སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

འགོག་ཡུལ་གསལ་བའི་མེ་ལོང་།

༄༅། །འཁྲུངས་གླིང་ལས་གསལ་བའི་འགོག་ཡུལ་གང་ཡིན་

          བཤད་པ་འགོག་ཡུལ་གསལ་བའི་

             མེ་ལོང ་བྱ་བ་བཞུགས།

འགོག་བདེན་མངོན་གྱུར་ཡུམ་ཆེན་མ། །

འགོག་བཟའ་ལྷ་མོར་ཕྱག་བྱས་ཏེ། །

འགོག་རྒྱལ་སྟོན་པས་དབང་བསྒྱུར་བའི། །

འགོག་ཡུལ་གསལ་བའི་མེ་ལོང་བསྟན། །

དེ་ཡང་མདོ་ཁམས་སྒང་དྲུག་ལས་ཟལ་མོ་སྒང་ཞེས་གྲགས་པའི་སྟོད་ཕྱོགས། བརྒྱད་ལྡན་དལ་འབབ་ཀྱི་ཀླུང་ཆེན་རྫ་ཆུ་དང་རྩི་ཆུ་གཉིས་པོ་ལྷུང་ལྷུང ་གི་སྒྲ་དང་བཅས་དལ་གྱིས་བཞུར་བའི་གཡོན་ཟུར། འབྲུ་སྡེ་ནང་ཆེན་ཆོས་རྒྱལ་ཆེན་པོ་རིམ་པར་བྱོན་པས་བདག་གིར་བཟུང་བའི་མངའ་རིས་ཀྱི་ཆར་གཏོགས། འགྲོ་མགོན་བཀའ་བརྒྱུད་པའི་གདན་ས་ཆེན་པོ་ཟུར་མང་རྣམ་རྒྱལ་རྩེ་དང་ཟུར་མང་བདུད་རྩི་དིལ་གཉིས་དང་ཉེ་བའི་ས། འགོག་ཡུལ་དག་པའི་ཞིང་མཆོག་འགོག་ཉི་ཟླ་སུམ་མདོ་ཞེས་གྲགས་པ་ནི། [དེང་གི་ས་ཁོངས་ལྟར་ན་ནང་ཆེན་རྫོང་ནས་སྤྱི་ལེ་བདུན་ཅུ་དོན་གསུམ་གྱི་མཚམས་སུ་འགོག་ར་ལོ་སྟོན་པའི་མཁར་ཤུལ་ཡོད།] འགོག་གི་བླ་མ་སྒོམ་ཆེན་སངས་རྒྱས་ཀྱི་ཐུགས་སྤྲུལ། འགོག་ར་ལོ་སྟོན་པ་རྒྱལ་མཚན་ཞེས་བྱ་བ། བྱམས་དང་སྙིང་རྗེས་རྒྱུད་ཕྱུག་ཅིང་སློབ་དཔོན་པདྨ་འབྱུང་གནས་ལ་མི་ཕྱེད་པའི་དད་པ་ཐོབ་པ། བསམ་པ་ལྷ་ལ་དཀར་ཞིང་ཞེ་སེམས་བདུད་ལ་གནག་མཁན་ཞིག་ཡོད་པ་དེས་འགོག་ཡུལ་བདག་གིར་བཟུང་ནས་འགོག་གི་ཕ་ཚོ་བཅོ་བརྒྱད་ཀྱི་ལྷ་མི་སྡེ་དང་བཅས་པ་ཐམས་ཅད་བྱམས་པས་བསྐྱངས་པར་མཛད་དེ། ཡུལ་གྱི་མིང་ལ་འགོག་ཡུལ། གནས་ཀྱི་མིང་ལ་འགོག་ཉི་ཟླ་སུམ་མདོ། རྒྱབ་རིའི་མིང་ལ་འགོག་གི་ཟངས་རི་མཁར་དམར། ཆུ་ཡི་མིང་ལ་འགོག་ཆུ། སྡེ་པའི་མིང་ལ་འགོག་སྡེ་བརྒྱ་མ་ཞེས་གནའ་ནས་ད་ལྟའི་བར་དུ་གྲགས་པར་མ་ཟད། འགོག་ཉི་ཟླ་སུམ་མདོ་ན་འགོག་ར་ལོ་སྟོན་པའི་སྐུ་མཁར་ཡོད་པའི་ད་ལྟ་མཁར་ཧྲུལ་གྱི་གྱང་རོའི་དཔངས་ལ་སྨི་བཞི་མ་ཟིན་ཙམ་དང་། དཀྱུས་སུ་སྨི་དྲུག་ཅུ་རེ་གྲངས་དང་ཞིང་དུ་སྨི་བཞི་བཅུ་ཙམ་ཡོད་པའི་ཧ་ཅང་ངོ་མཚར་ཆེ་བ་ཞིག་མཐོང་རྒྱུ་ཡོད། འགོག་ཉི་ཟླ་སུམ་མདོ་ལ་ཕྱིས་གདམ་སྡེ་མདོ་དང་སྡོམ་སྡེ་མདོ་ཞེས་བཏགས་པ་ནི། དུས་ཕྱིས་ཟུར་མང་གི་སྡེ་དཔོན་དག་གིས་འགོག་གི་སྡེ་པ་རྣམས་ལ་ས་རྩོད་སོགས་མི་འབྱུང་བའི་ཆེད་དུ་ཁང་བརྒྱ་མདའ་ཞེས་སྔར་འགོག་གི་ཚོ་ཆེན་གཅིག་གི་མཁར་ཤུལ་དུ་གྲགས་པ་དེར་ཡུལ་མི་དག་བསྡུས་ནས་ཚོ་ཁག་གིས་ས་རྒྱན་འཕངས་སྐབས། རྒྱན་བཟང་ཤོས་ཀྱིས་འགོག་ར་ལོ་སྟོན་པའི་མཁར་ཤུལ་ཡོད་པའི་ས་ཆ་དེ་གདམས་པས་དེ་ནས་འགོག་ཉི་ཟླ་སུམ་མདོ་ཞེས་པའི་མིང་འགྱུར་ནས་གདམ་སྡེ་མདོ་ཞེས་དང་། ཡང་ཉེ་བའི་དུས་འགྱུར་ཆེན་མོའི་སྐབས་དམངས་ཀྱི་འཚོ་བ་མཉམ་དུ་རོལ་ཏེ་ཡུལ་ལུང་གི་གྲོང་ཚོ་དག་ཕྱོགས་གཅིག་ཏུ་བསྡོམས་པས་དེ་ནས་སྡོམ་སྡེ་ཞེས་འབོད་པ་བྱུང་། འགོག་ར་ལོ་སྟོན་པ་རྒྱལ་མཚན་ལ་སྲས་རྣམ་རྒྱལ་གྲགས་པ། དཔལ་ལྡན་གྲགས་པ། བསོད་ནམས་ཕུན་ཚོགས། རྟ་མགྲིན་རྡོ་རྗེ། ནམ་མཁའ་རྒྱལ་མཚན། ཉི་མ་འོད་ཟེར་སོགས་བུ་དགུ་བྱུང་བས་འགོག་ཡུལ་སྟོད་སྨད་བར་གསུམ་སོ་སོར་བཟུང་ནས་གནས་པར་མ་ཟད། འགོག་ར་ལོ་སྟོན་པ་རྒྱལ་མཚན་གྱི་རིགས་རུས་ལས་མཆེད་པར་གྲགས་པའི་ར་བུད་དང་ར་ཆུང་ལྟ་བུའི་རིགས་རུས་ད་ལྟ་ཡང་ཡོད། འགོག་གླིང་གཉིས་པོ་ས་འབྲེལ་ཡིན་སྟབས་བར་སྐབས་ས་སྡེའི་དོན་ལ་རྩོད་པ་བྱུང་ནས་ཆིངས་དང་འདུན་མ་གཏམས་ཀྱང་མ་འགྲིག་པའི་མཐར་འགོག་གླིང་འཁྲུགས་པ་ཤོར་བའི་ཚུལ་འཁྲུངས་གླིང་མེ་ཏོག་ར་བ་ལས། འབུམ་པའི་ལྷ་རྒྱུད་རིན་པོ་ཆེ། །ཐུགས་དགོངས་པ་ལྷོད་དང་ཞུ་རྒྱུ་ཡོད། །ན་ཉིན་འགོག་དང་ས་སྡེ་རྩོད། །ཆིངས་དང་འདུན་མ་མ་འགྲིག་བྱུང་། །ཐ་མ་འགོག་གླིང་འཁྲུགས་པ་ཤོར། །སྟག་རོང་དཔོན་པོ་གཟིག་འཕན་དང་། །སྤྱི་དཔོན་གླེན་པ་ཆོས་རྒྱལ་གཉིས། །ཚ་ཞང་འདན་མ་བྱང་ཁྲ་གསུམ། །མ་བསྡད་འགོག་ཡུལ་སྟོད་ལ་སོང་། །འགོག་ཕ་ཚོ་བཅོ་བརྒྱད་ཆམ་ལ་ཕབ། །མ་ཕན་གཏང་མའི་བཞག་སོ་ལ། །གླེན་པ་ཆོས་རྒྱལ་བཀྲོངས་ནས་བྱུང་། །ཤ་ལན་དགུ་སྐོར་གླིང་གིས་ཐོབ། །ཕོ་སྐྱེས་ཐམས་ཅད་བསད་ནས་བྱུང་། །འགོག་ཡུལ་ཡུག་ས་ཐང་གང་བྱས། །ཞེས་གསུངས་པ་ལྟར་ལ། འགོག་གླིང་གཡུལ་འཁྲུག་སྐབས་གླིང་གིས་འགོག་ལ་དམག་བརྒྱབ་ནས་འགོག་ར་ལོའི་སྲས་པོ་གཡུང་དྲུང་རྒྱལ་མཚན་གཙོས་པའི་དཔའ་བོ་སྟག་གཟིག་འདྲ་བ་མང་དུ་བསད་པའི་མཐར། ར་ལོའི་སྲས་ཆུང་བ་རྟ་མགྲིན་རྡོ་རྗེ་དང་སྤྱི་དཔོན་གྱི་སྲས་གླེན་པ་ཆོས་རྒྱལ་གཉིས་ཐུག་ནས་དང་ཐོག་གྲི་འཐབ་ཡུན་རིང་བྱས་ཀྱང་རྒྱལ་ཕམ་གྱི་དབྱེར་མ་ཕྱེད་པ་ན། མཐར་རྟ་མགྲིན་རྡོ་རྗེས་མདུང་བསྣུན་ཏེ་གླེན་པ་ཆོས་རྒྱལ་བཀྲོངས་པའི་ཚུལ་གླིང་སྒྲུང་ལས་བྱུང་ཞིང་། ཡང་འགོག་གི་རྒན་རབས་ཚོའི་ངག་སྲོལ་ལྟར་ན། གླིང་གི་གླེན་པ་ཆོས་རྒྱལ་དེ། །སྐྱེས་ཕོ་ཡིས་མ་བསད་མོ་ཡིས་བསད། །འགོག་མོ་བརྒྱས་རྡོ་བརྒྱ་བརྒྱབ་ནས་བསད། །ཅེས་གྲགས་པ་ལྟར་འགོག་གི་ཡུལ་གྱི་བུ་མོ་རྣམས་ཀྱིས་རྡོ་རུབ་བརྒྱབ་ནས་བཀྲོངས་པར་བཤད་པའི་ལུགས་གཅིག་ཀྱང་ཡོད། གང་ལྟར་གླེན་པ་ཆོས་རྒྱལ་བཀྲོངས་སའི་ས་མལ་ནི། འགོག་ཉི་ཟླ་སུམ་མདོ་རུ་གྲགས་པའི་ལྷོ་བྱང་གི་མཚམས་ར་ལོ་སྟོན་པའི་སྐུ་མཁར་ཡོད་སའི་གཡོན་ཕྱོགས་གསེར་མའི་རྡོ་འབུམ་ཆེན་པོ་ཡོད་ས་འདི་ཡིན་ཞིང་། གླེན་པ་ཆོས་རྒྱལ་སྐུ་གཤེགས་ཤུལ་ན་གླིང་གི་དཔའ་བརྟུལ་སུམ་ཅུས་དགོངས་རྫོགས་ཀྱི་ཆེད་དུ་གསེར་གྱི་མ་ཎི་སུམ་ཅུར་བཞེངས་པ་ལ་གཞིར་བྱས་ནས་མ་ཎིའི་རྡོ་མཁར་ཆེན་པོ་ཞིག་བྱུང་བ་ལ་འགོག་གི་གསེར་མའི་རྒྱ་མཁར་ཟེར། གསེར་མའི་རྡོ་འབུམ་ཆེན་མོའི་གཡས་གཡོན་དང་འགྲམ་ཟུར་དག་ནས་ས་ཆད་པ་དང་ཞིང་རྨོད་པ་སོགས་བྱེད་སྐབས་ཁྲབ་རྨོག་གྲི་མདུང་དང་། ལྕགས་ཀྱི་ཞགས་པ་སོགས་ཀྱི་གོ་མཚོན་མང་པོ་རྙེད་རྒྱུ་ཡོད་འདུག་པ་ནི། སྔར་དུས་འགོག་གླིང་གཡུལ་འཁྲུག་སྐབས་ས་འདི་མི་རྟ་མང་པོ་བསད་ཤུལ་དུ་གྲགས་པའི་དན་རྟགས་སུ་མཐོང་། གླིང་དམག་ཚོས་གླེན་པ་ཆོས་རྒྱལ་འགོག་ལ་ཤོར་སྐབས་མྱ་ངན་དང་བཅས་སྐུ་གདུང་འགོག་གཞུང་ཁང་བརྒྱ་མདའ་ཞེས་གྲགས་པའི་ལུང་པ་[ར་ལོ་སྟོན་པའི་མཁར་ཤུལ་ནས་གཡོན་ཕྱོགས་སུ་སྤྱི་ལེ་དྲུག་གི་མཚམས།]སའི་དཔྱད་ལེགས་པ་དེར་གདན་དྲངས་ནས་བང་སོ་བཏབ་ཅིང་། ད་ལྟ་དེ་ན་གླེན་པ་ཆོས་རྒྱལ་གྱི་གདུང་འབུམ་མམ་བང་སོ་ཡིན་པར་གྲགས་པའི་ས་འབུར་ཞིག་ཡོད། ས་ཆ་དེར་འགོག་གླིང་གཡུལ་འཁྲུག་སྐབས་དམག་མི་རྣམས་བསད་ཆེས་པས་རོང་འགག་དོག་པོ་ཞིག་ཡོད་པ་རྨོག་གིས་འཚང་པ་ལྟ་བུ་བྱུང་བས་རྨོག་འགག་ཅེས་ཐོགས་པས་མཚོན་རྨོག་པ་དང་། རྨོག་ལ། རྨོག་རྡོ་ཐང་སོགས་རྨོག་དང་འབྲེལ་བའི་ཐ་སྙད་མང་པོ་བྱུང་བའང་སྐབས་དེར་ཐོགས་པར་བཤད།   གཞན་ཡང་། བླ་མ་མི་འགྱུར་སློབ་དཔོན་པདྨ། ཡོན་བདག་མི་འགྱུར་གཙུག་ན་རིན་ཆེན་ཞེས་གྲགས་པ་ལྟར་སློབ་དཔོན་པདྨ་འབྱུང་གནས་དང་ཀླུ་རྒྱལ་གཙུག་ན་རིན་ཆེན་གཉིས་མཆོད་ཡོན་དུ་འབྲེལ་ནས་ཀླུ་རྒྱལ་གྱིས་སློབ་དཔོན་རིན་པོ་ཆེ་འོག་མ་ཀླུ་ཡུལ་དུ་གདན་དྲངས། སློབ་དཔོན་གྱིས་ཀླུ་རྒྱལ་གྱིས་བཀའ་བཞིན་ཀླུ་རྣམས་ནད་ལས་གྲོལ་བར་མཛད་པའི་སྐབས། གཙུག་ན་རིན་ཆེན་གྱིས་སློབ་དཔོན་གྱི་བཀའ་ལྟར་ཉིད་ཀྱི་སྲས་མོ་ཀླུ་མོ་ཡལ་ག་མཛེས་ལྡན་དང་། ཀླུ་འབུམ་པོ་ཏི་བཅུ་གཉིས། ཀླུ་སྦྲ་མཐིང་ཤོག་གུང་དགུ། ཀླུ་ཟོག་འབྲི་མོ་གཡང་རྭ། ཟས་གཡང་གསེར་ཟོ་སྨུག་ཆུང་། སྐོམ་སེལ་གངས་ཀྱི་སྙིང་པོ་སོགས་ཀླུ་ཡི་ནོར་སྣ་ཁྱད་འཕགས་མང་པོའི་རྫོངས་པ་དང་བཅས་ཕྱིར་འཇིག་རྟེན་མི་ཡུལ་དུ་ཕེབས་པར་བཤད་པའི་མཚོ་དེ། རྫ་ཆུ་དང་རྩི་ཆུ་གཉིས་འདུས་པའི་འདུས་མདོ་ཆུ་འདུས་ཀླུ་ཡི་ཕོ་བྲང་ཞེས་གྲགས་པའི་མཚོ་ཁུག་དེ་ཡིན་པར་གྲགས་ལ། ད་ལྟ་ས་དེའི་ཆུ་འགྲམ་བྲག་ལོགས་ལ་སྒྲོལ་མའི་སྐུ་རང་བྱོན་ཞིག་ཡོད།

དེ་ནས་སློབ་དཔོན་གྱིས་བུ་མོ་འདི་རེ་ཞིག་བདག་པོ་ཞིག་ལ་གཏམ་དགོས་དགོངས་ནས་དབུ་ཞྭས་རྟེན་འབྲེལ་བརྟག་པ་མཛད་དུས། དབུ་ཞྭ་འཕངས་པ་འགོག་རྭ་ལོ་སྟོན་པའི་མཁར་ཤུལ་ཡོད་པའི་ལྷོ་ནུབ་ཀྱི་མཚམས་འགོག་ར་ལོ་ཚང་གི་དབྱར་ས་མཚེར་ཆེན་སྟེང་བྱ་བ་དེ་ཡིན་པར་བཤད་ཅིང་། ད་ལྟ་དེ་ན་འགོག་མོའི་ཐབ་རྡོ་ཟེར་བའི་རྡོ་ཆེ་བ་གསུམ་མཐོང་རྒྱུ་ཡོད། དེ་ནས་སློབ་དཔོན་གྱིས་འགོག་ར་ལོ་སྟོན་པ་རྒྱལ་མཚན་ལ་ཀླུ་མོ་སྲས་མོའི་དོད་དང་ཀླུ་ནོར་རྣམས་ཕུག་ནོར་གྱི་དོད་དུ་བཅོལ་ནས་བཞག་པས་ཀླུ་མོ་ལ་འགོག་བཟའ་ལྷ་མོ་ཟེར་ཞིང་། ད་ལྟ་འགོག་ཡུལ་གྱི་བུ་མོས་སྐྲ་སླ་སྟངས་དང་། མགོ་གཡུ་འདོགས་སྟངས་སོགས་སྒྲུང་དཔེ་ཁག་ལས་བཤད་པའི་ཡུམ་ཆེན་འགོག་བཟའ་ལྷ་མོའི་སྐྲ་སླ་སྟངས་དང་མགོ་རྒྱན་འདོགས་སྟངས་གཉིས་ཤིན་ཏུ་མཐུན་ཆེ་ཞིང་། ད་ལྟ་ཡུལ་འདིར་ཡུམ་ཆེན་འགོག་བཟའ་ལྷ་མོའི་འབྲི་མོའི་བཞོ་དབྱངས་ཟེར་བའི་གླུ་ཞིག་ཡོད་པ་ཁོ་བོས་ལོགས་སུ་བཀོད་པ་ལྟར་ཡིན། ཀླུ་མོ་ཡལ་ག་མཛེས་ལྡན་འགོག་ར་ལོ་ཚང་སར་སླེབས་ནས་ཡུན་རིང་མ་སོང ་བ་ན་རྩྭ་སའི་དོན་ལ་འགོག་གླིང་འཁྲུག་པ་ཤོར་ཏེ་གླིང་གིས་འགོག་གི་ཕ་ཚོ་བཅོ་བརྒྱད་བརླགས་པར་བྱས་པ་མ་ཟད། སྐབས་དེར་སྤྱི་དཔོན་གྱི་བུ་གླེན་པ་ཆོས་རྒྱལ་དགྲ་ལག་ཏུ་ཤོར་བའི་ཤ་ལེན་ལ་འབུམ་པའི་ཞལ་དཀར་གྱིས་གཙོས་པའི་གླིང་དམག་སླར་ཡང་འགོག་ལ་ཆས་ནས་འགོག་ཡུལ་དར་གྱི་ལུང་མདོ་བྱ་བ་སླེབས་པ་དང་། འགོག་མོ་ཡང་འབྲི་མོའི་རྗེས་སུ་བརྒྱུགས་ནས་དེར་བྱུང་བའི་ས་དེ་ད་ལྟ་འགོག་གི་གསེར་མའི་རྒྱ་མཁར་ཡོད་སའི་གཡོན་ཟུར་དེ་ཡིན་པར་བཤད་ཅིང ་། དགུན་དུས་ས་དེར་འཁྱག་དར་ཧ་ཅང་ཆེ་བ་ཆགས་ནས་འགྲོ་ལམ་བསྐོར་ནས་འགྲོ་དགོས་པར་ཡོང ་བས་འགོག་ཡུལ་དར་གྱི་ལུང་མདོའམ་དར་ལུང་མདོ་ཞེས་གྲགས། དེ་ནས་གླིང་པ་རྣམས་ཀྱིས་བུ་མོ་ཀླུ་མོ་ཡིན་པར་ཤེས་ནས་ཁྲིད་དེ་རྟ་ལ་བསྐྱོན་གྲབས་བྱེད་སྐབས་རྟ་སྒ་མེད་པས་ཅི་བྱེད་ཟེར་བ་ན། འགོག་མོས་སྔ་ལོ་དབྱར་ཀར་སྐྱོ་བསང་ལ་མདུན་ཕྱོགས་ཀྱི་ལ་ཕར་ནང ་ན་སོང་བས་བུ་ཆུང་ཞིག་གིས་གསེར་སྒ་གཡུ་ཡི་སྲབ་རྨེད་ཅན་ཞིག་བྱིན་བྱུང་བ་བྲག་དཀར་ཞིག་གི་འོག་ན་བཞག་ཡོད་པ་བཤད་ནས་མོ་རང་ལེན་དུ་སོང ་བ་ན། གསེར་སྒ་གཡུ་ཡི་སྲབ་རྨེད་ཅན་ཞིག་རྙེད་ནས་ཁྱེར་བྱུང་བར་གསུངས་ཤིང་། ད་ལྟ་དར་ལུང་མདོའི་མདུན་ཕྱོགས་ཀྱི་ལ་དེའི་ཕར་ནང་ན་ལུང་པ་མཛེས་ཤིང་ཡིད་དུ་འོང ་བ་སྐྱོ་བསང་བྱེད་གནས་ལྟ་བུ་ཞིག་ཡོད་པ་དེ་ལ་འགོག་ལ་ནང་ཞེས་གྲགས་ཤིང་། དེ་ན་འགོག་ལ་ཡར་ཐང་དང་། འགོག་ལ་མར་ཐང་ཟེར་བའི་ས་ཆ་དང་། ལྷག་ཏུ་འགོག་ལ་ཡར་ཐང་ནས་ཡར་ཅུང་ཟད་སོང་ན་འགོག་མོས་གསེར་སྒ་སྐུང་ས་རེད་ཟེར་བའི་བྲག་དཀར་ཞིག་ད་ལྟ་ཡང་མ་ཞིག་པར་ཡོད།  འགོག་བཟའ་གླིང་ཡུལ་ས་སྐྱིད་སྐྱིད་སོས་ཡག་མདོར་ཕེབས་པའི་ལོ་ནི། འཁྲུངས་གླིང་མེ་ཏོག་ར་བར་སྤྱི་དཔོན་གྱིས་གླུ་བླངས་པ་ལས། སྨུག་པོ་ལྡོང་གི་མ་ཡིག་ལས། །རྒྱ་མཚོའི་ནང་གི་ནོར་བུ་དེ། །རྒྱལ་མཚན་རྩེ་ནས་བྱི་བས་ཁྱེར། །དཀར་པོའི་དགོས་འདོད་འགྲུབ་ཅེས་ཡོད། །ཅེས་དང་། གནམ་ལོ་བྱི་བ་ཤར་བ་དེ། །ལུང་བསྟན་ཐོག་ཏུ་བབ་སོང་སྙམ། །ཞེས་གསུངས་པ་ལྟར་བྱི་བའི་ལོ་ལ་ཡིན་ཏེ། དེ་ཡང་རྒྱ་མཚོའི་ནང་གི་ནོར་བུ་ནི་ཀླུ་རྒྱལ་གཙུག་ནའི་སྲས་མོ་ཀླུ་མོ་ཡལ་ག་མཛེས་ལྡན་དང་། རྒྱལ་མཚན་རྩེ་ནས་བྱི་བས་བརྐུས་པ་ནི་འགོག་བཟའ་འགོག་ར་ལོསྟོན་པ་རྒྱལ་མཚན་གྱི་སྲས་མོའི་དོད་དུ་བྱས་ནས་ཡོད་པ་གླིང་དམག་གིས་བྱི་བའི་ལོ་ལ་བརྐུས་ནས་གླིང་ཡུལ་དུ་འཁྲིད་པ་དང་། དཀར་པོའི་དགོས་འདོད་འགྲུབ་པ་ནི་གླིང་ལ་སོང་བའི་ལོ་གཉིས་པ་སྟེ་སྟག་གི་ལོ་ལ་འགོག་ཚ་ཇོ་རུ་རྒྱལ་པོ་འཁྲུངས་ཏེ། བོད་འབངས་སྤྱི་དང་ཁྱད་པར་གླིང་དཀར་པོའི་ཆོས་སྲིད་ཀྱི་བསྟན་པ་ལ་བདེ་སྐྱིད་ཕུན་སུམ་ཚོགས་པ་འབྱུང་ཞེས་པའི་དོན་དུ་བཤད་དོ། །

འགོག་སྒོམ ་ཆེན་སངས་རྒྱས་བླ་མའི་སྤྲུལ། །

འགོག་ར་ལོ་སྟོན་པ་རྒྱལ་མཚན་གྱིས། །

འགོག་ཕ་ཚོ་བཅོ་བརྒྱད་དབང་བསྒྱུར་ཏེ། །

འགོག་ཉི་ཟླ་སུམ་མདོར་བཞུགས་པའི་དུས། །

འགོག་གླིང་གཉིས་ཡང་ཡང་འཁྲུག་པའི་མཐར། །

འགོག་སྡེ་བརྒྱ་ཡུལ་བྱོལ་སོང་བ་དང་། །

འགོག་དར་ལུང་མདོ་ཡི་ས་ཆ་ནས། །

འགོག་བཟའ་མ་གླིང་པའི་ལྟོང་མར་ཐོབ། །

ཅེས་པའང་འཁྲུངས་གླིང་ལས་བཤད་པའི་འགོག་ཡུལ་གང་ཡིན་ཟེར་བའི་དྲི་མཁན་མང་པོ་སྔ་རྗེས་སུ་བྱུང་བར་བརྟེན། འདི་བཞིན་བྲི་བའི་རྟོག་པ་སྐྱེས་ཏེ་རབ་བརྟན་པ་དགེ་ལེགས་ཕུན་ཚོགས་ཀྱིས་ཆུ་སྦྲུལ་རྒྱལ་ཟླ་བའི་ཚེས་བཅོ་ལྔ་ལ་བྲིས་པ་དགེ། །

 

 

ཀློག་གྲངས།:[87]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com