དམྱལ་གླིང་མུན་པ་རང་གསལ་གྱི་སྒྲ་ལ་ཉན་པའི་ཚོར་སྣང་།
-ཤེས་འདོག་མིན་ཏེ། རང་གི་བསམ་ཚུལ་གླེང་།

གཅིག །
གླིང་རྗེ་གེ་སར་རྒྱལ་པོའི་རྣམ་ཐར་ལས་དཔའ་མོ་ཨ་སྟག་ཀླུ་མོའི་སྐོར་ལ། ཕྱི་ནང་གསང་གསུམ་ཡོད་པ་ལས།
ཕྱི་ཚུལ་སྤྱི་མཐུན་གྱི་མཐོང་ཡུལ་གཏམ་རྒྱུད་ཀྱི་འགྲོས་ལ། ཨ་སྟག་ཀླུ་མོ་གནས་གང་དུ་ཡབ་ཡུམ་རིགས་རུས་སུ་ཞིག་ལ།
ཚུལ་ཇི་ལྟར་དུ་འཁྲུངས་ཤིང་། ཕ་རི་ཤིའི་འཆི་སྐྱེན་སྐོར་དང་། བདུད་ཀླུ་བཙན་གྱི་སྲིང་མོར་གྱུར་ཚུལ་སྐོར་ནས་བཟུང་ཁོ་མོ་འཚར་ལོངས་བྱུང་སྟངས་དང་།
གླིང་རྗེ་གེ་སར་སྐྱེས་བུ་ཆེན་པོའི་གྲོགས་མོར་གྱུར་ཏེ། སྐུ་ཚེའི་ནང་གླིང་ལྷ་དམག་དཀར་པོའི་ཁྲོད་ཀྱི་དཔའ་རྩལ་མདའ་སྐྱེན་ཅན་གྱི་བུ་མོ་དམག་དཔོན་མ་གཅིག་པུར་གྱུར་ཚུལ་སྐོར་ལ།
གླིང་དཀར་པོའི་རྣམ་ཐར་རྟོགས་བརྗོད་ཕལ་མོའི་ཆེའི་ནང་། བདུད་སྡེ་དཀར་ནག་ཁྲ་གསུམ་གྱི་སྤྱི་རྗེ།སྤང་མཁར་ན་རོ་དགུ་ལྕོག་དང་།
བདུད་མཁར་ལྕགས་ར་རྩེ་དགུ་སོགས་ཀྱི་ཡ་བདག ། མ་དཔའ་མོ་ཨ་སྟག་ཀླུ་མོ་དང་། རྟ་རག་པ་སྟག་ལག
། གཞུ་འབྲོང་ར་དགུ་ལྡན་ཞེས་མ་ཁྱབ་པ་དང་། མ་གྲགས་ས་མེད་པ་ལྟ་བུར་གྱུར་བའི་མཐར། གླིང་རྗེ་གེ་སར་སྐྱེས་བུ་ཆེན་པོ་རྒྱ་ནག་པོར་ཆོས་འཁོར་བསྐོར་བར་བྱོན་ཤུལ་དུ།
ནད་རྐྱེན་གྱིས་དུས་ལས་འདས་ཚུལ་བར་གྱི་གནས་ཚུལ་བོད་མི་མང་གི་ངག་རྒྱུད་བཤད་སྟངས་མཐུན་ཞིང་།
སྟོད་མངའ་རིས་ནས་སྨད་མདོ་ཁམས་ཡན་དུ་བཞུགས་པའི་དཔའ་མོ་ཨ་སྟག་གི་གནའ་ཤུལ་མང་པོ་དང་། ཁྱད་པར་དུ་བོད་ཀྱི་གླིང་སྒྲུང་པ་སོ་སོའི་གཟིགས་སྣང་སོགས་ལ་རྣམ་པ་དང་།
བཤད་ཚུལ་མི་འདྲ་བའི་རྟོགས་བརྗོད་སྣ་ཚོགས་ཡོད་པ་དང་།
ལྷག་པར་ནང་གི་རྣམ་ཐར་ཐད་ནས། གླིང་རྗེ་མཆོག་ལ་གོང་མ་ལྷ་ཡུལ་ནས་མི་ཡུལ་ལ་འགྲོ་དོན་བསྒྲུབ་རོགས་སུ་ཞལ་བཞེས་སྨོན་ལམ་ཅན་གྱི་རྒྱལ་ཡུམ་སེང་ལྕམ་འབྲུག་མོ་དང་།
གསང་ཡུམ་ནེའུ་ཆུང་ལྷ་མོ། དགྱེས་ཡུམ་སྒྲོན་ནེ་དང་འབུམ་སྐྱིད། དྲག་ཡུམ་དཔའ་མོ་སོགས་འཕྲིན་ལས་སྐྱོང་གྲོགས་ཀྱི་མཁའ་འགྲོའི་གཙོ་མོ་བཅོ་བརྒྱད་ཡོད་པའི་ནང་ཚན།
དྲག་ཡུམ་ཨ་སྟག་ཀླུ་མོ་མཆོག་ལ་བསམ་མི་ཁྱབ་པའི་ནང་གི་རྣམ་ཐར་བརྗོད་ལས་འདས་པ་ཡོད་པ་ལས།མཁའ་འགྲོ་ཁོང་གིས་བགྲང་ཡས་སེམས་ཅན་དུང་ཕྱུར་མང་པོ་ངན་སོང་ནས་ཐར་བར་འགོད་པའི་ཆེད།
གླིང་རྗེ་སེང་ཆེན་བླ་མའི་ཐུགས་རྒྱུད་བསྐུལ་ཕྱིར། ངན་སོང་དམྱལ་བ་མནར་མེད་དུ་ལྷུང་ཚུལ་གནང་བའི་རྣམ་ཐར་སོགས་ཡོད་པ་དང་།
དེ་བཞིན་དུ་གསང་བའི་རྣམ་ཐར་ལ། མ་ཤ་ཟ་ཨ་སྟག་ལྷ་མོ་མཆོག ། ཕྱི་དམག་དཔོན་གྱི་ཚུལ་ཙམ་བཟུང་བ་ལས།
དོན་ལ་ཡེ་ཤེས་ཀྱི་མཁའ་འགྲོའི་རང་རྩལ་དྲག་མོའི་རྣམ་པར་བཞེངས་ཏེ།མ་རུང་བདུད་སྲིན་འདུལ་ཕྱིར་ནམ་མཁའ་ཇི་སྲིད་དུ།
མཐུ་སྟོབས་རྫུ་འཕྲུལ་གཡོ་བ་མེད་པར་མི་མངོན་པའི་དབྱིངས་ན།དུས་ད་ལྟ་ཡང་རྟག་ཁྱབ་ལྷུན་གྲུབ་ཏུ་བཞུགས་ཏེ།
འགྲོ་དོན་འཕྲིན་ལས་མུ་མེད་སྐྱོང་བཞིན་པའི་གནས་ཚུལ་དང་སྣང་ཚུལ་བརྗོད་མཐའ་བྲལ་བ་ལས། འདིར་ནང་གི་རྣམ་ཐར་གྱི་ཆ་ཤས།
དུས་རབས་སྔོན་མ་ཞིག་གི་དུས་སུ་སྤྲུལ་བའི་གཏེར་སྟོན་སྟག་ཤམ་རྡོ་རྗེ་ཞེས་པས་ (གཏེར་ཆེན་འདི་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱི་རྣམ་ཐར་གསུང་མཁན་གྱི་གཏེར་ཆེན་དེ་ཡིན་མིན་སོགས་ནི་ད་དུང་དཔྱད་དགོས་པའི་གནས།)
དགོངས་གཏེར་དག་སྣང་རྗེས་དྲན་ལས་ཕབ་པའི་གླིང་སྒྲུང་། ཧོར་འདུལ་གནམ་ལྕགས་རལ་གྲི་ཞེས་པ་དང་། འཛམ་གླིང་གེ་སར་རྒྱལ་པོའི་རྣམ་ཐར་ཐོར་བུ་ལས་དམྱལ་གླིང་མུན་པ་རང་གསལ།
ཞེས་པར་རྒྱས་འབྲིང་བསྡུས་གསུམ་སོགས་ཡོད་རབས་གསལ་བ་ལས། འདིར་འབྲིང་པོའི་ལུགས་བྱང་བླ་བྲང་བཀྲ་ཤིས་འཁྱིལ་དགོན་པའི་ཤིང་པར་གྱི་དཔེ་ལས་ཐོན་པའི།
གླིང་གེ་སར་རྒྱལ་པོའི་སྒྲུང་དམྱལ་གླིང་མུན་པ་རང་གསལ། ཞེས་པ། མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་སྤྱི་ལོ་
༡༩༨༤ ལོར་པར་བའི་དེབ་དོན་བཞིན། བོད་ཀྱི་སྒྲུང་ཆེན་སྐལ་བཟང་གྲགས་པས་དྲུག་འགྱུར་ཚངས་པའི་དབྱངས་ལ་དྲངས་ཏེ།
སྙན་གྱེར་འགྲེལ་བཤད་མཛད་པའི་སྒྲ་འདིའི་དངོས་བསྟན་གྱི་བརྗོད་བྱ་ནི།
གླིང་རྗེ་གེ་སར་རྒྱལ་པོ་དང་དཔའ་མོ་ཨ་སྟག་ཀླུ་མོ་ཟུང་གི་གསང་བ་བསམ་མི་ཁྱབ་པའི་རྣམ་ཐར་གྱི་ས་བོན་ལ་གཞི་བཅས་ཏེ།
མཐོང་ཐོས་བྱེད་མཁན་གྱི་གདུལ་བྱ་གཙོ་བོ་འཇིག་རྟེན་ཁམས་ཀྱི་མི་རྣམས་ལ་དགེ་སྡིག་གི་དབྱེ་བ་སྟོན་ཕྱིར་དང་།
རྒྱུ་འབྲས་ལ་བརྩི་སྲུང་ཟབ་མོ་དགོས་པའི་གཞེན་སྐུལ་གྱི་བསམ་བློ་སྔོན་སོང་གིས། སྤྱིར་ལས་རྒྱུ་འབྲས་ཀྱི་རྣམ་གཞག་ཕྲ་ཞིབ་ཡིན་པ་དང་།
སྐྱེ་བ་སྔ་ཕྱི་ཡོད་པ་འཁྲུལ་མེད་ཡིན་པར་མ་ཟད། གསོན་མི་ཡུལ་ནས་ནག་པོ་སྡིག་པ་ལ་འཛེམ་དོགས་མ་བྱས་ན།
ཤི་བའི་རྗེས་སུ་ལས་ཀྱི་རྣམ་པར་སྨིན་པ་མྱོང་དགོས་པ་ལ་ཐེ་ཚོམ་མེད་པ་གསལ་བཤད་དང་། དེ་ལས་ཀྱང་ཆོས་པ་ཡིན་ཟེར་བཞིན་དགེ་སྡིག་གི་ལས་ལ་དེ་འདྲ་དོ་སྣང་མི་མཛད་པའི་མཐོ་དཔོན་པོ་བླ་མ་དང་།
དམའ་མང་ཚོགས་དང་སྤྲང་པོ། སྤྲུལ་སྐུ་དགེ་བཤེས།གྲྭ་བ། ཇོ་མོ་སོགས་ཀྱི་འཚོ་བའི་ཁྲོད་བྱུང་བའི་གནས་ཚུལ་མི་ལེགས་པ་ཕལ་མོ་ཆེ་དམིགས་འབེན་བྱས་ཏེ།རང་བཞིན་གྱི་ཁ་ན་མ་ཐོ་བའི་སྡིག་ལས་ཚད་བརྒལ།
ཆོས་འཇིག་རྟེན་གང་ཐད་ནས་ཚུལ་དང་མི་མཐུན་པར་གྱུར་བའི་ངན་སྤྱོད་ཆེ་ཕྲ། མདོར་ན་ནག་པོ་སྡིག་པའི་ཕྱོགས་སུ་གཏོགས་པའི་རིགས་འཛེམ་མེད་དུ་བྱེད་མཁན་དག་ཐེར་འདོན་དང་།
མི་རྣམས་ཀྱི་འཚོ་བའི་ཁྲོད་ཀྱི་སྡིག་པ་མི་དགེ་བའི་རིགས་སྔོན་འགོག་གི་སློབ་གསོའི་ཐབས་ལམ་ཞིག་བེད་སྤྱད་དེ།
བརྗོད་ཡོད་པ་གསལ་ལྷང་ངེ་ཡིན་པས། ཐད་ཀར་ཞིབ་གཟིགས་དང་ཞིབ་ཉན་བྱས་ན་མང་པོ་འགྲེལ་བཤད་མི་དགོས་པ་ཞིག་རེད།
གཉིས།
སྤྱིར་བོད་ཀྱི་སྒྲུང་བ་དང་། དད་ལྡན་པ་ཚོའི་ཁྲོད་དུ་གླིང་རྗེ་གེ་སར་སྐྱེས་བུས་དཔའ་མོ་ཨ་སྟག་ཀླུ་མོ་དམྱལ་བར་ལྷུང་བ་ཡར་དྲངས་པའི་རྟོགས་བརྗོད་འདི་ལ།གོ་བ་ལེན་སྟངས་མི་འདྲ་བ་དང་།
ལྟ་ཚུལ་བརྗོད་མཁན་མི་འདྲ་བ་མང་པོ་འདུག་མོད། འདིར་རང་ཉིད་མི་སྒེར་གྱི་བསམ་བློའི་དངོས་ནས། ཨ་སྟག་ཀླུ་མོ་དཔལ་རྡོ་རྗེ་ཕག་མོའི་རོལ་གར་དངོས་ཡིན་ཡང་།འགྲོ་བ་འདུལ་བའི་མཛད་ཚུལ་དང་འཕྲིན་ལས་བསམ་མི་ཁྱབ་ཕྱིར།
ཡེ་ཤེས་ཀྱི་མཁའ་འགྲོ་མ་ཡིན་པས། ཁོང་དམྱལ་བར་སྐྱེས་ཟེར་བ་མི་རུང་ངོ་སྙམ་པའི་བསམ་བློ་དོག་པོ་ཡེ་ནས་མེད་པར།
གལ་སྲིད་ཨ་སྟག་ལྷ་མོའི་ཕྱིའི་རྣམ་པ་ཙམ་ལས། དོན་ལ་ངན་སོང་གི་སེམས་ཅན་དུང་ཕྱུར་མང་པོ་ཞིག་གིས་དམྱལ་བ་མནར་མེད་ན་སྡུག་བསྔལ་དངོས་སུ་མྱོང་བཞིན་ཡོད་པ་གཟིགས་པའི་དབང་དུ་བྱས་ན།
དེ་དག་ཡར་འདྲེན་ཕྱིར་འགྲོ་བའི་བླ་མ་སེང་ཆེན་རིན་པོ་ཆེའི་ཐུགས་དམ་བསྐུལ་ཆེད། ངེས་པར་དུ་མོ་རང་ཉིད་ཀྱིས་བྱང་ཆུབ་སེམས་མའི་སྤྱོད་པ་བསྐྱངས་ཏེ།
ངན་སོང་དུ་ཕེབས་ན། གཟོད་རྒྱུ་རྐྱེན་ཁོ་མོ་ལ་བརྟེན་ནས་གླིང་སེང་ཆེན་བླ་མ་དངོས་སུ་ངན་སོང་དུ་ཕེབས་ནས།
དོན་གདུལ་བྱ་དུང་ཕྱུར་མང་པོ་ཡར་འདྲེན་པའི་འཕྲིན་ལས་ཀྱི་སྐུལ་མ་འམ།སྒོ་འབྱེད་བྱེད་ཐུབ་པའི་དགོས་ཆེད་དང་།
འཇིག་རྟེན་གྱི་མི་རྣམས་ལ་འགྲོ་བའི་བླ་མ་སེང་ཆེན་རྒྱལ་པོའི་དྲག་ཡུམ་ཞེས།བསམ་མི་ཁྱབ་པའི་མཁའ་འགྲོ་མ་དང་།
འཇིག་རྟེན་ན་ཡ་བོ་མེད་པའི་དཔའ་མོ། སྟོབས་དང་མངའ་ཐང་ཅན་གྱི་རྒྱལ་མོ་སོགས་ཡིན་ན་ཡང་།
ལས་བྱས་པ་ཆུད་མི་ཟ་བར་མྱོང་དགོས་པའི་རྣམ་གཞག་སྟོན་པར་ཆེད་དུ་དམིགས་ཏེ། ཕལ་བ་ལས་ཀྱང་ཕལ་བའི་ཚུལ་གྱིས་མར་ངན་སོང་དམྱལ་བའི་གནས་སུ་ལྷུང་ནས་སྡུག་བསྔལ་བརྗོད་མཐའ་མེད་པ་མྱོང་བའི་ཚུལ་བསྟན་པ་རེད་འདུག་སྙམ་ནས་གོ་བ་ལེན་བཞིན་ཡོད།
གསུམ།
གཞན་དུ་དེང་སང་གླིང་གེ་སར་གྱི་རྣམ་ཐར་ནི་བོད་སྤྱི་ཚོགས་ཀྱི་ཆོས་འཇིག་རྟེན་ལོ་རྒྱུས་འཚོ་བ་སོགས་ཕྱོགས་སྣ་ཚོགས་ལ་འབྲེལ་བའི་བྱ་དངོས་སམ།རིག་ཚན་ཞིག་རེད་ཅེས།
འཚོ་བ་དངོས་ཀྱི་ཟུར་སྣེ་སྣ་ཚོགས་དང་མཐུན་པར་དཔྱད་པ་གཏོང་མཁན་དག་གི་བསམ་བློ་བཞིན། རྣམ་ཐར་འདི་དང་འབྲེལ་ཏེ་ཟུར་ཁ་གཞན་ཞིག་གི་ངོས་ནས་གླེང་ན། རྟོགས་བརྗོད་འདིའི་བརྗོད་བྱ་གཙོ་བོ་གླིང་རྗེ་གེ་སར་རྒྱལ་པོ་མཆོག།
འཇིག་རྟེན་མྱི་ཕལ་བ་ཞིག་གི་ཚད་དུ་བཞག་ནས་བལྟས་ཚེ།
གླིང་རྗེ་ཁོང་ཉིད་འཇིག་རྟེན་ཕོ་མོའི་བརྩེ་དུང་གི་ཐད་ནས།མི་ཁྲེལ་ཡོད་དང་། དམ་ཚིག་ཅན།
གློ་དན་ཅན། རང་གི་དགའ་རོགས་སམ་ཟུར་རྟེན་བུད་མེད་ལ་ཕྱི་ཐག་རིང་ཞིང་།ཁ་ཉེ་གཉིས་སུ་མེད་པར་སྙིང་བརྩེ་བརྟན་པ།
གཅེས་སེམས་ལ་མངོན་ལྐོག་དང་། ལ་ཕག་མེད་པར།སྙིང་སྡུག་མ་གནས་ཚུལ་འགག་འཕྲང་ཅི་ལྟ་བུར་འཕྲད་ན་ཡང་།
འགན་གཙང་ཁུར་ཐུབ་པའི་བསམ་བློ་འགྲན་ཟླ་མེད་པ་ལྡན་པར་མ་ཟད། དོན་དངོས་ལག་ལེན་གྱི་ཁྲོད་ནས་ཀྱང་སྙིང་སྡུག་མའི་ཆེད་དུ་ཤི་དམྱལ་བའི་ཡུལ་དུ་ཐེ་ཚོམ་མེད་པར་ཤར་རེར་འགྲོ་ཐུབ་པའི་ཆོད་སེམས་བརྟན་ལ།
འཇིག་རྟེན་གྲགས་པའི་ངོས་ནས་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་དང་། འཁོར་འཇིགས་རུང་ལས་མཁན་སྐུ་ལྔ་ལྟ་བུ་ཞེས།དངོས་སུ་སྒོ་རྩར་གཅར་ཏེ་འགྲོ་བ་ལྟ་ཅི།
རྒྱང་ནས་མིང་ཙམ་ཐོས་ན་ཡང་ཁམས་གསུམ་སྐྱེ་དགུའི་བདག་པོ་རྣམས་ཀྱང་སྐྲག་འཇིགས་ཀྱིས་བྱིན་ཤ་འདར་བར་བྱེད་མཁན་དག་གི་གདོང་ལ་ཐད་ཀར་བུད་དེ།སྙིང་གྲོགས་ཨ་སྟག་ལྷ་མོ་ཚུར་ལ་གསོན།།
ཞེས་ཐུགས་བྱམས་བརྩེའི་གཅེས་འབོད་ལྷང་ལྷང་ངང་། སྐུ་དགྲ་བླའི་མེ་སྟག་འཚུབ་བཞིན་མཆོང་ཐེངས་གཅིག་གིས་རབ་འཇིགས་དམྱལ་བའི་ཁྲིམས་ར་ནས།
རང་གི་སྙིང་སྡུག་མ་ཕྱིར་བཙན་འཕྲོག་བྱས་ཤིང་། སྙིང་ལ་སྦྱར་ནས་སེམས་གསོ་དང་ངོ་སྤྲོད་གནང་བཞིན།
ལག་མགོའི་ཁྲིད་དེ་ཁྲིམས་དུང་ཕྱུར་མང་པོ་དང་མཉམ་དུ་བདེ་ཆེན་ཐར་བའི་གླིང་དུ་བསུ་ཐུབ་པའི་སྙིང་སྟོབས་དང་དཔའ་ངར་ཐད་ནས་སོམས་དང་།
གླིང་རྗེ་གེ་སར་མཆོག་ནི་འཇིག་རྟེན་བརྩེ་དུང་གི་ཆོད་སེམས་གཅིག་པུའི་ཐད་ནས་ཀྱང་། འགྲན་ཟླ་མེད་པའི་བདག་ཉིད་ཅན་ཞིག་ཡིན་པ་གསལ་ལྷང་ངེར་བསྟན་འདུག་པ་ནི།
རྟོགས་བརྗོད་འདིའི་བརྗོད་གཞིའི་ཁྱད་ཆོས་ཕུལ་བྱུང་གི་ཆ་ཤས་ཆེ་ཤོས་སུ་མཐོང་ན།
གླིང་རྗེ་གེ་སར་རྒྱལ་པོ་ནི། འཇིག་རྟེན་འདིའི་ཕོ་མོ་ཕན་ཚུན་བར་བརྩེ་དུང་ཆགས་པ་དང་།
ཕན་ཚུན་བར་བརྩེ་དུང་གླེང་བ། སོ་སོས་བརྩེ་དུང་གི་འཚོ་བ་དངོས་སུ་རོལ་མྱོང་བྱེད་པ་སོགས་ཀྱི་གོ་རིམ་ཁྲོད།
ཤི་བྲལ་མ་གཏོགས། གསོན་བྲལ་མེད་པའི་གཏམ་ཚིག་འཇོག་སྲིད་པ་དང་། ཡོད་ཚད་དཔང་པོར་བཞག་ཏེ་མནའ་སྐྱེལ་བའི་ལམ་ལུགས་ལག་བསྟར་བྱེད་པ་སོགས་ཀྱི་འགྲོ་སྟངས་ལས་བརྒལ་ཏེ།
རང་གི་མཛའ་གྲོགས་མོ་ཤི་ན་ཡང་ཡེ་ནས་མི་འབྲལ་བར་བརྩེ་སྐྱོང་གི་འགན་ཁུར་མཁན་གྱི་མིག་དཔེ་གཅིག་པུ་དང་།
འཇིག་རྟེན་འདིའི་བརྩེ་དུང་གཏན་ཚུགས་ཚབ་མཚོན་གྱི་རྒྱལ་སྲས་དཔའ་བོ་ཉག་གཅིག་རེད་སྙམ་པ་བྱུང་ངོ་།
།
སྨྲས་པ།
གླིང་དཀར་མི་རྗེ་ལྷ་ཡི་དགོངས་སྤྱོད་ཅན། །
སེང་ཆེན་མཆོག་དང་མཁའ་འགྲོ་ཨ་སྟག་མཚན། །
གོང་མ་ལྷ་ནས་དམ་གཙིག་གཅིག་ཚུལ་དང་། །
འགྲོ་དོན་འཕྲིན་ལས་མཐུན་ཚུལ་བཤད་ཅི་དགོས། །
དང་པོ་ངམ་རིང་ཡུལ་གྱི་ནགས་ཚལ་ནས། །
ཕོ་རྒོད་ཁེར་འགྲོ་མོ་སར་ཁེར་འདུག་གཉིས།།
དུང་བ་གཅིག་གིས་བཅིངས་པའི་གོ་རིམ་ལ།།
སྦས་མཐའི་མེ་ཏོག་ཚོམ་བུས་ཤིས་བརྗོད་ཐོབ། །
དེ་ནས་ཧོར་འཇང་མོན་དང་སྟག་གཟིག་སོགས། །
དགྲ་རྒོད་བརྒྱ་སྟོང་འདུལ་བའི་གཡུལ་ངོར་ཡང་། །
འབྲལ་མེད་གཅིག་སེམས་གཅིག་གིས་བསྐྱོར་བྱས་ཏེ། །
མི་ཚེ་བརྩེ་བའི་དྲོད་ཀྱིས་ཕ་མཐར་བསྐྱལ། །
འཇིག་རྟེན་འདི་ནས་སུས་ཀྱང་མི་བཟློག་པའི། །
འཆི་བའི་འཇིགས་ཆེན་མགོ་ལ་བབས་གྱུར་ནས། །
དཀར་ནག་ལས་ཀྱི་རྗེས་སུ་འབྲང་དུས་ཀྱང་།།
མི་འབྲལ་བརྩེ་བའི་ར་མདའ་ཕོད་ལ་ལྟོས། །
ཀྱེ་མ་འཇིག་རྟེན་ཕལ་བའི་ཕོ་མོ་དང་། །
སྤྲུལ་སྐུ་མཁའ་འགྲོ་རྟེན་འབྲེལ་ཡོད་འདོག་ཅན། །
ན་ལོ་མཐུན་ཡང་ད་ལོ་གྱེས་མཁན་ཚོ། །
བརྩེ་དང་དམ་ཚིག་ཨེ་གདའ་འདི་ལ་སོམས། །
འདི་ཡིས་འཇིག་རྟེན་མཆོག་དམན་ཕོ་མོ་ཚོས། །
བརྩེ་དུང་ཟབ་མོའི་དམ་ཚིག་ཐུབ་གྱུར་ནས། །
གླིང་རྗེ་གེ་སར་སྐྱེས་བུ་ཡབ་ཡུམ་གྱི། །
རྣམ་ཐར་ཟིན་ཏེ་གཏན་བདེའི་སར་གྲོལ་ཤོག །
ཅེས་གླིང་སྒྲུང་ལ་མོས་པ་བླ་ལྷག་ཏུ་བརྟན་པའི་སྨིན་དབུས་འཇིགས་མེད་བརྩེ་ལྡན་རྡོ་རྗེ་རུ་འབོད་པ་དེས།
དམྱལ་གླིང་མུན་པ་རང་གསལ་གྱི་སྒྲ་ལ་ཉན་པའི་ཚོར་སྣང་ཟམ་མོ་ཉམས་མཚར་དང་བསྲེས་ཏེ། བཅུ་བདུན་ས་ཕག་ཟླ་༨
པའི་ཚེས་༣ ལའོ། །