས་ཕུལ་ནས་སྐབས་འདི་ཙམ་ལ་དེ་འདྲའི་དུས་མིན་པའི་ཞུ་འབུལ་ནན་ཆེར་བྱས་ཚེ། རྒྱལ་པོ་ཤིན་ཏུ་ཁྲོས་ཏེ་དགྲ་སྟག་རོང་ཁྲོ་ཐུང་དང་ཞལ་དཀར་ལྡན་པ་གཉིས་ལ་ཁྱད་མེད་མོད། ཁྱེད་བློན་ཚོགས་ཀྱིས་ཞུས་པའི་ངོ་ལ་འཇོག ། གཡུ་ཤོད་རུ་བཀྲ་དེ་ནས་ཞག་བདུན་གསུམ་གྱི་བར་དུ་དགྲ་ཉེས་མི་ཡོང་བའི་ལེ་ཁག་ཁུར་དགོས། དེ་སྔོན་བློན་ལ་བསྡད་པའི་ངོ་ཡིན་པས་དམག་སོར་སྡོད་པའི་གྲོ་ཆས་ལ་བྲ་རྩམ་འབོ་གང་། ཆང་ར་རྐྱལ་གང་། ར་ཤ་ལག་གཡས་བཅས་བསྐུར་ཏེ་གྲལ་རབས་བརྒྱད་ཅུའི་མཐའ་ནས་ཕྱག་གསུམ་འཚལ་ཏེ་སོ་བ་རུ་གཏོང་དགོས་པའི་བཀའ་བབས། ཞལ་དཀར་གྱིས་ཀྱང་ཕྱག་འཚལ་བཞིན་གླིང་ལ་མགོ་སྒུར་རྒྱུ་དྲན་ཏེ་བློན་པོ་རྣམས་ལ་ཞེ་ཕམ་དང་གོ་བའི་གླུ་བླངས། བཙན་ལྷ་རྡོ་རྗེས་ཐེ་ཚོམ་ངང་ཞལ་དཀར་ལ་ཁ་ཏ་བྱས། ཞལ་དཀར་གྱིས་ཀྱང་གནས་སྐབས་བཙན་ལྷ་ལ་དེ་ལྟར་བྱེད་འདོག་ཁས་བླངས་ཏེ་གཡུ་ཐང་ལ་སླེབས་ནས་སྒར་བཟུང་། དེ་མིན་སྟག་གཟིག་ཡུལ་གྱི་རྫོང་ཕྱི་ནང་གི་བློན་པོ་རུ་དཔོན་ཚང་མས་མཉམ་ཤི་མཉམ་སྡོད་བྱེད་པའི་གྲོས་ཁ་མཐུན་པས་འབའ་དང་མནའ་དཔང་ལ་ཡུལ་བདག་བྲེ་ལེ་སོག་དཀར་བཞག་ཅིང་། འཕྲོས་ལུས་ཀྱི་འབུམ་དམག་ཕྱེད་གསུམ་དེ་གོ་བཤེར་མཚོན་ཐོགས་ཀྱི་ངང་ཞག་གཉིས་སོང་སྐབས། ནང་བློན་ཞལ་དཀར་ལྡན་པའི་བསམ་པ་ལ། ཅི་ལ་དཔྱད་ཀྱང་ང་རང་སྡོད་པའི་དུས་མི་འདྲ། ད་ནི་གླིང་ལ་མགོ་སྒུར་རྒྱུ་དེ་བྱ་བ་ཉེས་འདུག་ཀྱང་བྱ་ཐབས་བྲལ། ལྷ་སྲས་དགྲ་བླ་རང་མཇལ་དགོས་ཀྱང་བྱ་བ་ལམ་དུ་འགྲོ་བ་ཁག་པོ་ཡིན། དེ་བས་རང་གི་ཞང་པོ་སྟག་ལྷ་འོད་འབར་དང་ཧོར་སྡིག་པ་ར་ཙ་གཉིས་བྱང་ཨ་མོ་གེ་ཐང་དུ་ཤ་བ་གསོད་པའི་གྲོགས་པོ་ཡིན་རབས་འདུག་པས་ཧོར་ཤན་པ་རྨེ་རུ་ལ་བཏུད་ན་ཁེབས་ཆེ་སྙམ་སྟེ། ནུབ་མོ་ས་སྲོད་ཀྱི་དུས་ལ་བབས་པ་དང་མཉམ་དུ་མི་ཐང་གཉིས་ལ་ཡིག་འཕྲིན་དང་། གསེར་སྒོར་མོ་བཅུ་སྐུར་ཏེ་སུས་ཀྱང་མི་ཤེས་པར་བྱས་ནས་ཧོར་གྱི་ཕྱོགས་སུ་བཏང་བ། ཧོར་གྱི་སོ་བ་རྣམས་བརྒྱུད་ཤན་པའི་དྲུང་དུ་ཕུལ་བས་ཕན་ཚུན་གོ་བརྡ་འཕྲོད་དེ། ནམ་ཕྱེད་ཡོལ་ཙམ་ལ་ཞལ་དཀར་དཔོན་བློན་རྟ་པ་དགུ་བཅུ་ཐམ་པ་ཤན་པའི་སྒར་དུ་འབྱོར། ཧོར་གྱིས་པཱ་དུར་ཚོས་བསུ་བ་དང་། ཞལ་དཀར་གྱིས་ཤན་པ་ལ་མཇལ་དར་བཅས་གླིང་ཕྱོགས་ལ་བསམ་པ་གཏད་རྒྱུ་ཡུལ་ལྷ་གཉེན་པོ་དཔང་པོར་བཙུགས་པར་གདའ། དེའི་ཕྱི་ཉིན་ཉི་མ་ཤར་བ་དང་སྟག་སྒར་ནས་ཞལ་དཀར་ལྡན་པ་མེད་པའི་གནས་ཚུལ་རྒྱལ་བློན་ལ་སྙན་ཞུ་ཕུལ། རྒྱལ་བློན་ཚོ་འདུས་ཤིང་ནང་འགྱོད་ནང་མཁོན་མང་པོ་བྱས། ཉི་མ་དེའི་ཕྱིའི་ནུབ་མོ་ས་སྲོད་ལ་འོལ་མོ་ལུང་གི་མདའ། བསམ་རྫོང་བྲག་དམར་ཡིད་ལྷུང་དུ་ཨ་བོན་བླ་མའི་སྦས་ལུང་ཡིན་ཟེར་ས་རུ་སྟག་གཟིག་རྒྱལ་བློན་ཡབ་ཡུམ་བློན་འཁོར་བརྒྱ་ལྷག་ཙམ་དྲེའུ་ཉིས་བརྒྱ་ཙམ་དེད་དེ་བཙན་རྫོང་འཛིན་དུ་སོང་། འཕྲོས་དཔུང་གི་མགོ་འཛིན་ལ་དམག་དཔོན་བཙན་ལྷ་རྡོ་རྗེས་མཛད་དེ་འཐབ་ཆོག་ཆོག་གིས་སྒུག། ཉི་མ་དེའི་ཕྱིར་ནངས་སྐྱ་རེངས་གསལ་བ་དང་ལྷན་གླིང་དམག་གིས་སྔར་ལྟར་ཕྱོགས་བཞི་མཚམས་བརྒྱད་ནས་གཡུ་ཤོད་རུ་ཐོག་ཏུ་བརྒྱ་ལུག་སྤྱང་ཀིས་གཏོར་བ་ལྟར་བྱས་ནས་བྱུང་བའི་དུས། གྱད་ཀྱི་ལྷ་རྒོད་སྟག་དམར་དེས་རྟ་རག་པ་ཞུར་ཡོན་གྱི་གོང་དུ་སོ་སྒྲ་འདོན་བཞིན་བུད་དེ། འབྲི་སྒ་སྡེའི་གདོང་བཀག་ནས་གླུ་བླངས་པ་ན་ཆོས་སྐྱོང་བེར་ནག་གིས་མདུང་སོ་ཤུབས་ནས་ཕྱུང་བཞིན་ཡིན་ལུགས་ཀྱི་གླུ་དང་བཅས་མདུང་ཁ་འགྲན་མཐར་སྒ་སྡེའི་མདུང་ཁོའི་མཆན་འོག་ཏུ་ཐེབས་ནས་བསད། དམག་དཔོན་ཆེན་པོ་བཙན་ལྷས་སྟག་རོང་གི་དམག་རྔ་འཕྲུ་ཅན་ཉིས་བརྒྱ་ཙམ་བརླགས་ནས་ཤོར་བ་སྲས་ལྷ་རྒོད་སྤུན་གཉིས་དང་། སྟག་ལྷ་ཁྲི་དཀར། གཡུ་ལྷ་ཐོག་འགྱུར་བཞི་བོས་བཀག་ཏེ་གྲི་ཁ་འགྲན་ཚེ། བཙན་ལྷས་གྲི་གཡུག་ནས་ལྷ་རྒོད་ཀྱི་ཆིབས་བྲ་ནག་རླུང་འཛིན་གྱི་སོག་པ་ཕྲལ་ཏེ་ས་ལ་འགྱེལ་བ་དང་མཉམ་དུ་ཆིབས་ལས་ལྷུང་། གླིང་བ་ཚོས་ངར་ཆེན་གྱིས་བཀག་པས་ཁོས་གྲི་ངོ་མ་ལོན་པར་རྟ་ཁ་བསློགས་ཏེ་ཤར་ཕྱོགས་སུ་ཐོན། གྱད་ཀྱི་དུང་ལུ་འབུམ་དཔོན་དེས་མདའ་བརྫངས་ནས་དམག་ལྕགས་འཕྲུ་ཅན་མང་ཙམ་བརླགས་ཚེ་གཡུ་ལྷས་མདའ་ཤར་འཕེན་ཞིག་གིས་ཁོ་བསད། ཡང་བཙན་ལྷ་རྡོ་རྗེས་ཧོར་གྱི་དམག་འཕྲུ་དཀར་ཅན་བརྒྱ་ཙམ་བཅོམ་པའི་དུས་སྡིག་གཅོད་ཤན་པས་རྟ་དམར་ཆུང་གི་གོང་ནས་གཞུ་སྟེང་ལ་ལྕགས་མདའ་ཟེར་མ་མགུལ་རིང་བཞག་ནས་སྟོང་འཇུག་མེད་པའི་གླུ་བླངས་ཤིང་། མདའ་འཕངས་པ་བཙན་ལྷའི་རྨོག་ལ་ཕོག་ནས་གཏོར། བཙན་ལྷས་ཀྱང་དང་པོ་མདའ་ཞིག་གིས་ཨེ་ཐུབ་ལྟ་དགོས་སྙམ་ནས་མདའ་གཞུ་ལ་སྦྱོར་བཞིན་གླུ་ལན་བླངས་ཏེ་འཕངས་པ་ཤན་པའི་ཁྲབ་སྟོད་སྨད་མཚམས་སུ་ཕོག་མོད་སྲུང་བས་བརྟན་ནས་མ་གནོད། དེ་ནས་ཁོ་རང་གཉིས་རལ་ཁ་ཡུན་རིང་ལ་འཐབས་ཀྱང་ཕམ་རྒྱལ་མ་བྱུང་། སྐབས་དེར་བྱང་གི་ཨ་སྟག་ཀླུ་མོ། པཱ་དུར་ཐང་དཀར་རྩེ་རྒོད། རི་བའི་ཉ་ཁྲི་དགུ་མིག་སོགས་ཀྱིས་གྲི་བཏོན་ནས་ཤན་པ་ལ་དཔུང་རོགས་བྱས། བཙན་ལྷས་གྲི་གཡུག་ཐེངས་གཅིག་གིས་རི་བའི་ཉ་ཁྲི་དགུ་མིག་བཀྲོངས། སྐབས་དེར་དཔའ་བོ་ཚོས་བཙན་ལྷའི་གདོང་ནས་ཕྱིར་ནུད་ཤོར། དཔའ་རྒོད་ཤན་པ་རྨེ་རུའི་རལ་གྲི་དུག་རལ་འབར་བའི་རྩེ་ནས་གནམ་ཐེལ་དཀར་པོའི་འཕྲུལ་གྱི་ན་བུན་ཁྲུ་གང་ཙམ་འབར་བས། བཙན་ལྷས་གྲི་ངོ་མི་ལོན་པ་ཤེསནས་ལྷོ་ཕྱོགས་ཀྱི་སྒར་ལ་གཏད་དེ་བྲོས་སོང་། ཤན་པས་ཀྱང་ཅུང་དེད་ཚུལ་དང་བཅས་དམག་གསེར་འཕྲུ་ཅན་མང་དུ་བསད། ཡང་ཤར་ལྷོའི་མཚམས་ནས་གྱད་ཀྱི་འབུམ་རྒོད་ཀླུ་བདུད་དེས་འཕྲུལ་མདུང་གིས་དམག་རྔ་འཕྲུ་ཅན་མང་དུ་བསད་པའི་དུས། དུང་སྐྱོང་དཔོན་པོས་མདའ་འཕངས་ཏེ་བསད་པར་མ་ཟད་གྱད་མི་དྲུག་རལ་གྲིའི་ངར་ལ་དྲངས། དེར་གླིང་བ་རྣམས་ངར་ཆེ་བས་སྟག་དམག་གིས་ཡ་མ་ཟིན་པར་མང་ཆེ་བས་མགོ་བཏགས། དེར་བཙན་ལྷས་གྱད་མི་ལྔ་ཁྲིད་དེ་སྲིབ་པ་སྟག་རོང་གི་རྟ་དམག་བཅུ་གསུམ་བསད་དེ་ཨ་ཁུ་ཁྲོ་ཐུང་གི་ཐད་དུ་ཐོན་པ་ན། དཔོན་པོ་ཁྲོ་ཐུང་གིས་རྟ་ཁ་བསློགས་ཏེ་བྲོས་ལམ་ནས་ཆིབས་ཀྱི་རྐང་རྨིག་ཨབ་དོང་དུ་ལྷུང་རྐྱེན་གྱིས་ཁྲོ་ཐུང་རྟ་ལས་ལྷུང་། སྲས་ལྷ་རྒོད་སོགས་རྒོད་ཅིང་ཧྲག་པ་རྣམས་ཀྱིས་འཐབ་པས་བཙན་ལྷ་ཁོ་རང་ཤར་རྒྱག་གིས་བསམ་རྫོང་བྲག་དམར་ཡིད་ལྷུང་གི་རྒྱལ་པོའི་སྒར་དུ་བྲོས་པར་གདའ་འོ། ། དུས་དེར་ཧོར་འཇང་མོན་བདུད་སོགས་ཀྱིས་སྟག་གཟིག་སྒར་གྱི་རྟ་ཁྲབ་འཁོར་གསུམ། ནོར་རྫས་སོགས་གང་ཐོབ་ཏུ་ཁྱེར་ནས་བཤར། ཉི་མ་དེའི་ཕྱིའི་ནང་དུ་གླིང་གི་རུ་ཤོག་སོ་སོའི་ཧྲག་བསྡུས་སྟོང་དམག་རེ་བསྡུས་ཤིང་། མགོ་འཛིན་ལ་མོན་ཕྲུག་ཟླ་བ་ཁྲབ་བཙན། འཇང་མི་ཉག་ཆོས་ཀྱི་དབང་ཕྱུག ། ལྷོའི་བརྒྱ་དཔོན་ཨ་བསེ་ཐོག་རྒྱལ། ཧོར་གྱི་པཱ་དུར་ཐང་དཀར་རྩེ་རྒོད། བདུད་ཀྱི་རུ་ཏྲ་དཔའ་བོ་ལྔ་པོ་བློན་འཁོར་དཔུང་དང་བཅས་བསམ་རྫོང་བྲག་དམར་ཡིད་ལྷུང་དེའི་མཐའ་སྐོར་དུ་ཆས་ཏེ། རླུང་སེར་མ་ཡིན་ཡང་ཐར་ས་མེད་ལེ་བྱས་ནས་བསྡད་པར་གདའ་འོ། །

འདིའི་དུས་སྟག་གཟིག་རྒྱལ་བློན་རྣམས་ཀྱིས་ཨ་བོན་སྟག་གི་བླ་མ་དང་། མི་བོན་འཕྲུལ་གྱི་བོན་བླ་སོགས་བོན་གདུང་རབས་ཅན་གྱི་བླ་མ་སུམ་བརྒྱ་ཙམ་གདན་ཞུས་ཏེ་མཐུ་སྒྲུབ་པ་དང་ལུང་བསྟན་ཞུ་བ་སོགས་བྱ་ཞིང་ཡོད་ལ། ལྷག་པར་དུ་ནག་པོ་རྫས་དགུ་ཟེར་བ་དང་། མུ་ཟི་སེར་ནག ། རྡོ་མཁར་སྒོང་། བྱ་ཕུག་རོན་གྱི་བྲུན། དྲི་ལྡན་ཤིང་གི་ཚེར་མ། སྨྱོས་བྱེད་ཀྱི་རོ། ལྟོ་འགྲོའི་རུས་པ། གྲུམ་པའི་ཐུར་མ། ཆུའི་བཅུད་བཅས་དགུ་བསགས་ཏེ་དྲག་སྔགས་མེ་རི་འབར་བའི་བསྙེན་པ་ཞག་བདུན་ལ་བསྒྲུབས་པས། མེ་ལྕེ་འུ་རུ་རུ་འབར་བ་བྱུང་བས་སྒྲུབ་པའི་དམ་རྫས་དེ་བྲག་དམར་བསམ་རྫོང་གི་ལོགས་དང་། རྫ་འགྲམ་གང་ཐེབ་ལ་ཉིན་བཞིན་ལན་གསུམ་རེ་བཏབ་པས་རྡོ་སོལ་དང་འཕྲད་པ་བཞིན་མེ་ལྕེ་དཔག་ཚད་ཕྱེད་ཙམ་སླེབས་པར་འབར་བས། གླིང་བ་རྣམས་ཀྱིས་སྟག་གཟིག་མེ་ཐང་ཟེར་བ་འདི་ཡིན་པར་སྙམ་སྟེ་རྒྱལ་པོ་སེང་ཆེན་ལ་གསོལ་བཏབ་ཅིང་དགྲ་ངལ་གསོས། སྐབས་དེར་བང་ཆེན་མི་མགོ་བཅོ་ལྔ་བོ་རྒྱལ་མཆོག་མི་ཡི་ཉི་མ་ལྷ་སྲས་སེང་ཆེན་ནོར་བུ་དགྲ་འདུལ་གྱི་སྤྱན་སྔར་སོན་ཏེ། མཇལ་ཁ་དང་བཅས་སྟག་གླིང་གཉིས་ཀྱི་གཡུལ་འཁྲུག་གི་ལོ་རྒྱུས་ཆ་ཚང་བ་སྙན་ཞུ་ཕུལ། རྒྱལ་མཆོག་དམ་པས་ནུབ་སྟག་གཟིག་གོ་ལི་རྒྱལ་པོ་ཆམ་ལ་ཕབ་ཏེ་ནོར་རྫོང་འབེབས་རན་པ་མཁྱེན་ནས་དགྲ་བླའི་གོ་མཚོན་སྣ་དགུ་སྐུ་ལ་བཞེས། ཆིབས་རྡོ་རྗེའི་རྐྱང་རྒོད་འཕེལ་པོ་ལ་བཅིབས་ཤིང་། གླིང་གི་མ་སྲུ་མོ་སྨན་ཕ་ཁུ་གཞིས་སྡོད་ཚང་མས་སྨོན་ལམ་དཀར་པོའི་སྐྱེལ་མ་དང་བཅས་གླིང་དམག་གི་སྒར་ཕྱོགས་སུ་ཕེབས། ལྷ་སྲས་དགྲ་བླའི་རྨི་ལམ་བཞིན་གླིང་གི་འབུམ་སྒར་ཆེན་པོ་ནས་ཀྱང་རྒྱལ་མཆོག་དམ་པ་ཆིབས་བསུ་རྒྱ་ཆེན་པོའི་མཛད་སྒོ་དང་བཅས་རྒྱལ་མཆོག་གི་ཞབས་སོར་གླིང་འབུམ་སྒར་ཆེན་པོའི་མཛེས་རྒྱན་དུ་བཀོད། སོ་སོས་མཇལ་ཕྱག་དང་ཁུ་བོ་སྤྱི་དཔོན་རྒྱལ་པོས་བྱེས་སོང་གི་ལོ་རྒྱུས་སྙན་གསན་ཞུ་འབུལ་དང་། དངོས་མེད་ལྷ་འདྲེའི་དཔུང་ཡ་མེ་ཐང་གཤོག་ཐབས། ནོར་རྫོང་འབེབས་ལུགས་སོགས་ཅི་དགའ་གང་དྲག་གི་གྲོས་མོལ་གསུང་གླེང་མང་པོ་མཛད་བཞིན་བརྗིད་ཤིགས་སེར་བཞུགས།

ཉི་མ་དེའི་ཕྱིའི་ཉིན་མོར་གླིང་རྒྱལ་མཆོག་འཁོར་བཅས་འོལ་མོ་ལུང་མདའ་ལ་ཕེབས་ནས་རྒྱལ་མཆོག་གིས་དཔའ་བོ་ཚོ་བྲག་འདི་ལ་མདའ་རྟགས་རེ་ཞོག་དང་དཔའ་ཁ་གཟེངས་བསྟོད་ཡོད། ལྷག་པར་ཁྱུང་རྭ་ལྕགས་གདོང་མི་ཤོར་བ་གོང་མ་ལྷ་ཡིས་སྲུང་བ་ཡོད་པས་ཡིད་ལ་ཞོག་གསུངས་པ་ན། སྟག་རོང་དཔོན་པོས་མདའ་འཕངས་པ་བྱ་ནེ་ལེའི་རྟུག་ཕོང་ལ་ཕོག་ཏེ་གཏོར་བ་ལ་ཁོང་དགའ་བའི་ཁ་ཕོ་བསྒྲགས་པ་དང་། བློན་འདན་མ་སེང་སྟག་ཤན་པ། གཡུ་ལྷ་གདོང་ཁམས་པ་གཡུ་ལྡན་ལྔ་བོས་མདའ་རེ་འཕངས་པས་བྲག་དེ་ལས་ལྷ་ཁང་གི་སྒོ་འདྲ་བ་ལྔ་ཙམ་བྲག་རྩ་ལ་འཕངས་བྱུང་བས། ཁྱུང་རྭ་སྟག་གདོང་དེ་ལུས་འཇིགས་སུ་རུང་བ་ཞིག་བྱས་ནས་བྱུང་བ། རྒྱལ་མཆོག་དམ་པས་ལྷ་མདའ་ཞིག་འཕངས་པས་མེ་སྟག་ཁྲ་ཚུབ་བེར་ཐུལ། ལྕགས་ཀྱི་མཆུ་སྡེར་དེ་ལྷའི་ལུང་བཞིན་སོག་པོའི་རྟ་རྫོང་འབེབས་དུས་དགོས་གལ་ཆེ་གསུངས་ནས་ཉར། དེར་ལུང་བ་དེའི་མདར་སྤང་ལེབ་ཆུང་ཆུང་ཞིག་ཡོད་པའི་ཐོག་ཏུ་ཆིབས་སྒ་རྣམས་བླངས་ནས་རྒྱལ་བློན་ཚོས་ཇ་བཀོལ་བཞིན། གོང་གི་མདའ་འཕེན་མཁན་གྱི་དཔའ་བོ་ཚོར་དཔའ་དར་གཟེངས་བསྟོད་མཛད་ནས་བཞུགས། སྐབས་དེར་ལུང་མདའ་དེར་བུ་མོ་ཡིད་དུ་འོང་བ་གསུམ་ལྡེམ་མེར་འཁྱུག་གེར་འགྲོ་བ་གཟིགས་ཚེ། རྒྱལ་མཆོག་དམ་པས་མི་མ་ཡིན་ཞིག་ཡིན་པ་དགོངས་ཤིང་། དཔའ་བོ་རྣམས་པ་མ་གི་བུ་མོ་འདི་དག་གནོད་སྦྱིན་གྱི་བུ་མོ་ཡིན་འདྲ་བས་རྐང་རྗེས་ཟིན་ན་བདག་ཏུ་འཛིན་ཆོག་ཚུལ་གསུངས་པ་ན། དཔོན་པོ་ཁྲོ་ཐུང་གིས་ཨེ་ཟིན་ལྟ་དགོས་སྙམ་ནས་མདང་རྨི་ལམ་ཡག་ཚུལ་སོགས་བརྗོད་ནས་བུ་མོ་འདི་དག་ལ་ལྟ་བའི་དབང་ཆ་ང་ལ་དགོས་ཟེར་བ་ན། ཤན་འདན་གྱིས་ངེད་གཉིས་ལ་མི་དགོས་ཚུལ་གསུངས་ནས་འཛུམ་མེར་བཞུགས། སྐབས་དེར་སྲོ་མས་བསམ་པར། སྔར་མོན་བཟའ་འཕྲོག་སྐབས་མི་ཆུང་ལ་ཐོབ་ཀྱང་སྟག་རོང་གིས་རྒྱུ་ཤུགས་བྱས་ཏེ་འཕྲོག་ཤོར་བས། ད་ཐེངས་གླགས་གཅིག་ཚད་དགོས་དྲན་ནས། རྒྱལ་མཆོག་དབུ་བཞུགས་ཚང་མས་གསོན་དང་ཁྱེད་རྣམས་ནི་ཁྱིམ་ཐབས་མེད་པ་སུ་ཡང་མི་འདུག་པས། ངེད་མི་ཆུང་ཚང་ནི་ཉམ་ཆུང་ཁེར་རྐྱང་ཡིན་པས་ད་ཐེངས་ང་ལ་བབས་པ་ཡིན་ཚུལ་བཤད་པ་ན། ཁྲོ་ཐུང་ཞེ་སྤྲོ་ལངས་ཏེ་ཚིག་གཅིག་མེད་པར་ལ་མོ་རྟ་ངང་བ་གསེར་མིག་ལ་སྒ་ཆས་སྤྲས། སྲོ་མས་ཀྱང་རྟ་ཆུང་བྱ་མ་བྱིའུ་ལ་སྒ་སྲབ་བསྐོན། སྐབས་དེར་ཤན་པ་རྨེ་རུ་རྩེས་ཁྱེད་རང་གཉིས་མགྱོགས་པའི་བང་ཁ་སུ་སྐྱེན་ནམ། ཡང་ཤོ་རྒྱན་སུ་བབས་ལྟ་དགོས་ཟེར་བ་ན། འདན་མ་གཡུ་ལྷ་སོགས་ཀྱིས་རྒྱན་བྱེད་ན་ཡག་ཚུལ་བཤད། རྒྱལ་པོ་ཆེན་པོས་ཀྱང་འོ་ན་ཤོ་རྒྱན་ལ་དྲིས་གསུངས་པས། གདོང་མ་འབྲུག་གི་རྟ་གཟར་ཐོག་ཏུ་དུང་ཤོ་བསྒྲིལ་སྐབས། ཁྲོ་ཐུང་གིས་ཤོ་སྔགས་སྐྱེན་པས་རྟིང་མ་ཁྲོ་ཐུང་ལ་བབས་ཕྱིར། ཁྲོ་ཐུང་དགའ་སྟེ་གདོང་བ་དམར་བྱུར་རེར་སྟག་རོང་གི་ཞགས་པ་ལྷ་མོ་ཤྭ་བཟུང་གྲུ་ལ་བཀོན་ནས་རྟ་བང་མ་འདུར་གྱིས་བུ་མོ་གསུམ་པོའི་ཉེ་ཕྱོགས་སུ་རྒྱུགས་ཏེ། རྟ་ལས་བབས་ཤིང་ཕ་བོང་ཞིག་གི་ཐོག་གཡུ་སོགས་ནོར་སྣ་བཀྲམས། གསེར་གྱི་སྒོར་མོ་ཞིག་གིས་ཆབ་རྩེ་བཞིན་ལག་ལ་ཐོགས། རྐང་རྩེ་ཉ་མོ་འཁྱུག་འཁྱུག ། མིག་བརྡ་སྐར་མདའ་འཕེན་འཕེན་གྱི་ངང་ནས། བུ་མོ་གསུམ་ལ་བསྟོད་པ་དང་སུ་ཡིན་འདྲི་བ། ང་སྟག་རོང་གི་རྗེས་སུ་སོང་ན་བཟང་ལུགས་དང་། གལ་ཏེ་མ་འོང་ན་ཞགས་པ་བཏབ་ཏེ་བཙན་ཁྲིད་བྱེད་འདོག་གི་གླུ་བླངས་ནས། ཁུག་ཨེ་ཡོང་། བྲོས་ཨེ་འདྲོ། ཟིན་ཨེ་འོང་གི་བློ་སྣ་སྤྲིན་སྣ་འཐབ་འཐབས་ཀྱི་སྐབས་དེར། བུ་མོ་གསུམ་པོས་མེ་ཏོག་བཏུས་ཚར་ཞིང་གྲོ་ཆས་རྣམས་ཨམ་ཕྲག་ཏུ་བཅུག་སྟེ་ཅི་ཡིན་འདི་ཡིན་གྱི་གཏམ་ལན་མེད་པར། ཕར་ལུང་མདའ་རུ་བྲོས་པ་ལྟར་སོང་བས་སྟག་རོང་དཔོན་པོས་གཡུ་བྱུར་སོགས་བསྡུ་བརྒྱུ་བརྗེད་དེ་ལམ་སང་དེའི་ཕྱོགས་སུ་བང་འདུར་མ་རྒྱུག་གིས་རྗེས་དེད་དེ་སོང་བ་ན། བུ་མོ་གསུམ་པོ་བྲག་དམར་པོ་ཞིག་གི་སྐེད་དུ་སོང་བས་ཁོས་རྟ་ངང་བ་གསེར་མིག་བྲག་རྩར་བཏགས་ཏེ་རྐང་ཐང་གིས་སོང་བས་ཕུག་པ་ཆུང་ངུ་ཞིག་གི་སྒོར་རྐང་རྗེས་འདུག་པ་མཐོང་། ནང་དུ་རྡོག་པ་བརྐྱངས་ཙམ་ན་སྒྲ་ཆེན་པོ་ཞིག་གྲགས་པ་དང་མཉམ་དུ་སྲིན་པོ་རཀྵ་གདོང་བཞིའི་ཚང་དུ་སླེབས་འདུག་པས་མྱུར་དུ་ཕྱིར་བྲོས་ཀྱང་། སྲིན་པོའི་དམག་ཚོགས་ལྟ་བ་མིག་གིས་མི་བཟོད་པ་ཡིན་སྟབས་སྟག་རོང་དཔོན་པོ་སྙིང་ལུག་ཏེ་འདར་སི་ལི་ལི་ཕ་བོང་ཞིག་གི་འོག་ཏུ་ཡིབས་པས་མ་མཐོང་། སྲིན་དམག་ལུང་བ་དེའི་མདོར་བཤར་ཞོར་དུ་རྟ་ངང་བ་གསེར་མིག་སྲིན་དམག་གིས་ཟོས། ཅུང་ཙམ་ནས་ཁྲོ་ཐུང་གིས་ལས་ཡག་ན་རྒྱལ་བློན་ཚོ་དང་ཐུག་ལས་ཆེ་སྙམ་སྟེ་དལ་མོ་བྱས་ནས་བལྟས་ཚེ་རྟ་མེད་པར་ས་ཕྱོགས་དེ་ཁྲག་གིས་དམར་པོར་གྱུར་ཡོད་པ་དང་། བྱ་ཕོ་རོག་འགའ་རེས་ལྡིང་སྐོར་བྱེད་བཞིན་ཡོད་པ་མཐོང་བས་སེམས་ཕམ་བཞིན་མར་ཙམ་ཡོང་ཚེ། སྲིན་པོ་ཚོས་བོད་ཀྱི་ས་འབུ་མགོ་ནག་དེ་ཉེ་སར་ཡོད་པ་ཤེས་ནས་སྲིན་མོ་ཡཀྵ་སྟག་མིག་གིས་མི་ལྤགས་ཤ་ཆེན་གྱི་ཁུག་མ་ལན་གསུམ་བརྡབས་ནས་འགུགས་པ་མཛད་པས། ཁྲོ་ཐུང་གི་སེམས་སྨྱོས་འོང་བས་ཅི་ཡིན་སྙམ་སྟེ་དབུས་ཀྱི་རི་བོ་མཆོག་རབས་ལ་བསྒོམས་ཀྱང་རིམ་པ་བཞིན་གོམ་པ་འཁྱོར་བ་དང་། མཐར་རང་དབང་མེད་པར་སྲིན་རྫོང་དུ་ལྷུང་ནས་ལུས་ཆུང་བ་སྦྲང་བུ་ཙམ་ཕྱག་རྒྱ་དང་བཅས་ཏེ་བསྡད་པ་ན། སྲིན་པོ་ཚོས་འཕྲལ་དུ་ཟ་བསམ་མོད། ལྷ་ཚངས་པས་བློ་ཁ་བསྒྱུར་བས་སྲིན་རྒྱལ་རཀྵ་གདོང་བཞིས་གནས་སྐབས་སུ་མི་ལྤགས་རྐྱལ་བར་བཅུག་ནས་ཞག་བདུན་ལ་ཅི་ཡིན་བལྟ་དགོས་ཟེར་བས་དེ་ལྟར་བྱས་། སྐབས་དེར་གླིང་རྒྱལ་བློན་རྣམས་སྐུ་རྩེད་ཅི་རིགས་ངང་བཞུགས་ཡོད་པར་བློན་ཆེན་འདན་མས་རྒྱལ་པོ་ཆེན་པོ་ལགས། ཨ་ཁུ་ཁྲོ་ཐུང་ད་རུང་མི་ཐོན་པ་ཅི་ཡིན་ནམ་ཞུས་པས། རྒྱལ་པོས་ཐུགས་ཉམས་ཅུང་ཙམ་མཛད་པ་དང་མཉམ་དུ། ལྷ་ཚངས་པས་ཁུ་བོ་སྲིན་པོ་རཀྵས་མི་ལྤགས་ཀྱི་སྣོད་དུ་བཅུག་ཡོད་ཚུལ་དང་། མྱུར་དུ་མ་སྐྱོབས་ན་སྲོག་འཆོར་ཉེན་འདུག་ཚུལ། སྲིན་པོའི་ཤ་རྫོང་མྱུར་དུ་མ་ཕབ་ན་འཆི་མེད་སྲོག་གཏེར་དེ་སྟག་གཟིག་རྒྱལ་པོར་འཕྲོད་སོང་ན་གླིང་གིས་མི་ཐུབ་ཚུལ་ལུང་བསྟན། དེར་རྒྱལ་མཆོག་གིས་མྱུར་དུ་ཁུ་བོ་སྐྱོབ་དགོས་པ་དང་ཤ་རྫོང་འབེབས་དགོས་ལུགས་གསུངས་ཏེ། སོ་སོའི་ཆིབས་རྣམས་བཅིབས་ཏེ་བྲག་དམར་དེའི་ལོགས་སུ་སོང་བ་ན། རྟ་ངང་པ་ཟོས་ཤུལ་གྱི་རྔ་རྔོག་རྣམས་མཐོང་བས་དཔའ་བརྟུལ་ཚོས་རྒྱལ་པོའི་ལུང་ཡིན་པ་མ་གཏོགས་ཁྲོ་ཐུང་ཨེ་ཡོད་མི་ཤེས་འདུག་སྙམ་བཞིན་སོང་། དེར་རྒྱལ་པོས་དེ་རིང་ལྷ་དབང་གིས་ལྷ་མ་ཡིན་འདུལ་བ་བཞིན་དགོས་གསུངས་ནས་དགྲ་བླ་ཝེར་མ་གྲོགས་སུ་སྦྲན། སྟོང་ཉིད་རིག་པ་འཛིན་པའི་ང་རྒྱལ་གྱིས་སྟྭ་ཆེན་བྲག་རི་ཧབ་གཤག་དེས་བྲག་ལ་ཏུག་ཏུག་ལན་གསུམ་བརྒྱབས་པས་རི་སྙིལ་བ་གནམ་ས་སྟེང་འོག་བརྗེས་པ་ཙམ་བྱུང་བས། སྲིན་པོའི་རྒྱལ་པོ་རཀྵ་གདོང་བཞིས་དམག་སྣ་དྲངས་ནས་བྱུང་བ་ན། དགྲ་འདུལ་སེང་ཆེན་རྒྱལ་པོས་སྟྭ་ཆེན་གཡུགས་ནས་སྲིན་རྒྱལ་གྱི་ལུས་ཕྱེད་བཤག་གིས་བཏུལ། སྲིན་མོ་རཀྵ་སྟག་མིག་དེ་ཤན་པ་རྨེ་རུས་རལ་གྲི་དུག་རལ་གྱི་ངར་ལ་དྲངས་པ་དང་། སྲིན་བློན་ཕུ་ཤུད་སྟག་མིག་དེ་དཔའ་ལའི་ལེབ་ཆེན་ལ་དྲངས། གཞན་པའི་སྲིན་དམག་རྣམས་དཔའ་བརྟུལ་ཚོས་མདའ་མདུང་གྲི་གསུམ་གང་ཐེབས་ཀྱིས་བསྒྲལ། དེ་ནས་མི་ལྤགས་ཤ་ཆེན་དེ་བཤགས་པས་སྟག་རོང་དཔོན་པོ་བ་ཡིས་བེའུ་འཕངས་པ་ལྟར་བྱུང་། ཁྲུས་ཆབ་གཏོར་བས་སྔར་ལྟར་བྱུང་སྟེ་རལ་གྲི་དགྱེ་ལ་དགྱེ་དགུ་བཏོན་ནས་སྲིན་དམག་ཉི་ཤུ་ཙམ་བསད། དེ་ནས་རྒྱལ་བློན་ཚོས་སྲིན་རྫོང་གི་འདོད་འབྱུང་གཏེར་སྒམ། སྟོང་གསུམ་འགུགས་པའི་ཞགས་པ། འཆི་མེད་སྲིན་པོའི་སྲོག་གཏེར་བཅས་པ་བླངས་ཤིང་སྲིན་རྒྱལ་གྱི་རྣམ་ཤེས་པདྨ་འོད་ཀྱི་ཕོ་བྲང་དུ་དྲངས། འཕྲོས་ལུས་སྲིན་པོའི་དམག་ཚོགས་རྣམས་ཀྱང་བཙན་ཐབས་ཀྱིས་དམ་ལ་བཏགས་ནས་བཀའ་ཁྲིམས་ཀྱིས་གཅུན་པར་བྱས་ཏེ། ས་སྲོད་ཀྱི་དུས་ལྷ་སྒར་ལ་ཕེབས་སོ། །

དེ་ནས་ཉིན་ཞག་གཉིས་སོང་བའི་སྔ་མོར་གླིང་རྗེ་གེ་སར་ནོར་བུ་དགྲ་འདུལ་མཆོག་སྐུ་ཟིལ་ལྟ་བས་མི་ངོམ་པ་ཞིག་མཛད་ཅིང་། ཆིབས་ཆེན་འདོ་རྗེ་རྟ་མཆོག་རྐྱང་རྒོད་ལ་བཅིབས་ཏེ་མུ་སྟེགས་པས་བསྒྲུབས་པའི་རྡོ་སོལ་མེ་ཐང་ལ་གཅར་ཏེ་བྱོན་སྐབས། ཆིབས་རྐྱང་རྒོད་འཕེལ་བོས་རྟ་མཆོག་རང་གིས་མེ་ཐང་གོང་བ་གཤོག་ལུགས་དང་། ཨ་བོན་གྱི་སྒྲུབ་རྫས་རིལ་བུ་དམ་རྫས་མེ་ཆོད་སྔོན་མོ་དེ་གར་ཡོད། མོན་དུང་སྐྱོང་སྟག་ལྷ་མེད་ཐབས་མེད་པའི་བུ་ཡིན་ལུགས་སོགས་ལུང་བསྟན་རྡོ་རྗེའི་མགུར་གླུ་དང་འགྲོགས། འཕྲུལ་གྱི་མེ་ཐང་ལས་བྱ་ངང་མས་མཚོ་མོ་གཤགས་པ་བཞིན་ཕེབས་ཏེ། དང་པོ་རྒྱལ་པོ་མི་རྟ་ཨ་བྲ་ལ་སྤྲུལ་ནས་ཡིད་ལྷུང་བྲག་དམར་ལ་བཞུགས། ས་སྲོད་ལ་རྒྱལ་པོ་ཡང་བསྐྱར་བྱི་ལ་ཞིག་ཏུ་སྤྲུལ་ནས་ཨ་བོན་བླ་མའི་དྲུང་དུ་འཛུལ་ཏེ། དམ་རྫས་སྒམ་ཆུང་རིན་པོ་ཆེའི་ལྗོན་དམར་ལས་གྲུབ་པའི་སྣོད་དུ་འབྲུ་སྣས་བཀང་ནས་ཡོད་པ་དྲུད་དེ་བྲག་མཐར་འཕངས། དེ་ནས་བྱ་ཞིག་ལ་བརྫུས་ཏེ་ཁྱེར་བས་སུས་ཀྱང་མ་མཐོང་། བྲག་གི་ངོས་ལ་ལན་རེར་བཏབ་པས་རྡོ་སོལ་རླངས་པ་ཕྱུར་རེ་མེ་ཆུ་འཕྲད་པ་བཞིན་སོང་། ལྷ་རྟ་རྐྱང་བུ་བྱ་ཕོ་རོག་གཅིག་ཏུ་སྤྲུལ་ནས་གླིང་སྒར་ལ་བྱ་བཏང་དུ་མངག་པ་ཁྲ་རྒན་གྱི་གུར་སྒོར་བབས་སྟེ། དཔའ་བརྟུལ་དྲག་གྲས་རྣམས་ལ་རྒྱལ་པོས་ཤོག་གསུངས་པའི་སྐད་སྦྲན་པ་བཞིན། དཔའ་ཆེན་ཚོས་རང་རང་གི་ཐད་ནས་འཁོར་གསུམ་བསྐོར་ཅིང་ཆིབས་རྣམས་ལ་བཅིབས་ཏེ་ཕེབས། འདིའི་དུས་སྟག་གཟིག་རྒྱལ་བློན་རྣམས་དམ་རྫས་འདེབས་པར་འགྲོ་རྩིས་ཀྱི་བླ་མའི་དྲུང་དུ་འཚོགས་ཚེ། དམ་རྫས་འབར་བྱེད་དང་གནོན་བྱེད་གཉིས་ཀ་བོར་བ་མཐོང་སྟེ་གནས་ཚུལ་རྒྱལ་པོ་ལ་ཞུས། ནང་དུ་དོགས་པ་ཤར་ཏེ་བློན་པོ་ཚང་མ་བསྡུས་ནས་གྲངས་རྩིས་ཤིང་ཨ་བོན་བླ་མས་བརྟག་པ་བྱས་ཚེ་སུས་ཁྱེར་ཤེས་ཏེ། རྒྱལ་པོའི་མདུན་དུ་སོང་ནས་རང་རེའི་དམ་རྫས་ནི་མ་ངན་འགོག་ཚ་ཇོ་རུས་བརྐུས་སོང་ཚུལ་བཤད་པ་ན། དེ་མ་ཐག་རྒྱལ་པོའི་བཀའ་བཞིན་བློན་པོ་དྲག་གྲས་ཚོ་མྱུར་མངག་གིས་འཕྲང་བསྲུང་བ་དང་། བླ་མ་རྣམས་ཀྱིས་སྔར་ལྟར་དམ་རྫས་བསྒྲུབས། སྐབས་དེར་རྫ་བྲག་རྣམས་སྨུག་པ་ཆེན་པོས་གཡོགས་ཏེ་ཅི་ཡང་མི་མཐོང་བར་འདུག་མོད་སྟག་གཟིག་པ་ཚོས་སྲུང་བའི་ཟོལ་བྱས། གླིང་བ་རྣམས་སྟག་བློན་ཞལ་དཀར་ལྡན་པས་ལམ་སྣེ་ཁྲིད་པ་བཞིན་བྲག་དམར་བསམ་རྫོང་ཡིད་ལྷུང་བཤགས་ཏེ་ཡོང་བ་ན། རྒྱལ་མཆོག་གེ་སར་གྱིས་སྤྲུལ་བ་བཀྱེས་ཏེ་མི་རྟ་བརྒྱ་ཕྲག་མང་པོ་ཞིག་བྲག་དམར་བསམ་རྫོང་གི་ནུབ་བྱང་མཚམས་སུ་མཐོང་བར་བྱས་པས། དམག་དཔོན་ཆེན་པོ་བཙན་ལྷ་རྡོ་རྗེས་ལྷོ་སྒོ་སྲུང་ནས་ཡོད་མོད། མྱུར་དུ་རྟ་ཐོག་ལ་བུད་ནས་ཡར་ཐོན་པ་དང་མཉམ་དུ། གླིང་བ་རྣམས་སྟག་གཟིག་གི་སྒར་ཐོག་ཏུ་ལྕེབས་ནས་དང་པོ་དར་རྗེ་ཁྱུང་རྒྱལ་སེང་སྟག་དེས་མཚོན་ལེབ་ཆེན་ཤུབས་ནས་ཕྱུངས་ཤིང་བསྡིག་མོ་བྱེད་པའི་གླུ་བླངས་ཏེ་མཆོངས་པས། གྱད་མི་ཨ་འབུམ་གདོང་དམར་དེ་བྲོས་པའི་རྗེས་ཟིན་པས་ཁོས་རྟ་ཁ་ཕྱིར་བསློགས་ཏེ་གླུ་ལན་བྱེད་བསམ་མོད་སེང་སྟག་གིས་ལེབ་ཆེན་གཡུག་ཐེངས་གཅིག་གིས་མགོ་རྨོག་དང་བཅས་སར་འཕངས་ནས་བསད། དཔའ་བརྟུལ་གཞན་པ་ཚོས་ཀྱང་དམག་མང་ཙམ་མཚོན་ལ་དྲངས་ཏེ་མར་ཙམ་སོང་བ་དང་མཉམ་དུ། དམག་དཔོན་བཙན་ལྷ་རྡོ་རྗེ་དེ་རྗེས་བཞིན་ཐོན་ཏེ་གཏམ་འདྲི་བཤད་མེད་པར་གྲི་བཏོན་ནས་མཆོངས་པར་དཔའ་བརྟུལ་ཚོས་གྲི་འཐབ་ཡུན་རིང་བྱས་ཀྱང་ཕམ་རྒྱལ་མ་བྱུང་། ཡང་ཁོས་རྟ་ཁ་རྒྱལ་པོའི་ཕྱོགས་སུ་བསློགས་ཏེ་ཐོན་པས་གླིང་བ་རྣམས་ཀྱིས་སྟག་གཟིག་རྒྱལ་བློན་བོན་བླ་དང་བཅས་པར་མདའ་མདུང་གང་མང་བཏབ་ནས་ཟིང་ཟིང་ལོང་ལོང་དུ་ཡོད་པའི་དུས། སྟག་བློན་ཞལ་དཀར་ལྡན་པ་དེའི་བསམ་པར། བཙན་ལྷ་ལ་མི་རུང་བས་མ་ཐུག་པ་བཟང་། ཡིན་ཡང་རྒྱལ་པོ་ལ་འདི་ཡིན་གྱི་གཏམ་ཞིག་མ་བཏང་ན་མི་ཡོང་སྙམ་སྟེ། ཟུར་དུ་བུད་ཅིང་ཡོབ་ལང་བརྒྱབས་ནས་རལ་གྲི་ཕྱུངས་ཏེ་སྟག་གཟིག་རྒྱལ་པོ་ལ་སྡིག་མོ་བྱེད་ཞོར་ཁྱུང་པོ་དཔལ་རྒྱལ་ལ་ཁྱི་འབོད་ཀྱི་གླུ་བླངས་པ་ན། བཙན་ལྷ་རྡོ་རྗེའི་ཞེ་ལ་བློན་པོ་དཔལ་རྒྱལ་འདི་དུག་སྦྲུལ་གྱི་ལྕེ་ལྟར་སོང་བས་ཞལ་དཀར་ལ་ཡང་ཁག་མེད་ཀྱང་དགྲ་སྣ་ཟོན་ཁྲིད་འདི་བྱ་བ་ཐབས་སྡུག། ང་རང་ཟུར་དུ་ལོག་སྟེ་འཇང་མོན་གང་རུང་ལ་གཏུགས་དགོས་བསམས་ནས། ཞལ་དཀར་གྱི་གཡོན་ཟུར་དུ་ཐོན་ཏེ་མདའ་གཉིས་འཕངས་པས་སྔོན་མས་འཇང་གཡུ་ལྷའི་སྒའི་སྔ་རུ་གཏོར། རྗེས་མ་དེ་མོན་ཕྲུག་ཨ་དཀར་ཐར་པའི་བྲང་ལ་ཐེབས་པས་རྟ་ལས་ལྷུང་ཏེ་འདས། དེར་གཡུ་ལྷས་ལྕགས་མདའ་གཉིས་བརྗངས་པ་བཙན་ལྷའི་བྲང་དང་ནུ་མ་སོགས་ལ་ཐེབས་ཀྱང་གོ་གཏོར་བ་ལས་ནང་དུ་གནོད་མ་ཐུབ། སླར་ཡང་བློན་ཆེན་འདན་མ་དང་དུང་སྐྱོང་དཔོན་སོགས་དཔུང་རོགས་སུ་འབྱོར་ཏེ་གྲི་ཁ་ཡུན་རིང་ལ་འགྲན་མཐར་གཡུ་ལྷ་ཐོག་འགྱུར་གྱིས་གྲི་གུ་སེས་ཁོའི་གྲུ་ཁུག་ཏུ་གྲི་རྨས་ཆེ་ཙམ་བཟོས་པས། ཁོས་རྟ་ཁ་བསློགས་ཏེ་ནུབ་ཕྱོགས་སུ་རྒྱལ་པོའི་འགྲམ་དུ་ཤོར། གླིང་གི་དཔའ་བོ་ཚོས་རྗེས་དེད་དེ་རྒྱལ་བློན་ཚོར་མདའ་འགྲན་ཡང་ཕམ་རྒྱལ་མ་བྱུང་བའི་དུས་དེར། ཁྱུང་པོ་དཔལ་རྒྱལ་དེ་ངར་རྒོད་གཏིང་ནས་འཁྲུག་ཅིང་རག་རྟ་གསེར་བྱ་ལྡིང་ཤེས་ཀྱི་གོང་ནས་ནང་བློན་ཞལ་དཀར་ལྡན་པའི་གདོང་དུ་ཀྲོང་ངེར་བུད་དེ། ངོ་མཚང་འབྲུ་བའི་གླུ་སྟོང་འཇུག་མེད་པར་བླངས་ཤིང་ཟངས་མདའ་ཞིག་བརྫངས་པ། བློན་ཞལ་དཀར་གྱི་རྟའི་གདོང་ལྕགས་སྟེང་ཐེབས་ཏེ་འགྱེལ་ཚད་ཚད་བྱུང་བ་དང་ལྷན་དུ། གདོང་མ་འབྲུག་གི་ཁམས་པ་གཡུ་ལྡན་དེས་མྱུར་བར་མདའ་རྒོད་ཅིག་དཔལ་རྒྱལ་གྱི་དཔྲལ་བར་བརྒྱབས་ཏེ་བསད། དེར་གླིང་བ་རྣམས་ཀྱིས་སྟག་དམག་སྤྱང་ཀིས་ལུག་ཁྱུ་དཀྲུགས་པ་ལྟར་བྱས་པས། ཨ་བོན་མི་བོན་གཉིས་པོས་རྔ་དང་ཆ་ལང་ལ་བཞོན་ནས་ནམ་ཁར་ཤོར་བ་དང་ལྷན། སྟག་རོང་དཔོན་པོ་ཁྲོ་རྒྱལ་གྱིས་སྲིན་གྱི་ལས་ནོར་སྟོང་གསུམ་རང་འགུགས་བྱེད་པའི་ཞགས་པ་ཕྱར་ཏེ་རྫུ་འཕྲུལ་གྱི་ནམ་ཁར་ལྡིང་ཞིང་། ཁོ་གཉིས་ལ་ཡིན་ལུགས་ཀྱི་གླུ་དང་བཅས་དམིགས་རིམ་ལྡན་པས་ཞགས་པ་བཏབ་ཏེ་བླ་མ་གཉིས་པོ་སར་འཕངས་པ་གླིང་དམག་གིས་གསོན་བཟུང་བྱས། འདིའི་དུས་སྟག་གཟིག་གོ་ལི་རྒྱལ་པོ་རང་དང་། བློན་ཆེན་བཙན་ལྷ་རྡོ་རྗེ། ཉ་མིག་གནམ་ལྕགས་གུ་རུ། སྟོང་དཔོན་སྤྲེལ་ཚ་ངོ་དམར། གྱད་ཀྱི་གདོང་བཙན་ཁེར་རྒོད་ལྔ་པོ་ཤར་རྒྱག་གིས་བྲག་དམར་ཡིད་ལྷུང་བརྒལ་ཏེ་གདོང་ཤར་ཕྱོགས་སུ་གཏད་ནས་ཤོར་བ་དང་། རྗེས་འདེད་དུ་རྒྱལ་པོ་སེང་ཆེན། ལྷ་སྲས་དགྲ་བླ། ཉི་འབུམ། བློན་ཆེན་འདན་མ། ཤན་པ། སེང་སྟག། དུང་སྐྱོང་སྟག་ལྷ། གཡུ་ལྷ། སྒ་སྡེ། འཇང་ཁུ་བྱུག་དཔོན་པོ། གདོང་གི་ཁམས་པ་གཡུ་ལྡན། སྲས་ལྷ་རྒོད་འབུམ་ལུ་སོགས་རྗེ་བློན་བཅུ་གཉིས་ཙམ་བྱ་འཕུར་བ་ལྟར་བྱོན་པ་ན། སྟག་གཟིག་རྒྱལ་བློན་ཚོས་བྲག་དམར་ཡིད་ལྷུང་གི་རྩ་བ་ནས་ཧོར་གྱི་དཔུང་དམག་དཀྲུག་སྟེ་བྱུང་སྐབས། པཱ་དུར་ཐང་དཀར་རྩེ་རྒོད་དེས་གླུ་ལེན་སོགས་དལ་དལ་མ་བྱུང་བར་མདའ་གཉིས་འཕངས་པ། སྔོན་མ་བཙན་ལྷར་ཕོག་ཀྱང་གནོད་མ་ཐུབ། རྗེས་མ་དེ་སྟོང་དཔོན་སྤྲེལ་ཚ་དམར་ལེབ་ལ་ཕོག་ནས་རྟ་ལས་འཕངས། བཙན་ལྷས་ཧོར་མགར་བའི་ཤོག་ནས་མི་བཅུ་སྐོར་ཅིག་བསད་ནས་ཕྱི་རུ་བུད་པ་དང་། གླིང་བ་ཚོས་སྔར་བཞིན་དེད་དེ་མུ་སྤྱང་རིན་ཆེན་དར་ལུས་སྟག་གཟིག་རྒྱལ་པོ་ལ་མདུང་ལན་གཉིས་གཡུག་མོད་གོ་མ་བཅད། སྟག་གཟིག་རྒྱལ་པོས་གྲི་གཡུག་ནས་མདུང་སྐེ་བཅད། མུ་སྤྱང་གིས་རལ་གྲིས་བཏབ་མོད་གནོད་མ་ཐུབ། སྟག་གཟིག་རྒྱལ་བློན་གྱིས་གསེར་བའི་ཤོག་ནས་དམག་གསེར་འཕྲུ་ཅན་ལ་ཉི་ཤུ་ཙམ་བརླགས་ནས་འགྲོ་སྐབས། གླིང་གསེར་བའི་བཅུ་དཔོན་ཞིག་གིས་མདའ་འཕངས་པས་གདོང་བཙན་ཁེར་རྒོད་ལ་ཕོག་སྟེ་རྟ་ལས་ལྷུང་། སླར་ཡང་ཁྲི་དཔོན་རིན་ཆེན་དར་ལུས་ཀྱང་རྗེ་བློན་ཚོའི་རྗེས་བཞིན་དེད་དེ་སོང་མཐར་མཐིང་ཆུ་སྔོན་མོའི་རབ་ཁ་ནས་རྗེས་ཟིན་པ་དང་། སྐབས་དེར་གཡུ་ལྷ་ཐོག་འགྱུར་གྱིས་ཞགས་པ་མེ་ཆེན་གློག་འཁྱུག་འཕངས་ཏེ་ཉི་མའི་གནམ་ལྕགས་གུ་རུ་ཆུར་འཕངས་ནས་བསད། དེར་སྟག་གཟིག་རྒྱལ་བློན་གཉིས་པོ་སོ་སོར་ཁ་གྱེས་ཏེ་རྒྱལ་པོ་འདོ་ཆེན་འབྲོང་ནག་འཕུར་ཤེས་ཀྱི་རྨིག་བཞི་རླུང་གི་འཁོར་ལོར་བརྟེན་ནས་ཤོར་བ་ན། རྒྱལ་པོ་གེ་སར། བློན་འདན་མ། ཤན་པ། དུང་སྐྱོང་དཔོན་སོགས་ཀྱིས་རྗེས་བཞིན་དེད་དེད་པའི་མཐར། བྲག་དམར་སང་ཡག་གི་ལ་རྒྱབ། ཨ་ཕྱིའི་བྱེ་ཐང་བར་མ་ནས་འགྲོ་འདུག་པ་མཐོང་མོད། གླིང་རྗེ་བློན་ཚོའི་ཆིབས་རྣམས་ཀྱི་དཔུང་ཆུ་ལུག་ཏེ་ངལ་དུབ་ཀྱིས་རྗེས་མི་ཆོད་འདུག་པའི་སྐབས། གོང་མ་ལྷ་ཡི་ལུང་བསྟན་བཞིན་བཀའ་བློན་དུང་སྐྱོང་སྟག་ལྷ་ཁྲི་དཀར་གྱི་ཆིབས་མཆོག་འདོ་བ་དུང་བྱ་རྣ་ཁྲས་བྱ་ཐང་དཀར་གྱིས་བར་སྣང་བཅད་པ་ལྟར་མདའ་རྒྱང་གང་གི་རྗེས་སུ་ཐོན་ཏེ། དུང་སྐྱོང་དཔོན་གྱིས་དུང་གཞུ་ཨ་ལོང་འཁྱིལ་བའི་སྟེང་དུ་དུང་མདའ་ཤ་ཟན་སྒྲོ་དམར་བཞག་ནས་གླུ་བླངས་ཤིང་། རྒྱལ་མཆོག་གེ་སར་མ་ཕེབས་ན་འདུལ་སྐལ་ཨེ་ཡོད་དམ་སྙམ་བཞིན་པའི་དུས། སྟག་གཟིག་རྒྱལ་པོས་ང་རང་བྲོས་པས་ཐར་བ་ནི་མེད་པ་འདྲ་ཡང་། ཤི་རོག་མགོ་སྦྲེལ་ཅིག་འཚོལ་དགོས་སྙམ་ནས་དུང་སྐྱོང་ལ་གཏམ་བཤད་བཞིན་པའི་དུས། དུང་སྐྱོང་དཔོན་གྱིས་མདའ་འཕངས་པ་དགྲ་བླ་ཝེར་མའི་དཔུང་གྲོགས་ཀྱིས་འདོ་ཆེན་འབྲོང་ནག་གི་སོག་ཕྲག་ཏུ་ཐེབས་ནས་འགྱེལ་ཚད་ཚད་དུ་བྱུང་བ་དང་ལྷན། གླིང་རྒྱལ་བློན་རྣམས་བཀྲ་སྤུངས་སེར་འཛོམས་ཤིང་། ལྷག་པར་ཆིབས་ཆེན་རྐྱང་རྒོད་རླུང་བུད་པ་ལྟར་སྟག་གཟིག་རྒྱལ་པོའི་འགྲམ་དུ་མཆོངས་ཚར་བ་དང་མཉམ་དུ། སྟག་གཟིག་རྒྱལ་པོས་མདའ་གསུམ་རྒྱལ་མཆོག་སེང་ཆེན་གྱི་སྐུ་ལ་སྡིགས་རུང་རྔ་ལ་སྲན་པ་གཏོར་བ་ཙམ་ལས་གནོད་མ་བྱུང་བས་ཁོ་ཅུང་ཟད་བྲོས་ཚེ། རྒྱལ་མཆོག་གེ་སར་གྱིས་ཕྱག་གཡོན་པས་སྟག་གཟིག་རྒྱལ་པོའི་ཁྲབ་ཀྱི་རྒྱབ་དར་ནས་བཟུང་། ཕྱག་གཡས་པས་རལ་གྲི་བཏབ་པ་ལན་མེད་ནམ་མཁར་ཕྱར་ནས་ཁོ་ལ་དགྲ་ཤ་བ་ཤོར་ས་མེད་ཚུལ་དང་། བར་དོའི་ངོ་སྤྲོད་བཅས་པའི་མགུར་གླུ་བླངས་པ་ན། སྟག་གཟིག་རྒྱལ་པོ་གློ་བུར་དུ་དད་པ་སྐྱེས་ཏེ་པུས་བཙུགས་ཐལ་སྦྱར་བྱས་ནས་སྔར་བྱས་ལ་འགྱོད་ཚིག་དང་། བྲག་དམར་ཡིད་ལྷུང་གི་མར་གཤམ་གྱི་ཕ་བོང་དཀར་པོ་རྟ་འདྲ་ཞིག་གི་འོག་ཏུ་མཆོང་གི་རུས་སྦལ་ནུད་ཤེས་དང་། གཟི་ཡི་ཨོ་ཡོ་ཁྲ་ཆུང་། དུང་ཕོར་སྣང་སྲིད་མེ་ལོང་། ལྕགས་ཀྱི་མཛོ་ཕོ་འགྲོ་ཤེས། བེེཌཱུར་སྔོན་པོའི་ཁྲབ་རིང་སོགས་གཞན་ལ་མེད་པའི་ཁྱད་ནོར་བཅུ་ཡོད་པ་རྣམས་ཁྱེད་ལ་གུས་པས་ཕུལ་བ་ཡིན་པས། ཤི་ངན་སོང་མི་གཏོང་བ་ཐུགས་ལ་འཛིན་དགོས་ཚུལ་གྱིས་ཞུ་བ་ཕུལ་ནས་ལུས་ཚུགས་དྲང་པོར་བསྲངས་ཏེ་དད་པའི་ངང་བསྡད་པ་ན། རྒྱལ་མཆོག་དམ་པས་སྡིག་པོ་ཆེ་བཙན་ཐབས་སུ་སྤར་བའི་གདམ་ངག་གིས་འཕོ་བ་གནང་ཞིང་རྣམ་པར་ཤེས་པ་དཔག་ཆེན་གྱི་མདའ་སྤྲིངས་པ་ལྟར་རི་བོ་པོ་ཏ་ལའི་ཞིང་དུ་དྲངས། དེ་དང་ལྷན་སྟག་གླིང་གཡུལ་འཁྲུག་སྐབས་སུ་ཤི་བའི་མི་རྟ་ཡོངས་རྫོགས། མངོན་པར་དགའ་བ་དང་། བདེ་བ་ཅན། ལས་རབ་རྫོགས་པ། འཐུག་པོ་བཀོད་པ་སོགས་དང་གཞན་ཡང་འཕྲུལ་དགའ། གཞན་འཕྲུལ་དབང་བྱེད། སུམ་ཅུ་རྩ་གསུམ་ལྷ་ཡི་གནས་སོགས་སུ་དྲངས་མཐར། རལ་གྲིས་ཁོའི་མགོ་བཅད་ཅིང་ཁྲབ་རྨོག་འཁོར་གསུམ་དཔའ་རྟགས་ལ་ནོམ་དུ་བཞེས་ཤིང་། དམག་དཔོན་བཙན་ལྷ་རྡོ་རྗེ་དེས་དཔའ་བརྟུལ་རྣམས་ལ་དབུ་ཉེས་བཟོས་ཨེ་ཡོད་དགོངས་བཞིན་མར་ཕེབས་སྐབས། ལྷ་སྲས་དགྲ་བླ་རྩེ་རྒྱལ། བཀའ་བློན་གཡུ་ལྷ། གདོང་གི་ཁམས་པ་གཡུ་ལྡན། སྒ་སྡེའི་ཆོས་སྐྱོང་བེར་ནག། ཐང་བའི་ཐང་དཀར་རྩེ་རྒོད། མུ་སྤྱང་རིན་ཆེན་དར་ལུ། དཔའ་ལྷ་སེང་སྟག་ཨ་དོམ། འཇང་ཁུ་བྱུག་དཔོན་སོགས་ཀྱིས་བཙན་ལྷ་རྡོ་རྗེའི་རྗེས་བཞིན་དེད་དེ་གངས་རི་ལ་གཡས་སྐོར། སྤང་རི་ལ་གཡོན་སྐོར། རྫ་རི་ལ་ཐུར་དེད་བྱས་མཐར་བྱང་གི་གངས་རི་དར་ཆེན་གྱི་རྩ་བར་སླེབས་སྐབས་ལྷ་སྲས་དགྲ་བླའི་ཆིབས་བྱ་རྟ་ཁྱུང་གཤོག་སྔོན་མོ་དེ་རྟ་གཞན་ལས་མགྱོགས་ཕྱིར་རྗེས་ཆོད་པ་ན། ཁོས་རྟ་ཁ་ཕྱིར་བསྐོར་ཅིང་མདའ་ལྟོང་སྤྲད་ནས་ཞེ་སྡང་ཆེན་པོས་བྱ་རྟ་རྐུས་པའི་ངོ་ཐོག་ལ་ཐོན་ལུགས་དང་ཉེས་ལན་སྤྲོད་རྒྱུ་ཡིན་ལུགས་ཀྱི་གླུ་ཐུང་ཞིག་བླངས་ཏེ། སུ་ཡིན་སྒུག་ན་དཔུང་རོགས་གཞན་པ་ཐོན་སྲིད་པས་ལག་སྔ་བྱེད་དགོས་བསམ་ནས་མདའ་འཕངས་པ་ལྷ་སྲས་ཀྱི་ཐུགས་ཀར་ཐེབས་མོད་གྲུབ་པའི་རྒྱལ་མོའི་ཚེ་མདུད་དང་། དགྲ་བླའི་ཚེ་གོས་ཀྱིས་བརྟན་ནས་མ་གནོད། ཡང་གཅིག་འཕངས་པ་ཆིབས་ཁྱུང་གཤོག་གི་གདོང་ལྕགས་གཏོར་ཙམ་ལས་སྲུང་བས་བརྟན་སོང་། དེར་ལྷ་སྲས་ཐུགས་རབ་ཏུ་ཁྲོས་ཏེ་རྣོན་པོ་ཡ་ཟི་སྐར་ཕྲན་ཕྱར་ནས་ཉེ་བར་བཅར་ཚེ། བཙན་ལྷ་ཁོ་ཐལ་ཚུབ་ཕྱུར་རེ་བྲོས། དེར་ལྷ་སྲས་ཀྱིས་ཁོ་དེད་དེ་མཐིང་མུ་ནེ་ལྷ་རྫོང་གི་མར་གཤམས། བྱང་གོ་རོ་བྲག་གི་རྒྱབ་ཀྱི་ཆུ་འགྲམ་ནས་ཡང་ཁོས་རྟ་ཁ་ཕྱིར་བསྐོར་ཏེ་མདའ་གཉིས་འཕངས་ཀྱང་ལྷ་སྲས་ལ་མ་གནོད། དེར་ལྷ་སྲས་དགྲ་བླ་རྩེ་རྒྱལ་གྱིས་མདའ་ལྟོང་སྤྲད་དེ་དཔའ་གླུ་དང་བཅས་འཕངས་པ་ཁོའི་བྲང་གི་མེ་ལོང་སྟེང་ཐེབས་ཏེ་སིང་སྒྲ་དང་བཅས་དཔེ་ཆུ་སྲིན་དུང་གིས་ཕུག་པ་བཞིན་བྱས་ཏེ་རྟ་ཐོག་ནས་ལྷུང་བ་དང་ལྷན་དུ། དཔའ་བརྟུལ་གཞན་རྣམས་ཀྱང་ཉེ་བར་སླེབས་ཏེ་བཙན་ལྷའི་མགོ་འཕྲུ་བྲེགས་ནས་རྟ་དང་འཁོར་གསུམ་བླངས་ཤིང་། ཡུད་ཙམ་ལ་གསུང་གླེང་ཞིབ་རྒྱས་མཛད་མཐར་ལམ་ལ་ཞུགས་ཏེ་ཕྱིར་ཕེབས། འདིའི་དུས་རྒྱལ་མཆོག་དཔོན་བློན་བྲག་དམར་ཡིད་ལྷུང་གི་ལྷ་སྒར་དུ་ཕེབས་ཏེ། ཁུ་བོ་སྤྱི་དཔོན་སོགས་ལ་ཕ་བོང་དཀར་པོ་རྟ་འདྲའི་འོག་ཏུ་ལས་ནོར་མི་འདྲ་བ་བཅུ་ཡོད་ཚུལ་གསུངས་པ་ན། སྤྱི་དཔོན་རྒྱལ་པོས་ཐུགས་བསམ་བཏང་མཐར། ཁྲོ་ཐུང་ལ་གཡོ་ཞིག་བྱེད་དགོས་དགོངས་ཏེ། འོ་ལགས་སོ། ཨ་ཁུའི་མ་ཡིག་ལུང་བསྟན་ལ། ཨ་བོན་བླ་མའི་སྦས་ལུང་དུ། ཕ་བོང་རྟ་འདྲའི་མར་ཞབས་ན། འཛམ་བུ་གླིང་གི་རྒྱུ་ནོར་ཡོད། མགྱོགས་དང་རྣོ་ཆོད་དགོས་ལེ་ཟེར། དེ་རིང་དགྲ་མཐའ་ཆོད་པའི་དགའ་སྤྲོ་རྟེན་འབྲེལ་ཆེ་བས་དཔའ་བརྟུལ་ཕུ་ནུ་ཚོས་རྟ་སུ་མགྱོགས་དང་། མཚོན་སུ་རྣོས་ཕ་བོང་ཡ་ལིང་བཏང་མི་ཡོད་ན་ནོར་རྫོང་དེས་འབེབས་པ་ཡིན། ཞེས་བཤད་པ་ན། གླིང་གི་དཔའ་རྒོད་ཚོས་རྟ་རྒྱུག་འདོད་དང་མཚོན་གཡུག་འདོད་བྱས་སྐབས། ཁྲོ་ཐུང་གིས་དཔའ་བརྟུལ་རྣམ་པ། ཁྲ་རྒན་གྱི་གཏམ་མི་བདེན་པ་འདྲ་དགྲ་སོད་རྟིང་ཚེ་རབས་ལྷ་སྲུང་མཆོད་པ་ལས། ལས་འདི་འདྲ་ཨེ་རུང་ན། དེ་བས་ང་ཁྲོ་ཐུང་གི་སྲིན་གྲི་འདི་ཤ་བའི་རྭ་འདྲ་བས་མགྱོགས་དར་ཁྱོད་ཚོས་ལོན་ན། མཚོན་ང་རང་གིས་འདེབས་ཟེར་སྐབས། ཁྲོ་ཐུང་ལ་མིག་འཕྲུལ་ཆེ་བས་དཔའ་བརྟུལ་སུས་ཀྱང་ལན་མ་བཏབ། ཤན་པས་ཁྲོ་ཐུང་གི་བློ་ལ་སྐྱོན་ཡོད་པ་ཤེས་ཏེ། ང་ཤན་པའི་མཚོན་དུག་རལ་གྱིས་རྡོ་ཆོད་ཟེར་བ་ཡོད་ཀྱང་ཨེ་བདེན་མི་ཤེས། ཁྲོ་ཐུང་རང་རེ་གཉིས་ཀྱིས་དེ་ལྟར་བྱེད་ན་ཟེར་བ་ན། ཁྲོ་ཐུང་གིས་བསམ་ངན་གྱིས་ཤན་པ་མ་གཏོགས་པའི་དཔའ་བརྟུལ་གཞན་པ་རྣམས་ཀྱི་རྟ་ལ་ངན་སྔགས་བྱ་རྒོད་སྒྲོག་བཅིང་བཏབ་ཏེ་བཞག ། དེར་མཁར་རྔའི་སྒྲ་དང་བསྟུན་ཐམས་ཅད་ཀྱིས་རྟའི་བང་སྣ་གློད་ཀྱང་ཅུང་ཙམ་ནས་ཤན་པ་དང་ཁྲོ་ཐུང་གཉིས་ཀྱི་རྟ་མ་གཏོགས་པ་གཞན་རྣམས་ལ་ལ་འགྱེལ། ལ་ལ་འདར། ལ་ལ་བསྡད། ལ་ལ་གཞན་དུ་ཤོར་བ་སོགས་བྱུང་། ཤན་པ་དང་ཁྲོ་ཐུང་གཉིས་པོ་རྒྱུགས་སྐབས་ཤན་པས་ཀྱང་རྟ་ལ་རྒྱུག་རྒྱུ་མེད་འདོག་གིས་བསྡད། ཁྲོ་ཐུང་བྱ་འཕུར་བ་ལྟར་ཕ་བོང་རྟ་འདྲའི་ཉེ་སར་བཅར་ཚེ། ཕ་བོང་དེ་རྣོ་ཁབ་ལེན་གྱིས་གྲུབ་ཕྱིར་ཁྲོ་ཐུང་ཕ་བོང་ལ་ཕྲ་བཏབ་པ་ལྟར་འགུལ་མི་ཐུབ་པར་འབྱར་བ་ན། ཁྲོ་ཐུང་ཁ་སྐྱེངས། ཉི་འབུམ་གྱིས་བཀའ་བཅོམ་དང་དཔའ་བརྟུལ་ཚོས་འཕྱ་སྨོད་བྱས། ལྷག་པར་མི་ཆུང་ཁ་བདེས་ངོ་མཚང་འབྲུ་བའི་གླུ་བླངས་པས། ཁྲོ་ཐུང་ཁོང་ཁྲོ་ཆེན་པོ་ལངས་ཏེ་མི་ཆུང་སྤུན་གཉིས་ལ་དེ་བྱས་ཀྱི་ལན་པོ་མི་སྤྲོད་རེ་སྙམ་ནས་དཔའ་བརྟུལ་རྣམ་པར་ང་ལ་ཆུ་ཞིག་གནང་རོགས་ཞེས་འབོད་པ་བྱས་ཚེ། བློན་འདན་མས་ཆུ་རྭ་འགྱུ་གང་བླུད་པ་ན། དེ་མ་ཐག་སྲིན་པོ་རཀྵ་གདོང་བཞི་ལུས་འཇིགས་སུ་རུང་བ་ཞིག་ཏུ་བརྫུས་ཤིང་མཆེ་བ་གངས་རི་ལྟར་གཙིགས་ཏེ་བྱུང་བས། ལྷ་སྲས་དགྲ་བླ། ཉི་འབུམ་དང་། འཇང་སྲས་གཡུ་ཁྲི་གསུམ་པོ་མ་གཏོགས་པའི་དཔའ་བརྟུལ་རྣམས་བཀར་དེད་བྱས། དཔའ་ཆེན་མང་པོས་ཕ་བོང་ལ་མདའ་རེ་འཕངས་པ་གཟེར་མ་བཏབ་པ་ལྟར་ཟུག། ལྷག་པར་དུ་མི་ཆུང་ཁ་བདེའི་རྟ་ཁམ་སྐྱ་མཆུ་དཀར་དབུགས་ཟད་ལ་ཁད་དུ་དེད་པས་མི་ཆུང་གིས་ཅི་བྱེད་མེད་པར་ཐལ་བ་སྤར་གང་གཏོར་བས་ཁྲོ་ཐུང་གི་སྒྱུ་མ་ཞིག་ཏེ་སྔར་བཞིན་ཕ་བོང་གི་རྩར་འདུག ། དཔའ་བརྟུལ་ཚོ་ནི་ལ་ལུང་ལ་འཐོར་འདུག ། དེར་རྒྱལ་མཆོག་གེ་སར་ཕེབས་ཏེ་རིན་ཆེན་དངུལ་ཆུའི་སྦྱོར་སྡེས་ཁྲོ་ཐུང་བྲག་ནས་ཕབས། ཕ་བོང་དེ་སྒ་སྡེའི་ཆོས་སྐྱོང་གིས་ཤེད་ཀྱིས་བླངས་ཤིང་སྟག་གཟིག་གི་ནོར་རྫས་རིན་ཐང་བྲལ་བ་རྣམས་ཁྱེར་ཏེ་ཕྱིར་སྒར་ལ་ཕེབས་ཤིང་། བྲག་དམར་ཡིད་ལྷུང་གི་མར་གཤམ་ཏུ་སྟག་གཟིག་གི་བླ་མ་གཉིས་པོ་དུས་ཇི་སྲིད་བསྐལ་བའི་མཐར་ཡང་འཆོར་བ་མེད་པའི་སྨོན་ལམ་བཅས་དམ་ལ་བཏགས། དེ་ནས་བཟུང་ཉིན་མང་པོའི་བར་དགྲ་ལས་རྒྱལ་བར་དགའ་བའི་གཏང་རག་བྱས་ཤིང་། སྟག་གཟིགས་ཡུལ་གྱི་འབངས་མི་སེར་ཡོངས་རྫོགས་བསྡུས་ནས་དུས་ཚེས་བཟང་པོ་ལ་བབས་པ་ན། རྒྱལ་མཆོག་དམ་པས་དགྲ་བླའི་གོ་མཚོན་སྣ་དགུ་སྐུ་ལ་གསོལ་ཏེ་མཐོང་བ་ཙམ་གྱིས་སྲིད་གསུམ་ཟིལ་གྱིས་གནོན་ལེ་བྱས་ཤིང་། འཁོར་དཔའ་བརྟུལ་དཔའ་བོའི་སྡེ་ཚོགས་ཀྱིས་བཀྲ་སྤུངས་སེར་བསྐོར་ནས་སྟག་གཟིག་འོལ་མོ་ལུང་གི་བྲག་རྩར་ཕེབས་ཏེ། ཕྱག་མདའ་ཨང་གི་ལིང་དམར་ལ་དཀར་པོ་དུང་གི་ལྡེ་མིག་བཙུགས་ནས། ས་སྒོ་དང་གཏེར་སྒོ་ཕྱེ་བའི་བཀྲ་ཤིས་གཡང་ཆགས་ལྷ་འབོད་ཀླུ་བསྐུལ་གྱི་མགུར་གསུངས་ཤིང་། ཕྱག་མདའ་དེ་བྲག་དམར་ཁྱུང་དབྱིབས་ཅན་ལ་འཕངས་ཚུལ་ཙམ་ནས་ནམ་མཁའ་འཇའ་ཟེར་གྱིས་གང་། རང་བྱུང་གི་སྤོས་དྲི་དང་མེ་ཏོག་གི་ཆར་བཅས་བྲག་སྒོ་ཕྱེས་པ་ན། གཏེར་བདག་བཙན་རྒོད་ཡམ་ཤུད་ཕག་གདོང་དེ་འཇིགས་གཟུགས་བཅས་ཐོན་པ། རྒྱལ་མཆོག་གེ་སར་གྱིས་སྟོང་ཉིད་ལྟ་བས་ཟིལ་གྱིས་མནན་ཏེ་དམ་བཏགས་བཀའ་བསྒོ་མཛད་པས། ཁོས་ཅི་གསུངས་བཀའ་ལ་ཉན་པར་ཁས་བླངས་ཏེ་བྲག་དམར་ཁྱུང་ལྡིང་གི་མཛོད་ནས་དག་པ་ལྷ་ཡི་ནོར་བུ། དགོས་འདོད་མི་ཡི་ནོར་བུ། ནཱ་ག་ཀླུ་ཡི་ནོར་བུ། ཕ་རོལ་འདུལ་བའི་ནོར་བུ། ནད་བརྒྱ་སེལ་བའི་ནོར་བུ། གནམ་ལྕགས་འབེབས་པའི་གོ་མཚོན། ཉི་མ་འཕྲུལ་འཛིན་ཞགས་པ། ཟླ་བ་འགུགས་པའི་ལྕགས་ཀྱུ་རྣམས་གཟི་སྒྲོམ་སོགས་རིན་པོ་ཆེ་སྣ་ཚོགས་ཀྱི་སྣོད་དུ་བཞག་ཏེ་ཕུལ། གཞན་ཡེ་ཤེས་ཀྱི་མཁའ་འགྲོ་མ་དམར་མོའི་ལས་ཚོགས་ལེ་ཙན་བཅུ་གསུམ་བཅས་སོ་སོར་དར་གྱིས་དྲིལ་ཏེ་སངས་རྒྱས་ནོར་བུ་དགྲ་འདུལ་གྱི་ཕྱག་ཏུ་ཕུལ་ཅིང་། རྒྱལ་མཆོག་དམ་པས་སྔོན་གྱི་ལུང་བསྟན་ལྟར་གཏེར་རྫོང་དུ་སྤྱན་དྲངས་པ་ལྟར་ཕེབས་ཏེ་ལྷ་ཡི་ཚོགས་སྟོན་རྒྱ་ཆེན་པོ་ལ་རོལ། རྒྱལ་མཆོག་གིས་མཁའ་འགྲོ་དམར་མོའི་ཆོས་སྐོར་དེ་དུས་ཀྱི་མཐའ་ལ་མ་ཐུག་བར་ཞལ་ཕྱེ་བ་མིན་ཚུལ་གསུངས་ཏེ་སླར་ཡང་གཉེར་དུ་གཏད། དེར་གཏེར་བདག་དང་མཁའ་འགྲོའི་ཚོགས་ཀྱིས་སྐྱེལ་མ་དང་བཅས་ལྷ་སྒར་དུ་ཕེབས། བློན་ཚོགས་ཡོངས་ཀྱིས་གསེར་དང་དར་གྱིས་མཇལ་ཁ་ཞུས་ཤིང་གསོལ་བ་བཏབ། རྒྱལ་མཆོག་གིས། ཉི་ཟླ་འཕྲུལ་འཛིན་གྱི་ཞགས་པ་གཉིས་ཁུ་བོ་ཁྲོ་ཐུང་དང་། འབྲི་སྒ་སྡེའི་ཆོས་སྐྱོང་བེར་ནག་གཉིས་ཀྱི་ལག་ལ་གཏད་དེ། དེ་རིང་རྟེན་འབྲེལ་དང་བཅས་ནོར་རྫོང་འབེབས་རན་པས་རང་རང་གི་སྟོབས་ཤུགས་ལ་བརྟེན་ཉི་ཟླ་འཛིན་དགོས་ཚུལ་སོགས་གསུངས། དེར་ཉི་ཟླ་སྐར་གསུམ་འཛོམས་པའི་རྟེན་འབྲེལ་གྱི་ཉིན་མོར་བབས་པ་ན། དང་པོ་འབྲི་སྒ་སྡེའི་ཆོས་སྐྱོང་ཆེན་པོས་ཉི་མ་འཕྲུལ་འཛིན་གྱི་ཞགས་པ་འཕངས་ནས་ཉི་མའི་ཟེར་ལ་ཐོགས་ཤིང་ལྕགས་ཀྱི་ཕུར་པར་བཏགས། ཁྲོ་ཐུང་གིས་ཟླ་བ་འཕྲུལ་འཛིན་གྱི་ཞགས་པས་ཟླ་བ་ལྕགས་ཕུར་ལ་བཏགས། རྒྱལ་མཆོག་གིས་ལྷོ་ཤིང་ཁྲི་རྒྱལ་པོའི་ལས་ཟོག་གནམ་སྔོན་པོ་གཤོག་པའི་རལ་གྲི་དེ་ལན་གཉིས་གཡུགས་པས། ལྷོ་བདུད་སྲིན་པོའི་ཁ་རླངས་ལས་ཆགས་པའི་གནམ་སྔོན་པོ་ཁེབས་པའི་དར་སྣ་དེ་རྒྱ་རས་གཤགས་པ་ལྟར་བྱུང་བས་དགྲ་བླ་ཝེར་མ་རྣམས་ཀྱིས་རླུང་ཤུགས་ཀྱིས་གཏོར་ཕྱིར། ནམ་མཁའ་དྭངས་ཤིང་བེེ་ཌཱུརྱའི་མདོག་ལྟ་བུ། ཉི་ཟླ་གཉིས་པོའི་འོད་སྣང་དང་སྒྱུ་སྐར་གྱི་ཚོགས་རྣམ་པར་བཀྲ་ཞིང་མདངས་གསལ་ཕུན་ཚོགས་ཀྱི་རྟེན་འབྲེལ་འགྲིགས། རྒྱལ་པོ་ཆེན་པོས་དབུ་ལ་པད་ཞྭ་སོགས་ཟ་ཧོར་རྒྱལ་པོའི་ཆ་ལུགས་བཅས། ཕྱག་གཡས་རིན་ཆེན་གཏེར་གྱི་ལྡེ་མིག་དང་། གཡོན་པས་ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་དབང་གི་རྒྱལ་པོ་ཐུགས་ཀར་བསྣམས་པ། ཆིབས་ཆེན་རྐྱང་བུ་ཁ་དཀར་ནོར་བུའི་སྒ་ཆས་ཅན་ལ་བཅིབས་ཤིང་། གཡས་གཡོན་གྱི་རུ་ཤོག་དཔོན་རྒྱུད་རྣམས་ཀྱི་དུང་དཀར་སོགས་བཀྲ་ཤིས་པའི་རྫས་དུ་མ་ཐོགས་པ། ཆིབས་རྐྱང་རྒོད་ཀྱི་གསུང་གི་སྤྲུལ་བ་སྐྱ་ལོའི་སེང་ལྕམ་འབྲུག་མོ། དཔོན་པོ་ཁྲོ་ཐུང་ནེའུ་ཆུང་ལུ་གུའི་ཚར་ཡག་ཏུ་སྤྲུལ་པ་སོགས་ཀྱིས་རྒྱ་ཟངས་འོ་མའི་གང་བ་སོགས་རྟེན་འབྲེལ་གྱི་རྫས་མ་ཚང་བ་མེད་པ། གཙང་ཞིང་ཡིད་དུ་འོང་བ་རྣམས་འཛོམས་པའི་སྐབས། དང་པོ་རྒྱལ་པོ་ཆེན་པོས་མཛོད་སྒོ་ཕྱེ་བའི་རྟགས་སུ་ཕྱག་མདའ་ལྔ་བོ་གནང་བས་ས་རྣམ་པ་དྲུག་ཏུ་གཡོས། དེ་ནས་རྫ་གོང་སྤང་ལུང་དུ་ལྡེ་མིག་བཀྲོལ་བར་མཛད་པས། ཕྱོགས་སོ་སོ་ནས་སྒོ་ཕྱེས་པ་ལྟར་བྱུང་བའི་ནང་ནས་ལྷ་གཡག་ཁམ་པ་རུ་རིང་། གཡག་གི་རྭ་སྒྲ་ལྡི་རེ། དཔུང་རྩིད་ཉི་ལེ། འབྲི་གཡང་ཐིག་ལེ་སྤུངས་སེ། འོ་མཛོད་ནུ་མ་རུག་གེ། བེའུ་ངུར་སྒྲ་ལྡི་རེ། ལུག་གཡང་དཀར་དུང་མགོ་རུག་གེ། ཕོ་ལུག་རྭ་གདོང་ཁྲིགས་སེ། ལུག་ཆུང་འབའ་ཚག་ཧྲུག་གེ། ར་གཡང་ཚེ་ཚེ་རྒྱལ་མོ། རིས་ཆུང་རྩེ་བྲོ་ཉི་ལེ། རྟ་གཡང་སྨུག་པོ་མཆོང་རུ་ལ། རྟ་ཕོ་རྣ་སྒྲ་དི་རེ། རྟེའུ་ཆུང་རྩེད་བྲོ་ཁྲིགས་སེ། བལྟ་བ་མིག་གིས་མི་བཟོད། བརྗོད་པ་སེམས་ཀྱིས་མི་ལོང་བ་བྱུང་བས་དཔའ་བརྟུལ་དཔོན་རྒྱུད་སོ་སོས་རྒྱལ་མཆོག་ལ་བསྟོད་པ་དང་གཡང་འགུགས་ཁ་གཡང་གི་གླུ་མང་པོ་དང་བཅས་ཡིད་ལྷུང་བྲག་དམར་གྱི་རྩར་ཕེབས། གཞིས་བཞུགས་ཀྱི་རུ་དཔོན་རྣམས་ཀྱིས་བསུ་བ་བྱས་ཤིང་མཇལ་རྟགས་གསུང་གླེང་ཞིབ་རྒྱས་མང་དུ་མཛད་དེ་བཞུགས།

ཉི་མ་དེའི་ཕྱིའི་ཉིན་ནས་ཡུལ་སྟག་གཟིག་གི་འབངས་ཡོངས་བསྡུས་ཏེ་རྣམ་དཀར་ཆོས་ཀྱི་ལུགས་སྲོལ་བཙུགས་ཤིང་། ཡུལ་ལུང་ཀུན་གྱིས་དཀོན་མཆོག་གསུམ་ལ་དད་ཅིང་རྒྱལ་པོ་སེང་ཆེན་གྱི་བཀའ་ཁྲིམས་མིག་འབྲས་ལྟར་བསྲུང་བའི་ཁས་ལེན་དམ་བཅའ་ཕུལ། ཡི་གེ་དྲུག་མའི་དབང་ལུང་དང་། ལས་འབྲས་ཀྱི་རྣམ་གཞག་རྒྱ་ཆེན་པོ་གནང་། ལྷག་པར་དགྲས་བཅོམ་པ་སོགས་དབུལ་ཞིང་ཕོངས་པ་རྣམས་ལ་ནོར་རྫས་དཔག་ཏུ་མེད་པ་གནང་སྟེ་ཡུལ་ལུང་སྤྱིའི་དབུལ་ཕྱུག་མཉམ་པར་བྱས་ཤིང་རང་རང་གི་ཡུལ་གྲུ་འཛིན་དུ་བཅུག་པ་དང་། སྤྱི་ཁྱབ་མགོ་འཛིན་ལ་འབྲུ་སྒ་སྡེའི་ཆོས་སྐྱོང་བེར་ནག་བསྐོས་ཤིང་། ཞབས་གྲས་སུ་མོན་ཕྲུག་ཟླ་བ་ཁྲབ་བཙན། ཧོར་གྱི་ཁམས་པ་གཡུ་ལྡན། ལྷོའི་ཨ་བསེ་ཐོག་རྒྱལ། བདུད་བློན་རུ་ཏྲ་དཔའ་བོ་བཞི་ལ་རང་ཤོག་གི་དཔུང་དམག་བརྒྱ་རེ། འབྲུའི་རྟ་དམག་གསེར་འཕྲུ་ཅན་ལ་སུམ་བརྒྱས་བསྐོར་ཏེ་ལོ་གསུམ་བར་བཞུགས་དགོས་པ་ཐག་བཅད། དེ་ནས་ཞག་གསུམ་སོང་བའི་སྔ་མོ་སྟག་ཟླའི་རྒྱལ་ཕུར་འཛོམས་པའི་ཉིན་མོ་གླིང་རྗེ་མི་ཡི་ཉི་མ་རྒྱལ་བློན་འབུམ་དཔུང་དང་བཅས་པའི་ཆིབས་ཁ་གླིང་ཕྱོགས་སུ་བསྒྱུར་བ་དང་། སྟག་གཟིག་ཡུལ་གྱི་ནོར་གཡང་ག་མ་གཟི་ཡི་རྭ་ཅོ་དང་། སྔོན་པོའི་གཡུའི་རྭ། དམར་པོ་བྱུ་རུའི་རྭ་ཅོ། མ་ཧེ་སྔོན་མོ་སོགས་རྟ་དྲེལ་རྐང་འགྲོས། གླང་ཆེན་སུམ་བརྒྱ་དྲུག་ཅུ་ལ་གསེར་དངུལ་དར་གོས་ཀྱི་རྒྱབ་ནོན་བཅས་ལམ་མི་ཤོང་བ་ཙམ་དྲངས་པའི་མགོ་འཛིན་ལ་སྡིག་གཅོད་ཤན་པ། འཇང་ཕྲུག་གཡུ་ལྷ་གཉིས་བསྐོས་པ་ལ་སྒ་སྡེ་དཔོན་སོགས་སྟག་གཟིག་གི་སྡེ་དབངས་རྣམས་ཀྱིས་ཤར་གྱི་གངས་ནེ་ལ་ཐོག་བར་བསྐྱལ། དེ་ནས་ན་བ་སྔོ་ལེབ་དང་གངས་རི་དར་ཆེན་སོགས་བརྒྱུད་དེ་གླིང་ཕྱོགས་སུ་གཤར་ནས་ཡོང་སྐབས་ཤིག་ན། གནམ་ལྷ་གུང་སྨན་རྒྱལ་མོས་ལུང་བསྟན་ལ་གངས་རི་དར་ཆེན་ནས་མཛོ་གཡང་འཛིན་དགོས་ལུགས་གསུངས་པ་ལྟར། དེ་ཉིན་ལྷ་སྒར་བསྡད་དེ་རྒྱལ་བློན་གཙོ་གྲས་རྣམས་གངས་རི་དར་ཆེན་གྱི་རྒྱུད་དུ་ཕེབས་པ་ན་མཛོ་གཡང་ག་མ་རུ་རིང་མུ་ཏིག་གི་རྭ་ཅོ་ཟིང་ངེ་ཡོད་པ་ཅིག་གཟིགས་མ་ཐག་དཔའ་བརྟུལ་ཚོས་རྒྱང་ནས་བསྲུངས་པ་དང་། རྒྱལ་མཆོག་དམ་པ་ཉེ་བར་གཅར་ཏེ་ཞགས་པ་ཉི་ཟླ་འཕྲུལ་འཛིན་འཕངས་པས་མཛོ་ཕོ་དེའི་རྭ་ནས་ཟིན་པས། དགྲ་ལྷ་ཝེར་མ་རྣམས་ཀྱི་དཔུང་གཡར་བས་མ་ཤོར་ཙམ་བྱུང་སྐབས། དཔའ་བརྟུལ་རྣམས་མྱུར་བར་སླེབས་ཤིང་མུ་ཏིག་གི་ཞགས་པས་བཅིངས་སྐབས་མི་ཆུང་གིས་མཛོ་མགོ་མ་ཐུབ་པས་རྭ་གཡོན་པ་རྡོ་ལ་ཅུང་ཟད་ཕོག་ཏེ་ཕྱེད་ཙམ་ཆག་ཤོར་བར་རྒྱལ་པོས་བཀའ་བཀྱོན་ཅུང་ཟད་བྱུང་། ཁྲོ་ཐུང་དགའ་སྟེ་མིག་བརྡ་དང་ཨ་ར་བྱུག་བྱུག་བྱས། རྭ་ཉམས་པའི་རྟེན་འབྲེལ་གྱིས་བོད་ལ་དབུལ་ཕྱུག་གི་ཁྱད་པར་གྱི་རྒྱུ་དེ་ལས་བྱུང་བར་གྲགས། དེ་ནས་ཇ་བསྐོལ་ཏེ་ཅུང་བཞུགས། དེ་ནས་མུ་ཏིག་གི་ཞགས་པ་བཀྲོལ་ནས་ཤན་འདན་གཉིས་ཁྲོ་ཐུང་གསུམ་གྱིས་ཁྲིད། གཡུ་ལྷ་དང་དར་རྗེ་དཔའ་མོ་མི་ཆུང་སོགས་ཀྱིས་རྗེས་དེད། རྒྱལ་པོ་མཆོག་དང་ལྷ་སྲས་དགྲ་བླ་རྩེ་རྒྱལ། ཉི་འབུམ། འཇང་སྲས་གཡུ་ཁྲི་སོགས་རི་གཟིགས་སུ་ཕེབས། དེར་མཛོ་ཁྲིད་མཁན་རྣམས་མར་ཙམ་ཕེབས་པའི་དུས་མི་ཆུང་གིས་མཛོ་ཕོ་དེའི་ཕོང་ལ་ལྕག་ཤད་ཚ་བྲོ་བ་གཅིག་བརྒྱབས་ཕྱིར་མཛོ་འདྲོགས་པས་ཞགས་སྣེས་ཚ་འཐེན་གྱིས་ཁྲོ་ཐུང་རྟ་ལས་ལྷུང་། ཤན་འདན་གཉིས་རྟ་ལས་ལྷུང་ལ་ཁད་ཙམ་གྱིས་མ་ཤོར། དེ་ནས་ལྷ་སྒར་དུ་ཕྱག་ཕེབས་པ་ན་དམག་མང་གྲོག་ཚང་རྡོལ་བ་བཞིན་ལྟད་མོ་ལ་འདུས་པ་དང་། མཛོ་གཡང་ལྷ་གུར་གྱི་སྒོར་ཕུར་བ་བཏབ་ཏེ་བཏགས། ཉི་མ་དེའི་ཕྱིར་ནང་རུ་ཤོག་གི་སྒྲིག་ལམ་སྔར་ལྟར་བྱས་ནས་བཤར། དེ་ནས་ཞག་བཅོ་ལྔའི་ནངས་མོ་སྤང་རི་དེལ་ཆུང་མར་གཤམ་དུ་སྔ་ཆར་ཕེབས་སྐབས། རྒྱལ་མཆོག་དམ་པ་མི་རྐྱང་རྟ་རྐྱང་གིས་གནམ་ལྕགས་རལ་གྲི་ཐོགས་ཏེ་རྫུ་འཕྲུལ་གྱིས་ཕེབས་ནས། སྟག་ཐང་གི་འབར་བྱེད་ཀྱི་རྒྱུ་དེ་རྣམས་ལ་དགྲ་ལྷ་ཝེར་མའི་དཔུང་ཤུགས་ཀྱིས་མེ་ཐང་གི་ས་འོག་ལ་སྦས། མི་མིན་གྱི་དམག་རྣམས་གནམ་ལྕགས་ཤེལ་གྱི་རལ་གྲིས་སྙིང་ཚལ་པར་བཤགས་ཤིང་། རྣམ་ཤེས་དག་བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་སངས་རྒྱས་དོན་ཡོད་གྲུབ་པའི་མདུན་སར་སྤར། རྒྱལ་པོ་ཉིད་ཀྱི་ཐུགས་བསྐྱེད་ལས་མེ་ཐང་དེ་བརྒྱ་ཡར་འགྲོའི་ཇ་ལམ། སྟོང་ཕྱིར་འོང་གི་མགྲོན་ལམ་ཡོང་བའི་སྨོན་ལམ་མཛད། ད་ལྟ་བྱང་མེ་གཞུང་ཟེར་བའི་རྒྱུ་དེ་ལས་བྱུང་། ཡང་ཆུ་ནག་ཐང་གི་མེ་འདྲེ་དམ་ལ་བཏགས། ད་ལྟ་ཆུ་ནག་མར་ཐང་དུ་བྱང་གི་གད་པ་འབྲི་འདྲ་ཟེར་བ་ཡོད། དེ་ལྟར་བྱ་བ་རྣམས་ལེགས་པར་གྲུབ་ཏེ་བློ་བདེ་བའི་ངང་ཤར་གླིང་དཀར་གྱི་ས་སྣེར་ཕེབས་ཉེ་དུས། རྒྱལ་པོ་གེ་སར་གྱིས་བཏང་བའི་བང་འཕྲིན་ཁྲུང་ཁྲུང་གསུམ་པོ་ཉིན་ཞག་བདུན་གྱི་སྔ་རོལ་ནས་འབྱོར་ཟིན་པའི་མ་ཚད། གླིང་པ་ཚོ་ཇ་འདྲེན་ལ་ཐོན་རྩིས་ཁྲིག་གེར་ཡོད་པས་རིམ་པ་བཞིན་གླིང་ཆེ་འབྲིང་ཆུང་གསུམ་གྱི་བསུ་བ་ཐོན། དེ་ནས་ཞག་བཅུ་འདས་པའི་སྔ་མོ་གླིང་རྗེ་བློན་རྣམས་བྱང་གི་ཨ་མོ་ཐང་དུ་འབྱོར་བ་ནས་སྨད་གླིང་མུ་སྤྱང་གིས་བསུ་སྟོན་སོགས་གླིང་སྡེ་བས་གཞིས་སྡོད་ཡོངས་སུ་རྫོགས་པ་རྒྱལ་བློན་ཚོར་བསུ་བ་དང་མཇལ་ཁར་བཅར། ཡབ་ཆེན་སེང་བློན་སོགས་ཀྱིས་འབུལ་བ་རྒྱ་ཆེན་པོ་དང་ཆིབས་བསུ་གླུ་ལེན་མཛད། གཞིས་སྡོད་ཀྱི་གྲས་ནས་དར་འཕེན་དུག་གི་སྡོང་པོ་རང་བཞིན་སྙུན་རྐྱེན་གྱིས་སྐུ་འདས་ཚུལ་ཐོས་པ་ལ། རྒྱལ་པོ་སེང་ཆེན་གྱིས་ཐུགས་ངལ་མཛད་ཚུལ་ཞིག་ཀྱང་བཤད་སྲོལ་བྱུང་། དེར་གླིང་ཚོ་ཆེན་ལྷ་སྡེ་དཀར་པོའི་ཕ་ཁུ་རྒན་གསུམ་དང་མ་སྲུ་མོ་སྨན་རྣམས་ཀྱིས་བྱེས་སོང་གི་ལོ་རྒྱུས་འདྲི་བཤད་སོགས་གསུང་གླེང་དང་། ལྷའི་ཕུན་ཚོགས་ལྟ་བུའི་དགའ་སྟོན་སྔར་དང་མ་འདྲ་བ་ཞིག་མཛད་པའི་སྐབས། སྐུ་རྗེ་སེང་ཆེན་ནོར་བུ་དགྲ་འདུལ་གྱིས་སྟག་གཟིག་གི་མེ་ཐང་བཤགས་ཚུལ། ཨ་བོན་བླ་མ་དགུང་ནས་ཕབས་ཚུལ། སྟག་གཟིག་རྒྱལ་བློན་ཆམ་ལ་ཕབ་ནས་དགྲ་མཐའ་ཇི་ལྟར་བཅད་ལུགས་དང་། ནོར་རྫོང་ཕབ་ལུགས། ཡུལ་སྟག་གཟིག་ཆོས་ལ་བཀོད་ནས་སྤྱི་ཁྱབ་ལ་འབྲུ་སྒ་སྡེ་དཔོན་བློན་བཞུགས་ཡོད་ཚུལ་སོགས་ལོ་རྒྱུས་ཞིབ་པར་མགུར་གླུར་དྲངས་ནས་གསུངས། གཞན་ཐུགས་བསྐྱེད་ཡང་དག་གིས་གཡང་འགུགས་དང་ཤིས་བརྗོད་མཛད། འབྲུག་མོ་དང་ནེའུ་ཆུང་སོགས་ཀྱིས་ཀྱང་བཀྲ་ཤིས་པའི་གླུ་ཞུས་བཅས་སེང་འབྲུག་སྟག་རྩེའི་ཚོམས་ཆེན་དུ་གཡུལ་ལས་རྒྱལ་བའི་དགའ་སྟོན་གྱི་དཔལ་ལ་རོལ། སྤྱི་དཔོན་རོང་ཚ་ཁྲ་རྒན་གྱིས་སྟོན་བཤད་ཁ་གཡང་གི་གླུ་བླངས། དེ་ནས་བཟུང་རྟ་རྒྱུག་མདའ་འགྲན་སོགས་དགའ་སྟོན་གྱི་རྩེད་མོ་བསམ་གྱིས་མི་ཁྱབ་པ་སྤེལ་ནས་བཞུགས་པར་གདའ་འོ། །

དེ་ལྟར་གླིང་རྗེ་རྒྱལ་བློན་འཁོར་བཅས་ཀྱིས། །

སྟག་གཟིག་རྒྱལ་དང་བཙན་ལྷ་རྡོ་རྗེ་སོགས། །

ནག་པོའི་ཕྱོགས་ཀྱི་སྡེ་ཚོགས་བཅོམ་བྱས་ཏེ། །

ནོར་གྱི་རྫོང་ཆེན་ཕབ་ཚུལ་བསྡུས་དོན་རྫོགས། །

འདི་ནི་རང་གི་ཉམས་ལ་ནོར་རྫོང་ཞིག།

འབྲི་འདུན་བྱུང་མོད་དགོས་པ་མེད་མཐོང་ནས། །

སྔར་ཡོད་ནོར་རྫོང་ཆེན་མོའི་ཉིང་དོན་འདི། །

རྟེན་འབྲེལ་ས་བཅད་མ་སྟོང་ཙམ་དུ་བཀོད། །

འདི་ཡི་ནང་དོན་རང་སོར་བཞག་པ་ལས། །

རང་འདོད་བསྲེ་སྣོན་བྱས་པ་གཞི་ནས་མེད། །

བསྡུས་པའི་དོན་ལ་ཚིག་ལྷད་ཤོར་མཆིས་ཀུན། །

སྒྲུང་མཁན་ཉིད་དང་དགྲ་བླ་ཝེར་མར་འཆགས།

འདིས་ཀྱང་གླིང་རྗེ་རྟོགས་བརྗོད་རྒྱ་མཚོའི་བཅུད། །

སྟག་གཟིག་ནོར་གྱི་གཡང་མཛོད་ཆེན་པོའི་སྒོ། །

རྣམ་པར་ཕྱེས་ཚུལ་འཕྲིན་ལས་དར་སྤེལ་ལ། །

ཞབས་ཞུ་ནུས་ཤིང་རྣམ་པར་དགེ་གྱུར་ཅིག །

ཅེས་གླིང་རྗེ་གེ་སར་སྐྱེས་བུའི་རྣམ་ཐར་རྟོགས་བརྗོད་ཁྲོད་ནས་རྫོང་ཆེན་བཅོ་བརྒྱད་ཀྱི་ཐོག་མ་སྟག་གཟིག་ནོར་རྫོང་ཞིག་འབྲི་འདུན་ཆེན་པོ་བྱུང་མོད། གསར་དར་གྱི་སྒྲུང་སྣ་མང་ཆེ་བས་སྔར་ཡོད་ཀྱི་རྟོགས་བརྗོད་རྩ་ཆེན་ཚོ་ངོས་མི་ཟིན་པ་ཞིག་ཏུ་འགྲོ་བཞིན་པའི་གནས་ཚུལ་ལ་གཞིགས་ཏེ། རྟེན་འབྲེལ་གྱི་ས་བཅད་མ་སྟོང་ཙམ་དུ་སྔར་བྱུང་སྟག་གཟིག་ནོར་རྫོང་གི་རྟོགས་བརྗོད་རྙིང་བ་ཞིག་གི་དོན་བསྡུས་ཏེ་བྲིས་ན་ཆོག་སྙམ་ནས་སྨིན་དབུས་ཨ་དཀར་པོས་བོད་རབ་བྱུང་ ༡༧ པའི་མེ་བྱ་ས་ག་ཟླ་བའི་ཡར་ཚེས་ལ་སྔར་རང་ལ་གོམས་འདྲིས་ཡོད་པའི་རྟོགས་བརྗོད་ཅིག་གི་ནང་དོན་བསྡུས་འབྲི་བྱས་ཤིང་ཟླ་དེའི་ཚེས་༡༦ ཉིན། ཤར་རྒྱ་ནག་གི་གནས་གླང་ཆེན་འགྱིང་རིའི་རྩེའི་འཇའ་ཟེར་སྨུག་སྤྲིན་གྱི་བང་རིམ་བརྩེགས་པའི་ཀློང་ནས་མཇུག་གྲུབ་པར་བྱས་པ་དགེ། སྤྱིར་སྟག་གཟིག་ནོར་རྫོང་གི་སྒྲུང་འདི་ལ་རིགས་མི་འདྲ་བ་འགའ་མཆིས་ལ། དེ་ལས་ཀྱང་སྟག་གཟིག་རྒྱལ་ཁབ་ཀྱི་ས་བབས་སོགས་ནི་སྒྲུང་གཏེར་ཉི་མ་རང་ཤར་གྱི་ཏཱ་ཟིག་ནོར་རྫོང་ཅུང་འོས་འཚམས་རེད་སྙམ་པ་ཡོད་ཀྱང་། འདིར་རང་ཉིད་ལོ་ན་ཆུང་བའི་དུས་ནས་གྲོམས་འདྲིས་དང་ཉམས་མྱོང་ཡོད་པའི་སྣང་བ་ཞིག་དབང་བཙན་དུ་བྱས་ཏེ་བུ་ལྷའི་སྒྲུང་ལུགས་ཡིན་སྙམ་པའི་ཚོར་བ་དང་དུ་བླངས་ནས་བྲིས་པ་ཡིན་ལ། གལ་ཏེ་འདི་ཉིད་བུ་ལྷ་ནོར་བུའི་སྒྲུང་ལུགས་ལྟར་ཡིན་པའི་དབང་དུ་བཏང་ན་རྟེན་འབྲེལ་གྱི་གནད་ཅིག་ཀྱང་ཡོད་འདུག་སྙམ་པའོ། ། སརྦ་མངྒ་ལཾ།

<<བོད་ཀྱི་གླིང་སྒྲུང་ཀུན་འདུས་ཆེན་མོ་>>ཞེས་དེབ་ཕྲེང་སུམ་བརྒྱའི་བདག་ཉིད་ཅན་ལས་བཤུས་ཏེ་བཀོད།

 

 

 

 

 

 

 

ཀློག་གྲངས།:[112]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com