༢༠༡༩ལོའི་ཟླ་༨པའི་ཚེས་༡༣ ཉིན་ངེད་སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་བསྒྲིགས་ཤིང་།དཀར་མཛེས་ཁུལ་སྡེ་དགེ་རྫོང་གིས་གཙོ་བདག་དང་།སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་གིས་བསྐྲུན་པའི་<<གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་རྙིང་ཕྱོགས་བསྡུས་རིན་བྲལ་ནོར་བུའི་ཕྲེང་བ།>>སྤུས་ལེགས་པོད་ཆེན་ ༡༡༨ ཀྱི་བདག་ཉིད་ཅན་གྱི་དཔེ་གསར་སྒོ་འབྱེད་མཛད་སྒོ། གླིང་ཡུལ་སྡེ་དགེ་རྫོང་ནས་རྟེན་འབྲེལ་ཕུན་སུམ་ཚོགས་པའི་ངང་བསྡུས།
རྒྱལ་ཡོངས་གེ་སར་བྱ་བའི་གཞུང་ལས་ཁང་གི་དབུ་གཙོས་སྒྲུང་རྙིང་པོད་ཕྲེང་ཆེན་མོ་ལེགས་གྲུབ་མཛད་སྒོར་གསུང་བཤད་ནང་བཞིན་པ།
གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་རྙིང་ཕྱོགས་བསྡུས་རིན་བྲལ་
ནོར་བུའི་ཕྲེང་བ་ལེགས་གྲུབ་བྱུང་བ།
པདྨའི་ཐུགས་སྲས་རིགས་གསུམ་སེམས་དཔའི་གར། །
མི་རྗེ་དཔའ་བོ་ལྷ་ཡི་རྫུ་འཕྲུལ་ཅན། །
གླིང་རྗེ་གེ་སར་སྐྱེས་བུ་དོན་གྲུབ་ཅེས། །
སངས་རྒྱས་མི་གཟུགས་བྱོན་དེར་གུས་ཤིང་འདུད། །
དེ་ཡི་རྣམ་ཐར་རྟོགས་བརྗོད་ལྷ་ཡི་རྔ། །
འཛམ་གླིང་གོ་ལའི་གྱོན་ལ་ལྡིར་བའི་སྒྲའི། །
སྙིང་པོའི་སྒྲུང་མཛོད་ནོར་བུའི་ཕྲེང་བ་དེ། །
ལེགས་གྲུབ་སྒོ་འབྱེད་ལས་འདི་རྟེན་འབྲེལ་རྫས། །
དེ་ལ་འདིར་སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གི་གླིང་གེ་སར་སྒྲུང་རྙིང་བྱ་བའི་ལས་སྒྲུབ་ཁང་དང་།
སི་ཁྲོན་དཀར་མཛེས་ཁུལ་གླིང་ཡུལ་སྡེ་དགེ་རྫོང་སྲིད་གཞུང་གཉིས་ཀྱིས་མཉམ་བསྒྲུབས་ལས་གཞི།
ད་ལྟ་འཛམ་གླིང་སྟེང་ཆེས་ཕུལ་དུ་བྱུང་བའི་བོད་ཀྱི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོ་ཞེས།སྒྲུང་རིང་གཞན་གྱིས་བསྒྲུན་དུ་མེད་པ།
གླིང་གེ་སར་གྱི་ལོ་རྒྱུས་སྙན་རྩོམ་རིང་མོའི་རྩ་བའི་དཔེ་མཛོད།
དུས་རབས་རིམ་བྱུང་གི་འཕོ་འགྱུར་ཁྲོད།
རྙིང་ཟད་རུལ་གསུམ་གྱི་ལམ་ཁ་བརྒྱུད་དེ་དུས་རབས་འདིར་སོན་པའི་གླིང་གེ་སར་སྒྲུང་ཆེས་རྙིང་ཤོས་དང་།
ཆེས་དཔེ་དཀོན་རིགས་ཀྱི་དཔེ་མཛོད་དེ། ༼
གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་རྙིང་ཕྱོགས་བསྡུས་རིན་བྲལ་ནོར་བུའི་ཕྲེང་བ།༽ཅེས་པའི་དཔེ་ཚོགས་ཆེན་མོ། པོད་ཆེན་ ༡༡༨
ཀྱི་བདག་ཉིད་ཅན་འདིར།ཆེས་སྔ་བའི་ལག་བྲིས་མའི་བཤེར་དཔེ་དང་། ཤིང་པར་མའི་བསྐྱར་དཔེ་སོགས་མདོར་ན་པར་གཞི་དང་བྲིས་གཞི་མི་འདྲ་བའི་དཔེ་སྣ་ཉིས་བརྒྱ་ཙམ་གྱི་བཤེར་དཔེ་འདུས་ཡོད་པ་དང་།
དེ་དག་གི་ཁྲོད་དུ་ད་སྔོན་རྒྱལ་ཡོངས་ཞིང་ལྗོངས་སོ་སོའི་གླིང་གེ་སར་བྱ་བའི་ལས་དོན་གཉེར་མཁན་དང་།
ཞིབ་འཇུག་པ་སུས་ཀྱང་ལག་སོན་དང་། པར་བསྐྲུན་མ་མྱོང་བའི་སྒྲུང་དཔེ་རྙིང་བ་རྩ་ཆེན།
དཔེར་ན།
ཁམས་ནང་ཆེན་ནས་ལག་སོན་བྱུང་བའི་སྒྲུང་རྙིང་ཤིང་ཏ་ལའི་ལོ་མར་བྲིས་པའི་རྒྱ་རོང་ཡུང་རྫོང་དང་།
ལྷོ་རོང་ནས་ལག་སོན་བྱུང་བའི་དཔེ་རྙིང་ལག་བྲིས་རྒྱ་གླིང་ཡིད་བཞིན་དབང་རྒྱལ།གཞན་ཨུ་ཁྲིའི་འབྲས་རྫོང་དང་།
སྤུ་རི་ཤེལ་རྫོང་། འཛམ་བུའི་གསེར་རྫོང་།འདྲེ་གླིང་གཡུལ་འགྱེད། ཟི་མ་རྟ་རྫོང་།
ཁ་ཆེའི་སྨན་རྫོང་ཆེན་མོ། རི་གླིང་གཡུལ་འགྱེད་ཆེན་མོ། མཐའ་རྫོང་ཆེན་མོ།
ཐ་རམ་ནོར་བུའི་གཏེར་རྫོང་།
བྲག་དཀར་སྤྲུལ་སྐུའི་བྲིས་དཔེ་ལས་བྱུང་བར་གསལ་བའི་དམྱལ་གླིང་འབྲུག་མོའི་མཐོང་སྣང་མ་ལྟ་བུས་མཚོན།
དཔེ་སྣ་རྩ་ཆེན་ཁྱིམ་རྒྱུད་ཆོས་བདག་སོགས་ཀྱིས་བཀའ་རྒྱ་མ་ཁྲོལ་བའི་རིགས་རེ་འགའ་མ་གཏོགས།
སྤྱི་ཚོགས་ཁྲོད་ཀྱི་ཀློག་པ་པོ་སྤྱིའི་མཐོང་ལམ་བརྒྱུད་མ་མྱོང་བའི་སྒྲུང་དཔེ་ལག་སོན་བྱུང་ཚད་འདིར་བཞུགས་སུ་གསོལ་ཡོད་པ་ཡིན་ལ།
དཔེ་རྙིང་དེ་རིགས་ནི་བོད་མདོ་ཁམས་གཙོ་བོར་གྱུར་བའི་ས་ཕྱོགས་སོ་སོའི་རོང་འབྲོག་མང་ཚོགས་རྣམས་ཀྱིས་རང་རང་གི་མི་རབས་ནས་མི་རབས་བར་བརྒྱུད་པའི་ཕ་མེས་ཀྱི་ཤུལ་རྟེན་གནའ་རྫས་དང་།
ཁྱིམ་གྱི་གཡང་རྟེན།
དད་ཕྱག་གི་རྟེན་ཁྱད་འཕགས་ཡིན་པ་སོགས་རྩ་བའི་རིན་ཐང་ཆེན་པོ་མི་འདྲ་བ་དུ་མ་ལྡན་པ་ངོས་ཟིན་པའི་སྒོ་ནས།
རིག་གནས་གསར་བརྗེ་ཞེས་པའི་དུས་རླུང་ནག་པོ་སོགས་ཀྱི་སྐབས་ཀྱང་། ལུས་དང་སྲོག་གིས་བསྲུངས་ཏེ་ཉར་ཚགས་བྱས་ཡོང་བ་ཁོ་ན་ཡིན་ཕྱིར།
འདི་དག་དཔེ་རྙིང་བསྡུ་འཚོལ་བ་དག་གིས་དཔལ་འབྱོར་དང་དབང་ཆ་སོགས་ཀྱི་འགུག་ཤུགས་ལ་མ་ལྟོས་པར།མི་དང་མིའི་བར་གྱི་གྲོགས་འདང་མཛའ་བརྩེ་དང་།
ཆོས་འབྲེལ་དད་མོས། བློས་ཐུབ་དང་ཡིད་ཆེས་ཁོ་ནའི་བྱེད་ཐབས་བརྒྱུད། སུས་ཀྱང་འགྲུབ་མི་ཐུབ་པའི་བྱ་བ་རླབས་ཆེན་ཞིག་མངོན་གྱུར་བྱུང་བའི་གྲུབ་འབྲས་ཡིན་པ་དང་།སྒྲུང་རྙིང་རྩ་དཔེ་ཆེན་མོ་འདི་དག་ལ།
ད་ལྟའི་དཔེ་ཚོགས་གཞན་གང་གིས་ཀྱང་མི་འགྲན་པའི་རིན་ཐང་དང་ཁྱད་ཆོས་ཆེན་པོ་ལྡན་པ་ཡིན་པས། འདི་ལྟ་བུའི་འཛམ་གླིང་གི་ཕུག་ནོར་རྩ་ཆེན་ཞིག
།གླིང་རྗེ་གེ་སར་སྐྱེས་བུ་སྐུ་འཁྲུངས་པའི་གནས་མཆོག་གླིང་ཡུལ་སྡེ་དགེ་རུ་བཞེངས་བསྐྲུན་ཐུབ་སོང་བ་ནི་ཆེས་དགའ་འོས་ཤིང་།
ཆེས་སྤྲོ་སྣང་འབུམ་གྱིས་ཡིད་སེམས་གང་བ་ཞིག་རེད་ཨང་སྙམ་བཞིན་ངོ་སྤྲོད་མདོར་བསྡུས་ཙམ་བྱས་ན།
གཅིག།དཔེ་ཚོགས་འདིའི་ཁྲོད་དུ་དུས་རབས་བཅུ་དགུ་བ་ཡན་ཆོད་ཀྱི་བོད་ཀྱི་ཡུལ་ལུང་སོ་སོའི་ཡིག་མཁན་ཚོས་བྲིས་པའི་ཡིག་གཟུགས་སྣ་ཚོགས་འདུས་པར་མ་ཟད།
འགའ་ཞིག་སྔ་རབས་ཀྱི་སྒྲུང་མཁན་དངོས་དང་།
མཁས་གྲུབ་དམ་པ་མང་པོའི་ཕྱག་བྲིས་བྱིན་ཅན།སྐྱེས་ཆེན་མང་པོས་རབ་ཏུ་གནས་པའི་མེ་ཏོག་འཐོར་བ་ཡང་མང་དུ་བཞུགས་པ་དང་།
ལྷག་པར་སྒྲུང་གཏེར་བ་སོ་སོའི་རང་ལུགས་ཀྱི་དབུ་ཁྱུད་དང་། མཁའ་འགྲོའི་བརྡ་ཡིག །
སྒྲུང་ཁག་འགའ་ཞིག་གི་ཁ་བྱང་དང་ཡང་བྱང་སོགས་ཆད་ལྷག་མེད་པར་རྩ་བའི་མ་ཕྱི་ཇི་བཞིན་བཞུགས་ཡོད་ཕྱིར།བྱིན་རླབས་ཀྱི་ཚན་ཁ་དང་།
གནའ་དཔྱོད་རིག་དངོས་ཀྱི་རིན་ཐང་། ཐ་ན་ཡུལ་སྲོལ་མི་འདྲ་བའི་ཡིག་གཟུགས་སྣ་ཚོགས་ཕན་ཚུན་དཔྱད་བསྡུར་གྱི་རྒྱུ་ཆ་ཡན་ཆོད་གསོན་པོ་ཁོ་ན་རུ་བཞུགས་པ་ཡིན་པས།སྟོང་གསུམ་ནོར་གྱིས་བཀང་ཡང་ཁུག་པ་མེད་པའི་རིན་ཐང་ལྡན་པ་ཡིན་ཞེས་སྐད་གསེང་མཐོན་མོས་སྨྲ་ཆོག།
གཉིས། གླིང་སྒྲུང་ནི་བོད་ཀྱི་སྐད་བརྡ་རིག་པའི་གཏེར་མཛོད་གཅིག་པུ་ཡིན་པའི་ངོས་ནས་གཞལ་ན།
དཔེ་ཚོགས་འདིར་བཞུགས་པའི་སྒྲུང་དཔེ་མང་ཆེ་བ།
བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་ལུང་སོ་སོའི་ཡུལ་སྐད་དང་།
ལུང་སྐད་དབང་བཙན་དུ་བྱས་ནས་བྲིས་པ་ཁོ་ན་ཡིན་པ་ལ་དག་བསྒྲིགས་དང་།
བཅད་གཏུབ་ཀྱི་ལྷད་མ་ཕོག་པར་རང་སོར་དངོས་དཔེ་བསྐྱར་བཤུས་ཁོ་ནས་གྲུབ་པ་ཡིན་ཕྱིར།
དུས་རབས་བཅུ་གཅིག་པ་ནས་ད་ལྟའི་བར་གྱི་མདོ་ཁམས་གཉིས་གཙོ་བོ་ཡིན་པའི་བོད་རོང་འབྲོང་གི་འཚོ་བའི་གྲུབ་ཚུལ་དང་གནས་སྟངས་ནས།
ཡུལ་ལུང་སོ་སོའི་སྐད་བརྡའི་བར་ཁྱད་ལ་དབྱེ་ཞིབ་བྱེད་པར་དཔྱད་གཞིའི་སྐར་ཁུང་ལྟ་བུའི་རིན་ཐང་ལྡན་པ་ཡིན་ལ།
དཔེར་ན། བོད་ཀྱི་སྐད་བརྡའི་འཕེལ་རིམ་ལ་ཞིབ་འཇུག་ཅིག་དགོས་ཚེ།
ད་ཆ་འཛམ་བུ་གླིང་དུ་སྒྲུང་རྙིང་ཕྱོགས་བསྡུས་འདི་ལྟ་བུའི་དཔྱད་གཞིའི་རིན་ཐང་ལྡན་པ་ཞིག་གཞར་ཡང་རྙེད་དུ་མེད་པ་ཁ་ཚོད་རྦད་ཀྱིས་ཆོད་པ་ཡིན།
གསུམ། དུས་རབས་མང་པོའི་འཕོ་འགྱུར་དང།
རིག་གནས་བར་རྒུད་ཀྱི་དབང་གིས། གླིང་གེ་སར་སྒྲུང་གི་རྩ་བའི་བྱུང་འཕེལ་བརྒྱུད་རིམ་ལ།
དར་རྒུད་ཅི་འདྲ་བྱུང་ཡོད་མིན་ལ་ཕྱིར་ཞིབ་ཅིག་བྱེད་དགོས་པའི་དབང་དུ་བཏང་ན།
འདིར་དུས་རབས་མི་འདྲ་བ་དུ་མའི་ནང་བྱུང་བའི་སྒྲུང་སྣ་མི་འདྲ་བ་དང་།
སྒྲུང་དཔེ་གཅིག་ལ་བྲིས་གཞི་མི་འདྲ་བ། དེ་བཞིན་དུ་གླིང་སྒྲུང་སོ་སོའི་ནང་གི་མི་སྣ་དང་བྱ་དངོས་བར་གྱི་ཁྱད་པར་བསྡུར་བ་ལ།
པར་གཞི་དང་བྲིས་གཞི་སྣ་མང་རང་བཞིན་ལྡན་པ།
དེ་བཞིན་དུ་ཁ་བྱང་འདྲ་ཡང་གཞུང་དོན་མི་འདྲ་བ་དང་།
གཞུང་དོན་ཕྱོགས་མཚུངས་ཡིན་པ་ལ་ཁ་བྱང་མི་འདྲ་བ་སོགས།
དཔྱད་གཞི་སྣ་མང་གིས་གྲུབ་པའི་གླིང་སྒྲུང་རྙིང་པའི་དཔེ་ཚོགས་འདི་ལྟ་བུའི་རྩ་ཆེན་ཞིག།
ད་ལྟ་འཛམ་བུ་གླིང་ན་མེད་པ་དངོས་མཐོང་ལག་ཟིན་ཡིན་པས།
གླིང་སྒྲུང་གི་དུས་རབས་འདིར་སྐྱེས་པའི་རྒྱ་ཆེའི་དོན་གཉེར་ཅན་རྣམས་ལ་མཚོན་ན།
ངོ་མ་ཡིད་བཞིན་ནོར་བུ་ལས་ཀྱང་ནོར་བུ་རྩ་ཆེན་དུ་གྲུབ་པའི་དཔེ་ཕྲེང་ཆེན་མོ་དེ་ཉིད།
ཉེ་ལམ་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན་ཐུབ་སོང་བར་མ་ཟད། མི་ལོའི་ཉི་ཤུ་ཙམ་ལ་འཚོལ་བསྡུའི་ལས་ཀ་དངོས་སུ་གཉེར་མཁན་བདག་གི་རེ་བར།
དཔེ་ཕྲེང་འདིའི་ཐོག་མའི་དཔེ་ཕུད་དང་།
དཔེ་ཕྲེང་གི་བདག་དབང་སོགས་ཁམས་གླིང་ཚང་ཨ་ཕྱུག་ས་ཆ་སྟེ།གླིང་རྗེ་གེ་སར་རྒྱལ་པོ་སྐུ་འཁྲུངས་པའི་གནས་མཆོག་ཏུ་བཞུགས་ཐུབ་ན་སྙམ་པ་བཞིན།
འབྲེལ་ཡོད་དབུ་ཁྲིད་མི་སྣ་དང་གྲོགས་བཟང་ཚོས་རྒྱབ་སྐྱོར་གྱི་བཀའ་དྲིན་འོག་ནས།
གུས་པོའི་རེ་བ་ལྟར་དཔེ་ཕྲེང་ཆེན་མོའི་ཐོག་མའི་དཔེ་ཕུད་གླིང་ཡུལ་སྡེ་དགེ་རུ་གདན་དྲངས་ཏེ་བཞུགས་སུ་གསོལ་ཐུབ་ཡོད་པས་དགའ་བ་རབ་ཏུ་འཕེལ།

དཔེ་ཕུད་སྒོ་འབྱེད་སྐབས་གཙོ་སྒྲིག་པས་སྒྲུང་རྙིང་བསྡུ་བསྒྲིགས་བྱས་རིམ་་སོགས་ངོ་སྤྲོད་པའི་ཚུལ།
གླིང་རྗེ་གེ་སར་རྒྱལ་པོའི་སྒྲུང་རྙིང་ཕྱོགས་བསྡུས་རིན་བྲལ་ནོར་བུའི་ཕྲེང་བའི་དཔེ་ཕུད་སྒོ་འབྱེད་སྐབས་ཀྱི་ཚོགས་མི་ཡོངས་ཀྱི་མཉམ་པར།
དངོས་གྲུབ་འབྱུང་བའི་ནོར་བུ་འདི་ཉིད་ཡིན།།
ངོ་མཚར་འཕེལ་བའི་གཏམ་མཛོད་འདི་ཉིད་ཡིན།།
དུས་རྒུད་གསོ་བའི་རིམ་གྲོའང་འདི་ཉིད་ཡིན།།
ཀུན་ལ་ངོམ་རིན་ཡོད་པ་འདི་ཉིད་ཡིན།།
འདི་ནི་མདོ་ཁམས་གླིང་ཡུལ་ཆེན་པོའི་གཙོས།།
བསིལ་ལྡན་ལྗོངས་ཀྱི་ཡུལ་སྲོལ་གོམས་གཤིས་དང་།།
མི་གཤིས་ཆོས་སྲིད་ལོ་རྒྱུས་རབ་གསལ་བའི།།
རྟོགས་བརྗོད་ཡིག་ཚང་ཡིན་ནོ་དགའ་བར་གྱིས།།
འདི་ཉིད་གང་དུ་བཞུགས་པའི་ས་ཕྱོགས་སུ།།
སྡེ་བཞིའི་དཔལ་འཕེལ་རྫོགས་ལྡན་སྣང་བ་རྒྱས།།
དགེ་ལེགས་དོན་འགྲུབ་མི་མཐུན་གཡུལ་ལས་རྒྱལ།།
ཀུན་ཏུ་བཀྲ་ཤིས་ཕུན་སུམ་ཚོགས་པར་ཤོག།
ཅེས་གླིང་རྗེ་གེ་སར་སྐྱེས་བུའི་རྟོགས་བརྗོད་བསྡུ་སྒྲིག་གི་ལས་ལ་དབང་བའི་སྨོན་ལམ་ཅན།
སྨིན་དབུས་ཨ་དཀར་མིང་དེས་ཕུལ། བཀྲ་ཤིས།