༄༅།། རྟ་རྒྱུགས་འཁྲབ་གཞུང་དཔྱོད་ལྡན་སྐལ་བཟང་
དགའ་བའི་དུས་སྟོན་ཅེས་བྱ་བ་བཞུགས་སོ།།
འཇིགས་མེད་རྡོ་རྗེས་བརྩམས།
སྨར་མདོ་གེ་སར་ཕོ་བྲང་པདྨ་ལྷ་རྩེའི་ཟློས་གར་མྱུར་སྐྱོབ་ཚོགས་པས་མཁོ་འདོན་མཛད།
༈ སེང་ཆེན་གེ་སར་རྒྱལ་པོའི་རྟོགས་བརྗོད་ལས།
རྟ་རྒྱུགས་རྒྱལ་འཇོག་འཁྲབ་གཞུང་ནོར་བུའི་ཕྲེང་བ་ཅེས་བྱ་བ་བཞུགས།
༡༩༨༤ལོའི་ཟླ་༤བའི་ཚེས་༡༨ཉིན།
རྒྱལ་ཀུན་གསང་གསུམ་གཅིག་བསྡུས་མཚན་དཔེའི་སྐུ།།
ལྷོ་ནུབ་འོ་མཚོར་འདབ་སྟོང་རྩེར་བཞད་ཅིང་།།
ངོ་མཚར་རྫུ་འཕྲུལ་བཀོད་པའི་ཞིང་ཁམས་འདིར།།
ངེས་གསང་སྙིང་པོའི་ལམ་སྟོན་བླ་མར་འདུད།།
མཐའ་བརྒྱད་སྤྲོས་དང་བྲལ་བ་ལྟ་བའི་མཚོར།།
སྒོམ་པའི་བློ་གྲོས་འཇོག་པའི་རྟག་རོལ་ཅིང་།།
བསླབ་གསུམ་ནོར་བུའི་མཛོད་ལ་དབང་བསྒྱུར་བའི།།
ཤནྟི་རཀྵི་ཏ་ཞེས་མགོན་དེས་སྐྱོངས།།
བོད་ཡུལ་མུན་གླིང་སྡུག་པོའི་འདྲེ་ཡུལ་དུ།།
སྡུག་བསྔལ་གསུམ་གྱི་ཉམ་ཐག་གྱུར་བའི་འགྲོ།
དགེ་བཅུའི་བཀའ་ཁྲིམས་ཕན་བདེའི་འོད་དཀར་ཅན།།
ཕྲིན་ལས་ཤིང་རྟས་དྲངས་མཛད་ཁྲི་སྲོང་རྗེ།།
མཁྱེན་པའི་མ་རིག་སེལ་ལ་འཇམ་པའི་དབྱངས།།
བརྩེ་བས་གཞན་དོན་མཛད་ལ་འཇིག་རྟེན་དབང་།།
ནུས་པས་བདུད་དཔུང་འཇོམས་མཛད་གསང་བའི་བདག།
རིགས་གསུམ་གཅིག་བསྡུས་སེང་ཆེན་རྒྱལ་པོར་འདུད།།
གླིང་དཀར་རྟ་རྒྱུགས་རྟོགས་པར་བརྗོད་པའི་གཏམ།།
ངོ་མཚར་མཛད་པའི་རྣམ་གྲངས་ཆ་བརྒྱད་དུ།།
ཕྱེ་སྟེ་ནོར་བུའི་ཕྲེང་བ་འདི་གསལ་བྱ།།
ཆོས་བདག་མཁའ་འགྲོས་བཀའ་ཡི་གནང་བ་སྩོལ།།
འཁྲབ་ཚན་དང་པོ།
ཇོ་སྐྱིད་དམ་པ་སངས་རྒྱས་ལ།།
གུང་སྨན་རྒྱལ་མོས་བཀའ་ལུང་བརྩལ།།
ཨ་མ་འགག་བཟས་བཤོལ་མ་ཐེབས།།
ཁྲོ་ཐུང་ལུང་བསྟན་རྫུན་མ་ཕབས།།
དེ་ཡང་དུས་གསུམ་རྒྱལ་བ་ཡོངས་ཀྱི་ཕྲིན་ལས་ཀྱི་རོལ་གར་རྗེ་བཙུན་པདྨ་སམྦྷ་ཝ་བསམ་བཞིན་དགྲ་བླའི་རྒྱལ་པོའི་སྐུར་སྣང་སེང་ཆེན་ནོར་བུ་དགྲ་འདུལ་དེ་ཉིད་འཇིག་རྟེན་མི་ཡུལ་དུ་སྐུ་འཁྲུངས་ཤིང་ལོ་བདུན་གྱི་སྐབས་སུ་དངོས་ཅན་དངོས་མེད་ཀྱི་ལྷ་སྲིན་དུ་མ་དམ་ལ་བཏགས་ཤིང་ཐབས་ཀྱིས་འདུལ་བར་མཛད། ཇོ་སྐྱིད་དམ་པ་སངས་རྒྱས་ཁོང་ཉིད་རྨ་རྨད་གཡུ་ལུང་སུམ་མདོར་བཞུགས་པའི་ཚེ་ན། མ་གོང་སྨན་གནང་གྱི་རྒྱལ་མོའི་རྟ་རྒྱུགས་གོང་བ་རྩོད་དེ་གསེར་ཁྲི་ནོན་པའི་ལུང་བསྟན་གནང་། ཇོ་རུའི་སྐད་ཅིག་ལ་བྱང་ལྷ་རྟ་མགྲིན་དམར་པོར་སྤྲུལ་དེ་སྟག་རོང་ཁྲོ་ཐུང་ལ་ལུང་བསྟན་རྫུན་མར་ཕབ་སྟེ་གླིང་གི་ཕ་ཟོག་བཅྭོ་བརྒྱད།
སྐྱ་ལོའི་སེང་ལྕམ་འབྲུག་མོ་སོགས་རྟ་རྒྱུགས་རྒྱལ་འཇོག་བྱས་ན་ཕ་སྟག་རོང་ཚང་ལ་ཐོབ་ཅེས་གསུངས།
ཨ་ཁུ་ཁྲོ་ཐུང་ཐུགས་རབ་ཏུ་དགྱེས་ནས་འདོད་དོན་ཕྲིན་ལས་སྒྲུབ་པའི་སྐྱབས་འཇུག་ཞུས།
གུང་སྨན་རྒྱལ་མོ།
གླུ་ཨ་ལ་ལ་མོ་ཨ་ལ་ལེན།།
ཐ་ལ་གླུ་ཡི་ལེན་ལུགས་རེད།།
སྨན་ང་དང་ང་ངོ་མ་ཤེས་ན།།
ང་ཨ་ནེ་གནམ་སྨན་དཀར་མོ་ཡིན།།
ད་ཚ་བོ་ཨ་ནེའི་གླུ་ལ་ཉོན།།
གནས་ཨོ་རྒྱན་ཡུལ་གྱི་ལྷོ་ཕྱོགས་ན།།
རྟ་རྐྱང་བུ་འཕྲུལ་གྱི་འཕུར་ཤེས་ཡོད།།
དུས་ད་ལོ་བདག་འཛིན་བྱེད་རན་འདུག
།
སྟེང་ལྷ་ནས་སྐོས་པའི་ན་ཆུང་མ།།
སྨན་སྐྱ་ལོའི་སེང་ལྕམ་འབྲུག་མོ་དེ།།
དུས་ད་ལོ་སྐྲ་བདག་མ་བྱས་ན།།
ཁོ་སྟག་རོང་བུ་དང་སྡེབ་ཉིན་ཡོད།།
དེ་སྡེབ་ན་རྟེན་འབྲེལ་སྒོ་མོ་འཆུག
།
སང་ཐོ་རངས་སྟག་གི་དུས་ཚོད་ལ།།
ཁུ་ཁྲོ་ཐུང་ལུང་བསྟན་རྫུན་མར་ཕོབས།།
རྟ་གཡུ་བྱའི་མགྱོགས་དར་ལོན་ནོ་ཤོད།།
མ་འབྲུག་མོའི་སྐྲ་བདག་ཡིན་ནོ་ཤོད།།
མཐར་རྒྱལ་ཁ་ཚ་བོ་ཁྱེད་ལས་མེད།།
གླུ་མ་བརྗེད་གངས་དཀར་སེམས་ལ་ཟུངས།།
ཇོ་རུ་རིན་པོ་ཆེ།
ཚུར་ཉོན་དང་ཨ་མ་ལྷ་དཀར་སྒྲོན།།
ང་ཨ་ནེའི་ལུང་བསྟན་འདི་ལྟར་བྱུང་།།
གླིང་དཀར་པོའི་གསེར་ཁྲི་ནོན་དགོས་གསུངས།།
ཕྱོགས་དགྲ་བཞི་ཆོམས་ལ་ཕབ་དགོས་གསུངས།།
ཨ་མ་འགོག་མོ།
ངེད་ས་མཐའི་ཇོ་རུ་མ་བུ་གཉིས།།
ཟས་ཨབ་ཤ་ལོན་ན་ཕྱུག་པོ་ཡིན།།
གོང་གསེར་ཁྲི་ལོན་པའི་སྣང་བ་མེད།།
བུ་ཇོ་རུ་ཐུགས་སེམས་བདེ་བར་བཞུགས།།
ཇོ་རུ་རིན་པོ་ཆེ། ཁྱོད་ཨ་མའི་གཏམ་ལ་ཆག་འཇོག་མེད།།
ང་ཐག་པའི་བཏགས་ཀྱང་སྡོད་རྒྱུ་མིན།།
གླིང་དཀར་པོའི་ཕ་ཟོག་ཆ་བདུན་ལ།།
ང་ཇོ་རུ་མིན་པའི་བདག་པོ་མེད།།
ད་མི་སྡོད་གླིང་དཀར་སྟོད་དུ་འགྲོ།
རྟ་མགྲིན་དམར་པོ།
གླུ་ཨ་ལ་བདེ་མོའི་ཚིག་གིས་བརྗོད།།
ངག་ཐ་ལ་སྙན་མོའི་གླུ་ཡིས་འགུགས།།
ལྷ་ང་དང་ང་ངོ་མ་ཤེས་ན།།
མགོན་དབང་ཆེན་ཧྱགྷྀ་ཝ་ཡིན།།
ཚུར་ཉོན་དང་སྟག་རོང་ཁྲོ་ཐུང་དཔོན།།
གླིང་ཕ་ཟོག་ལས་ཀ་བཅྭོ་བརྒྱད་དང་།།
སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོ་བཅས།།
གླིང་ལྷ་སྡེའི་རྟ་རྒྱུགས་རྒྱལ་འཇོག་ན།།
དོན་བདག་པོ་སྟག་རོང་ཁྱེད་ལས་མེད།།
བུ་ཁ་རྗེ་དར་འདོད་གླིང་དཀར་སྡེ།།
དར་ངོ་མ་སྟག་རོང་ཡབ་སྲས་ཡིན།།
རྟ་གཡུ་བྱའི་བང་རྩལ་མཁའ་ལ་བདེ།།
བུ་གདོང་བཙན་གསེར་ཁྲིའི་མངའ་བདག་ཡིན།།
གླིང་ཚོ་དྲུག་འདུ་ཐང་ཁྲ་མོར་བསྡུས།།
ཁྱེད་ཨ་ཁུས་རྟ་རྒྱུགས་སྟོན་མོ་བསྒྲིགས།།
དཔོན་ཁྲོ་ཐུང་ཐུགས་ལ་དེ་ལྟར་ཞོག །
ཨ་ཁུ་ཁྲོ་ཐུང་།
ཡ།
ལྷ་བྱ་རྟ་མགྲིན་དམར་པོ་ངོ་སོ་བསྟོད།
ལུང་བསྟན་གསལ་བོར་འདུག
ཕ་གླིང་དཀར་གྱི་ཆོས་སྲིད་ཨ་ཁུའི་ཟིན་པར་འདུག ཐུགས་རྗེ་ཆེ། ཐུགས་རྗེ་ཆེ། ཧ་ཧ་་་་་་༼ ཡོལ་བ་དལ་གྱིས་བསུམ། ༽
འཁྲབ་ཚན་གཉིས་པ།
འདན་བཟས་ཐབས་ཚུལ་དུ་མ་ཡིས།།
མ་བཤོལ་ཨ་ཁུས་གླིང་དམག་བསྡུས།།
སྟག་རོང་རྒྱ་ཚས་ཕན་ཚུན་རྩོད།།
ཨ་མྱེས་ཕུ་ནུ་བར་འདུམ་བྱས།།
ཇོ་རུའི་སྤྲུལ་པས་སྟག་རོང་དཔོན་པོ་ཁྲོ་ཐུང་ལ་དབང་ཆེན་རྟ་མགྲིན་ཡིན་ཁུལ་གྱིས་ལུང་བསྟན་བརྩལ།
ཨ་ཁུ་ཐུགས་རབ་དུ་དགྱེས་ནས་འདན་བཟའ་གསེར་མཚོ་མར་རྟ་རྒྱུགས་སྟོན་མོའི་སྤྲོས་པ་རྒྱ་ཆེར་དགོས་པའི་བཀའ་ཁྱབ་གནང་ཡང་འདན་བཟས་རྒོལ། སླར་ཡང་གཡོག་ཨ་ཁོད་ཐར་བའི་ཟོར་སྣར་གླིང་སྡེ་ཁྲ་མོར་འདུ་རར་བསྡུ་བའི་བརྡ་སྦྱར་དུ་བཅུག་ནས་རྔ་སྒྲ་དར་ཕྱར་གྱིས་བརྡ་བཏང་། སྟག་རོང་གཟིགས་འཕེན་དང་།
རྒྱ་ཚ་ཞལ་དཀར་ཕན་ཚུན་རྩོད་པ་བསླངས་ཤིང་མདའ་བསྐོར་གཞུ་བསོར་དྲག་དུ་བྱས། གླིང་ཕ་ཁུ་གསུམ་གྱི་མགོ་འཛིན་སྤྱི་དཔོན་རོང་ཚ་ཁྲ་རྒན་དེས་སོ་སོར་ཕུ་ནུ་བར་བྱས་ཏེ་ལྷངས་འཇགས་གནས།
ཁྲོ་ཐུང་རྒྱལ་པོའི་གླིང་ཆེ་འབྲིང་ཆུང་གསུམ་ལ་ཇ་ཆང་གི་སྐྱེམས་ཞུས་དང་། དགའ་སྐྱིད་ཀྱི་སྟོན་མོ་རྒྱ་ཆེན་བྱས་སོ།།
ཨ་ཁུ་ཁྲོ་ཐུང་།
ཤང་ཧ་ལ་ཧ་ལ་ཧ་ལ་ལེན།
གླུ་ཐ་ལ་ཐ་ལ་ཐ་ལ་འགུགས།།
ཕོ་ང་དང་ང་ངོ་མ་ཤེས་ན།།
སྟག་རོང་དཔོན་པོ་ཁྲོ་རྒྱལ་ཡིན།།
ད་མ་ཉལ་གསོན་དང་གསེར་མཚོ་མ།།
ལྷ་གོང་མའི་ལུང་བསྟན་འདི་འདྲ་བྱུང་།།
གླིང་ཚོ་དྲུག་ཕུ་ནུ་སུམ་ཅུ་དེ།།
ད་དགའ་སྐྱིད་སྟོན་མོ་བསྡུ་དགོས་གསུངས།།
གླིང་ཕ་ཟོག་གསེར་ཁྲི་འབྲུག་མོ་བཅས།།
མགྱོགས་འདོ་བའི་རྒྱལ་ལ་བཞག་པས་ན།།
ང་སྟག་རོང་དཔོན་ལ་ཐོབ་ཏོ་གསུངས།།
ཁྱོད་འདན་ཟས་སྟོན་ཆས་ལ་མོ་སྒྲིགས།།
སེམས་བསམ་པའི་གྲོགས་དང་འཕྲད་པས་ན།།
ཡང་སྨར་མོའི་རྒྱུ་ལ་བལྟ་རབས་མེད།།
གླུ་གོ་ན་རྣ་བའི་བཅུད་དུ་འཆོངས།།
ཚིག་གོ་བ་ཨེ་བྱུང་གསེར་མཚོ་མ།།
འདན་བཟའ་གསེར་མཚོ།
གླུ་ཨ་ལ༴ མ་ཐ་ལ༴
སྨན་ང་འདྲིའི་ང་ངོ་མ་ཤེས་ན།།
འདན་ཁ་རག་བུ་མོ་གསེར་མཚོ་ཟེར།།
ཚུར་གསོན་དང་སྟག་རོང་ཁྲོ་ཐུང་ལགས།།
ཁྱོད་ལྷ་ཡི་ལུང་བསྟན་མ་ཡིན་དེ།།
བུ་ཇོ་རུའི་རྒྱལ་ཐོབ་ལེན་འདོད་རེད།།
གླིང་ཕ་ཟོག་རིན་ཆེན་སྣ་བརྒྱད་དེ།།
ཁོ་སྟག་རོང་ཉམས་ལ་ཕན་རབས་མེད།།
གཞན་ཆས་ལོན་བསམ་ཡིད་ལ་མེད།།
རང་ཆས་མི་བརླག་ཐག་ཆོད་ཡིན།།
ཁྱོད་ཁྲོ་ཐུང་ཡིད་ལ་དེ་ལྟར་ཞོག །
ཨ་ཁུ་ཁྲོ་ཐུང་།
ཤེས་མེད་ཕུང་མོ་གསེར་མཚོ་མ།།
ལུང་བསྟན་གསེར་གྱི་མཆོད་རྟེན་ལ།།
གཏམ་ངན་སྟྭ་རེ་གཡུག་མཁན་མ།།
རྟེན་འབྲེལ་དགྲ་བླའི་ངོ་སོ་ལ།།
ལྟས་ངན་ཐལ་བ་གཏོར་མཁན་མ།།
མ་སྡོད་རང་གི་ཕ་ཁྱིམ་སོང་།།
གཡོག་ཨ་ཁོད་ཐར་བའི་ཟོར་སྣ།།
གཡོག་ཨ་ཁོད། ཡོད་ལགས།
ཨ་ཁུ་ཁྲོ་ཐུང་། ཁྱོད་མ་སྡོད་སྟག་ཐང་ཁྲ་མོ་ནས།།
ཁྲིམས་རྔ་ལེབ་ཆེན་བསྐོར་བརྡུང་གྱིས།།
ཁྲིམས་དུང་དཀར་མོ་བསྐོར་འབུད་ཀྱིས།།
གླིང་ཚོ་དྲུག་ཆེ་འབྲིང་ཆུང་གསུམ་ལ།།
ཀི་བསྭོ་ཧོ་གསུམ་ལ་མོ་གྱིས།།
གཡོག་ཨ་ཁོད། ལགས་ལེགས་སོ།། ༼ རྔ་དང་དུང་འབུད་དེ་བརྡ་སྦྱོར། ༽
༼ རྟ་འགྲོས་རོལ་མོ་ཚར་ དང་ལྷན་དུ་
གླིང་སྡེ་ཁྲ་མོར་འདུ་རར་འདུས། ༽
འདན་མ་བསམ་འགྲུབ།
ང་དང་ང་ངོ་མ་ཤེས་ན།།
ཚ་ཞིང་འདན་མ་བྱང་ཁྲ་ཡིན།།
ཁྲིམས་རྔ་ཁྲིམས་དུང་སིལ་སྙན་གསུམ།།
ལྷ་ཨོ་རྒྱན་པདྨའི་བསྒྲུབ་རྟེན་རེད།།
སྡེ་གླིང་དཀར་ལྷ་སྡེའི་སྤྱི་ཟོག་རེད།།
ཁྱོད་གཡོག་པོའི་བརྡུང་ལེ་མ་དགོས་པས།།
རྗེ་བླ་མའི་འཇལ་ཁ་ཡོད་ལེ་མིན།།
དུས་དེ་རིང་བརྡུང་ལེ་ཅི་དོན་ཡིན།།
གླིང་དཔའ་ཐུལ་ཕུ་ནུ་རེ་རེ་ལ།།
ཀི་བསྭོ་ཧོ་གསུམ་ཅི་ཚུགས་ཡིན།།
གཏམ་དང་མདའ་མོ་དྲངས་ན་དགའ།།
དྲང་ལ་དགའ་བའི་དྲང་གཏམ་གྱིས།།
གཡོག་ཨ་ཁོད།
ང་མ་བཞེས་དཔོན་པོ་ཁྲོ་རྒྱལ་གྱིས།།
མངག་པའི་མི་ཕོ་གོ་ཆོད་ཡིན།།
ང་ཡོང་དོན་རྩ་བ་བཤད་པའི་ན།།
ཁོང་ཁྲོ་ཐུང་རྒྱལ་པོའི་བཀའ་བཀོད་ལ།།
གླིང་ཕ་ཟོག་ལས་ཀ་བཅྭོ་བརྒྱད་དང་།།
སྒ་སྐྱ་ལོའི་མི་ཟོག་འཁོར་བཅས་དེ།།
སྡེ་དོན་མེད་ལག་ཏུ་མ་ཤོར་གོང་།།
གླིང་ཕུ་ནུའི་སྐུགས་ལ་བཞག་དགོས་གསུངས།།
ཨ་མྱེ་ཁྲ་རྒན།
ཡ་ཁོ་རེ་གླིང་དཀར་ཕུ་ནུ་ཚོ།།
ལར་འཇིག་རྟེན་དཀའ་བ་རྣམས་གསུམ་ལ།།
གདངས་ལྟ་བ་མེད་པའི་འདྲེ་འདུལ་དཀའ།།
ཕོ་གཅིག་གི་བྱ་ཆེན་རྩོམ་ནི་དཀའ།།
མོ་གཅིག་གི་གཞི་ཆེན་ཟིན་ནི་དཀའ།།
ལས་ཡག་ཤས་ཉེས་ཤས་གཉིས་ཀ་ཆེ།།
གླིང་ཕ་ཟོག་རྒྱལ་ལ་སྐུགས་རྒྱུ་དེ་ཐག་ཆོད་དཀའ་ནི་རེད་དང་ཁྲོ་ཐུང་རྒྱལ་པོའི་བཀའ་ལ་ཡར་རྗོགས་མེད་ན་རྨ་སྨད་ནས་ལྷ་སྲས་འགག་ཚ་ཇོ་རུ་དེ་ཆུང་རྒྱུད་གླིང་གི་གྲྭལ་དུ་འབུད་རྒྱུ་དང་། ལྷ་རྟ་རྐྱང་ཆུང་དེ་རི་མཐོ་དམན་གང་ན་ཡོད་ཀྱང་འཛིན་ཐབས་བྱེད་དགོས་སོ།།
ཨ་ཁུ་ཁྲོ་ཐུང་།
ཧ་ཧ་་་ གསེར་ནག་གི་མཆོད་རྟེན་བཞེངས་ས་ལ། ར་གན་སེར་བོ་མེད་པའི་ཐབས་ཆགས། ཕ་གླིང་བའི་དཔའ་གྲྭལ་གཤིབ་ས་ལ། འདྲེ་ཕྲུག་ཇོ་རུ་མེད་པའི་ཐབས་ཆགས།
ཆིབས་རྟ་མཆོག་གི་རྒྱུགས་གྲྭལ་གཤིབ་ས་ལ།
སྔོ་རྟ་རྐྱང་རིས་མེད་པའི་ཐབས་ཆགས།
རྒྱ་ཚ་ཞལ་དཀར།
གླུ་ཨ་ལ༴
ཐ་ལ༴
ང་དང་ང་ངོ་མ་ཤེས་ན།།
ལྡོང་འབུམ་པའི་རྒྱ་ཚ་ཞལ་དཀར་ཟེར།།
ཚུར་ཉོན་དང་གླིང་དཀར་སྡེ་བ་ཚོ།།
དུས་ད་སྔོན་ཁྲ་མོ་གླིང་དཀར་སྡེའི།།
ལྡོང་སྨུག་པོའི་རྒྱལ་རབས་བཅྭོ་བརྒྱད་ལ།།
ལས་འདི་འདྲ་མ་གོ་གླིང་བ་ཚོ།།
དུས་དེ་རིང་ཁྲོ་ཐུང་རྒྱལ་པོ་ཡིས།།
ཁོང་ཆེ་རྒྱུད་འབྲིང་རྒྱུད་སྟོན་མོ་སྒྲིགས།།
སྐྱིད་རྟ་ཕོའི་བང་རྒྱུགས་ཕ་ཆས་རྩོད།།
ངེད་ཆུང་རྒྱུད་ཕུ་ནུ་ག་ཆུང་བྱས།།
ངས་ནུ་བོ་ལྷ་སྲས་ཇོ་རུ་ལ།།
གླིང་རྟ་རྒྱུགས་སྟོན་མོའི་ཆ་སྐད་མེད།།
ཡ་ཁོ་རེ་ཁྲ་མོ་གླིང་དཀར་དང་།།
ལས་ཤེ་རེ་ཆེ་རྒྱུད་ཆེ་མཐོང་ཅན།།
བྱ་འདི་འདྲ་དོན་ཐོག་འཇོག་དགོས་ན།།
ངས་ཕྱི་དམེ་ནང་ལ་མ་གཏུག་ཚེ།།
དཔའ་རྒྱ་ཚ་མིན་པའི་རྟགས་ལ་ཞོག །
ཁྱོད་ཆེ་རྒྱུད་ཡིད་ལ་དེ་ལྟར་འཆོང་།།
སྟག་རོང་གཟིགས་འཕེན། ༼ རོལ་མོའི་སྒྲ་རྒྱན་ཁྲོད་ནས་རྒྱ་ཚ་ཞེས་བོས་ཏེ། ༽
གླུ་ཨ་ལ༴
ཐ་ལ༴
ང་དང་ང་ངོ་མ་ཤེས་ན།།
ཆེ་རྒྱུད་སྟག་རོང་གཟིག་འཕེན་ཡིན།།
ཉོན་དང་འབུམ་པའི་བུ་རོ་ཉོན།།
ཁྱོད་འུ་གཉིས་འདྲ་འོ་ཨེ་བསམ་ཏོ།།
དོན་མི་འདྲ་ངོ་མ་སེམས་ཐག་ཡིན།།
གླིང་ཕུ་ནུའིཆེ་འདུས་སྟོན་མོ་ལ།།
ཕོ་ཤེས་མེད་ཀ་བརྡར་ཁོང་ཁྲོ་སྐྱེས།།
བུ་ཁྱོད་ལ་དཔའ་ཡ་མ་ཡོངས་ན།།
ང་དཔའ་ཐུལ་མིང་བཏགས་དོན་མེད་རེད།།
གཏམ་ཨ་མཚར་ཁ་མཚར་མི་བཤད་དེ།།
གླིང་སྡེ་བའི་ལྟད་མོ་ལྟོས་དང་ཆོག
།
དཔའ་སྟག་རོང་སྐྱེན་པོའི་མདའ་རྩེ་ལ།།
ཕོ་ཀ་བརྡར་མ་བཞག་སྟག་རོང་མིན།།
ཁྱོད་ཤེས་མེད་ཡིད་ལ་དེ་ལྟར་ཞོག །
ཨ་མྱེ་ཁྲ་རྒན། ༼ རྔ་དང་རོལ་མོའི་སྒྲ་རྒྱན་ཁྲོད་ནས་རྒྱ་ཚ་དང་སྟག་རོང་གཟིགས་འཕེན་ཞེས་བོས་ཏེ། ༽
ཕོ་ང་དང་ང་ངོ་མ་ཤེས་ན།།
སྤྱི་དཔོན་རོང་ཚ་ཁྲ་རྒན་ཟེར།།
རྒྱལ་སྐུགས་པའི་ལས་ཟོག་རིན་པོ་ཆེ།།
ཕོ་བུ་དཔའ་རྟ་མགྱོགས་གཅིག་གི་ཆོག །
ཕ་ཕུ་ནུའི་གཟའ་འདུས་སྟོན་མོ་ལ།།
ཕོ་སྔ་ཕྱི་གང་ཐོན་འདྲ་འདྲ་ཡིན།།
བརྟག་ཤེས་ན་རྟེན་འབྲེལ་སྣ་ཚོགས་ཡོད།།
སྟག་རོང་དཔོན་དང་རྒྱ་ཚ་གཉིས།།
བུ་ཁྱོད་གཉིས་དཔའ་བོའི་རང་ཚོད་ཟུངས།།
ཚ་བོ་ལྷ་སྲས་ཇོ་རུ་དེ།།
གླིང་དཀར་ཕུ་ནུའི་གྲལ་དུ་བོས།།
དེའི་བར་དུ་ནང་དམེ་མ་བྱེད་ཅིག །
སྟོན་མོ་གླིང་དཀར་ལྷ་སྡེའི་ཞོག །
རྟ་རྒྱུགས་ཕུ་ནུ་ཁ་གསུམ་རྒྱུགས།།
༼ གསོལ་སྟོན་སྒྲིག་ཏེ། བདུད་རྩི་འོ་མའི་རྒྱ་མཚོ།། སྐྱེམས་ཕུད་གསེར་སྐྱེམས་ཟེགས་མ།། བདུད་རྩི་རོ་བརྒྱ་ལྡན་པ་འདི།། ལྷ་གཙང་མ་ཕུད་ཀྱི་མཆོད་པ་འབུལ་ཞེས་ལན་གསུམ་དང་སྒྲ་རྒྱན་བཅས་དང་ཞབས་བྲོ་འཁྲབ་རྗེས་སུ་རོལ་དབྱངས་ཁྲོད་ནས ༽
ཨ་མྱེ་ཁྲ་རྒན། སེང་ལྕམ་འབྲུག་མོ་
སེང་ལྕམ་འབྲུག་མོ། ཡོད་ལགས།
ཨ་མྱེ་ཁྲ་རྒན། སྐྱ་ལོའི་སེང་ལྕམ་འབྲུག་མོ་འདི།།
ཡེ་ཤེས་མཁའ་འགྲོའི་སྤྲུལ་པ་རེད།།
ཇོ་རུ་འབོད་པའི་རྟེན་འབྲེལ་ཡོད།།
ཁྱོད་མ་འདུག་ལ་མོ་གདན་འདྲེན་བྱོན།།
སེང་ལྕམ་འབྲུག་མོ།
འོ་ལེགས་སོ།། ༼ ཡོལ་བ་དལ་གྱིས་བསུམ། ༽
འཁྲབ་ཚན་གསུམ་པ།
སྐྱ་ལོའི་སེང་ལྕམ་འབྲུག་མོ་དེ།།
རྨ་སྨད་ཇོ་རུ་འབོད་དུ་སོང་།།
སྤྲུལ་པ་ཉི་མ་རྒྱལ་མཚན་གྱིས།།
ཉམས་སད་བྱས་ཤིང་རྟེན་འབྲེལ་བསྒྲིགས།།
མ་རྗེ་བཙུན་སྒྲོལ་མ་དཀར་མོའི་སྤྲུལ་པ། དྭངས་སྨན་ཇ་མ་བཅུ་གསུམ་གྱི་གཙོ་མོ། སྒ་སྐྱ་ལོའི་སྟོན་པ་རྒྱལ་མཚན་གྱི་སྲས་མོ་ན་ཆུང་སེང་ལྕམ་འབྲུག་མོ་དེ་རྨ་སྨད་གཡུ་ལུང་སུམ་མདོར། ཇོ་སྐྱིད་དམ་པ་སངས་རྒྱས་འབོད་དུ་སོང་ཚེ།
རྨ་མཁན་པ་བར་མའི་ཡར་ཐང་དུ་ཇོ་རུའི་སྤྲུལ་པ་ཉི་མ་རྒྱལ་མཚན་གྱིས་ཉམས་སད་བྱས་ཤིང་ཐབས་ཤེས་བདེ་སྟོང་དགའ་བཞིའི་རྟེན་འབྲེལ་སྒྲིགས་པ་མ་ཟད་སྟོང་བཞིའི་ཡེ་ཤེས་ཀྱི་རྗེས་ཆགས་སྦྱངས།
༼ རྟ་འགྲོས་རོལ་མོ་ཚར་
ལྷན་དུ་འཁྲབ་ཡོལ་གྱི་གཡས་གཡོན་ནས་བུད་དེ ༽
བེ་རུ་ཉི་མ་རྒྱལ་མཚན།
གླུ་ཨ་ལ༴
ཐ་ལ༴
ཕོ་ང་དང་ང་ངོ་མ་ཤེས་ན།།
ལྡོང་བེ་རུའི་ཉི་མ་རྒྱལ་མཚན་ཟེར།།
ཆུ་ཕ་རིས་བུ་མོ་ཁེར་མདུར་མ།།
མགོ་གཡུ་བྱུར་ཤིག་ཤིག་གང་ན་འགྲོ།
རྒྱབ་ཁྲ་མོ་སྤུང་སྤུང་ཅི་ཚུགས་བྱེད།།
ལུས་རིན་ཆེན་རྒྱན་གོས་གང་ཡོད་དེ།།
དེ་རིང་ཇག་པའི་ཟ་སྐལ་ཡིན།།
མགྲོན་ཕྱུག་པོ་ཟ་རྒྱུ་ཨེ་མཐོང་སྙམས།།
སྨན་ཁྱོད་བས་ཕྱུག་ཅིག་གང་ན་གདའ།།
ཁྱོད་ས་ཆ་ཡུལ་ཕྱོགས་གང་དུ་འགྲོ།
གཏམ་སྐད་ཆ་དྲང་པོར་མ་བཤད་ན།།
ལས་བྱ་བ་ཅི་བྱུང་ལྟད་མོ་ལྟོས།།
སེང་ལྕམ་འབྲུག་མོ།
གླུ་ཨ་ལ༴
ཐ་ལ༴
སྨན་ང་དང་ང་ངོ་མ་ཤེས་ན།།
སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོ་ཟེར།།
ཕ་གླིང་བའི་རྟ་རྒྱུགས་སྐུགས་དགོས་ཟེར།།
བུ་ཇོ་རུ་འབོད་པའི་ཕོ་ཉ་ཡིན།།
ང་འབྲུག་མོ་ན་ཆུང་བུ་མོ་ལ།།
དུས་ད་རུང་མི་ཚེ་རིང་སྣང་སྐྱེས།།
ད་དེ་ཚེ་སེམས་ལ་བསམ་ཚུལ་རེད།།
ཁྱོད་ཇག་པ་དཔའ་བོ་དགྲ་འཇིགས་ཅན།།
ངས་ལུས་ཆས་རྒྱན་གོས་ཁྱེད་ལ་འབུལ།།
ང་མ་གསོད་ཨ་བུ་སྐུ་ཚེ་རིང་།།
ཉི་མ་རྒྱལ་མཚན།
ང་ལྡོང་ཡུལ་ཉི་མ་རྒྱལ་མཚན་དང་།།
ཁྱོད་གླིང་དཀར་སེང་ལྕམ་འབྲུག་མོ་གཉིས།།
ཚེ་འདི་སྣང་མཐུན་པའི་གཏམ་གཅིག་བཤད།།
ལས་ཕྱི་མ་ཐུབ་པའི་མནའ་གཅིག་འཇོག །
༼ རྟ་འགྲོས་རོལ་མོ་ཚར་ ལྷན་དུ་འཁྲབ་ཡོལ་གྱི་གཡས་གཡོན་ནས་བུད་དེ་ཇོ་རུས་མི་ཡིན་ན་བར་ཆད་བདུད་དང་འཁྲོལ་ཞེས་འུར་རྡོས་འཕངས། ༽
ཇོ་རུ་རིན་པོ་ཆེ།
ཀླུ་གཙུག་ན་ནོར་གྱི་གདན་ས་ལ།།
དུས་དེ་རིང་འདྲེ་མོའི་སྐོར་རྒྱུགས་བྱས།།
འུར་ཁྲ་ཐུང་དགྲ་བླའི་རྟེན་མཁར་ཡིན།།
འདྲེ་ཡིན་ན་རྣམ་ཤེས་བདེ་ཆེན་དྲོངས།།
མི་ཡིན་ན་བར་ཆད་བདུད་དང་འཁྲོལ།།
སེང་ལྕམ་འབྲུག་མོ།
ཚུར་ཉོན་དང་ལྷ་སྲས་ཇོ་རུ་ལགས།།
སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོ་ང་།།
འགྲོ་དབང་མེད་ཕུ་ནུའི་བདག་འཛིན་བྱེད།།
འདུག་དབང་མེད་ཇོ་རུའི་རྔན་ཆེན་འདོན།།
སྡུག་ཉེས་ཆད་འབྲུག་མོ་ང་ལ་བབས།།
བུ་ཇོ་རུ་གོང་མ་ལྷ་ནས་བསྐོས།།
ཐུགས་འགལ་བ་ཅི་བྱུང་འབྲུག་མོས་བཤགས།།
ཁྱེད་ཡར་བྱོན་གླིང་དཀར་སྟོད་ལ་བྱོན།།
ཇོ་རུ་རིན་པོ་ཆེ།
འོ་ན་འབྲུག་མོ་ཁྱོད་ཀྱིས། ང་ཡི་ཚེ་རབས་ལས་ཀྱི་རྟ་ཕོ་དེ་ཟིན་དགོས། ང་གླིང་ལ་འགྲོ ཁྱོད་འབྲུག་མོའི་སྐྲ་བདག སྐྱ་ལོའི་རྒྱུ་བདག གླིང་དཀར་པོའི་གསེར་ཁྲི་འཛིན་པ་དཀའ་རྒྱུ་མི་འདུག
སེང་ལྕམ་འབྲུག་མོ།
འོ་ ལེགས་སོ།། ༼ ཡོལ་བ་དལ་གྱིས་བསུམ། ༽
འཁྲབ་ཚན་བཞི་བ།
མཐོན་པོ་དགུ་སྒྲིགས་རི་རྩེར་སླེབས།།
རག་ཟས་གནས་རི་རྩིས་སྤྲོད་གནང་།།
ཨ་མས་དགྲ་བླ་ལྷ་འབོད་བྱས།།
སྲུང་མས་རྟ་མཆོག་རང་ནོམ་སྤྲད།།
མ་ཡུམ་འགོག་བཟའ་ལྷ་དཀར་དང་། རག་ཟ་དགེ་མཚོ། ལྷ་མོ་ནེའུ་ཆུང་། སེང་ལྕམ་འབྲུག་མོའི་དཔུང་བཅས་ཞགས་པ་རེ་རེ་བསྣམས་ནས་རྨ་མཐོན་པོ་དགུ་སྒྲིག་གི་རི་རྩེར་ལྷ་རྟ་རྐྱང་ངུ་འཚོལ་དུ་ཕྱིན་ནས་ཕྱོགས་བཞིར་བལྟས་ཚེ་རྟ་རྐྱང་ཆུང་གར་ཡང་མ་མཐོང་། རག་ཟས་རྒྱ་གར་ནག་བོད་ཡུལ་སོགས་ཀྱི་གནས་རི་གཞི་བདག་རྣམས་དཔེ་དོན་མཐུན་པའི་རྩིས་སྤྲོད་རྒྱས་པར་གནང་། ཨ་མ་འགོག་མོས་དགྲ་བླ་ཝེར་མའི་ཚོགས་ལ་འབོད་བསྐུལ་དང་། སྨོན་ལམ་བདེན་ཚིག་གི་གླུ་ཞུས་གནང་ཕྲལ།
ཐག་རིང་བོ་ནས་འདོ་རྗེ་རྐྱང་ཆུང་གི་འཚེར་སྐད་སྙན་ལ་རིང་ལ་ཐེངས་གསུམ་གྲགས་བྱུང་བའི་རྗེས་སོར་ཐབས་ཀྱིས་བཟུང་། དེ་ཕྲལ་སེང་ལྕམ་འབྲུག་མོས་རྟེན་འབྲེལ་མགུར་མ་དང་བདེ་སྟོང་རྡོ་རྗེ་གླུ་ཡི་བྲོ་གར་སྣ་ཚོགས་ཀྱིས་བརྡ་ཐབས་ཟབ་མོའི་ཕྱོགས་བཞིའི་དགྲ་བཞི་འདུལ་ཞིང་རྫོང་ཆེན་བཅྭོ་བརྒྱད་སོགས་ཕྲིན་ལས་གསར་བའི་རྟེན་འབྲེལ་སྒྲིག
རག་ཟ་དགེ་མཚོ།
གླུ་ཨ་ལ་ལ་མོ་ཨ་ལ་ལེན།།
མ་ཐ་ལ་ལ་མོ་ཐ་ལ་ལེན།།
མ་འཇིགས་བརྒྱད་གཡུལ་འཇོམས་རྒྱལ་བའི་ཡུམ།།
དཔལ་རྗེ་བཙུན་སྒྲོལ་མ་དཀར་མོ་མཁྱེན།།
ས་འདི་ཡི་ས་ངོ་མ་ཤེས་ན།།
རྨ་མཐོན་པོ་དགུ་སྒྲིག་ཡང་རྩེ་རེད།།
སྨན་ང་དང་ང་ངོ་མ་ཤེས་ན།།
ང་ཆག་ཆེན་རག་ཟ་དགེ་མཚོ་ཟེར།།
སྟོད་ཡར་ལ་བལྟས་པའི་ལྟད་མོ་ལ།།
རི་མཐོན་པོ་སྤོས་ཕོར་བཤམ་འདྲ་འདི།།
སྟོད་རྒྱ་གར་སྤོས་རི་ལྔ་ལྡན་རེད།།
ཡང་སྨད་ལ་བལྟས་པའི་ལྟད་མོ་ལ།།
རྫ་མཐོན་པོ་གླང་ཆེན་རྒྱན་བཀོད་འདྲ།།
སྨད་རྒྱ་ནག་གླང་ཆེན་འགྱིང་རི་རེད།།
ཡང་མདུན་ལ་བལྟས་པའི་ལྟད་མོ་ལ།།
གངས་མཐོན་པོ་ཕྱེ་མར་བཤམས་འདྲ་འདི།།
རྨ་སྤོམ་ར་ལྷ་ཡི་ཕོ་བྲང་རེད།།
བུ་ཇོ་རུ་གོང་མ་ལྷ་ནས་བསྐོས།།
དུས་ཇི་སྲིད་ནམ་མཁའ་གནས་ཀྱི་བར།།
སྨོན་ལམ་དང་ཕྲིན་ལས་རྒྱུན་ཆད་མེད།།
དོན་དགེ་ལེགས་འགྲུབ་པའི་བཀྲ་ཤིས་ཤོག །
ཨ་མ་འགོག་མོ།
གླུ་ཨ་ལ་སྐྱེ་མེད་ངང་ནས་ལེན།།
ངག་ཐ་ལ་འགག་མེད་གདངས་སུ་འགུགས།།
གནས་ཨོ་རྒྱན་རང་བྱུང་ཕོ་བྲང་ནས།།
མ་རྒྱལ་ཡུམ་རྡོ་རྗེ་ཕག་མོ་མཁྱེན།།
སྨན་ང་དང་ང་ངོ་མ་ཤེས་ན།།
མ་འགོག་བཟའ་ལྷ་དཀར་སྒྲོན་མ་ཡིན།།
མ་ཨ་ནེ་གནམ་སྨན་དཀར་མོ་དང་།།
དགྲ་བླ་ཝེར་མའི་ཚོགས་དང་བཅས།།
ངེད་མ་བུ་སྐྱོབ་པའི་སྲུང་མ་རྣམས།།
ད་མ་གཡེལ་དེ་རིང་གྲོགས་ལ་བྱོན།།
ཁོང་ལྷ་སྲས་མི་ཡུལ་མངག་དུས་སུ།།
དུས་ནམ་དགོས་ལུང་བསྟན་ཡོད་དོ་གསུང་།།
རྟ་རྐྱང་རྒོད་རི་ནས་བཟུང་རོགས་དང་།།
བོད་དབུ་ནག་འདུག་ཆུས་སྒྲུབ་རོགས་མཛོད།།
ལྷ་གོང་མའི་མགོན་སྐྱབས་མ་གཡེལ་རེམ། །༼ རྟའི་མཚེར་སྐད་ལན་གསུམ། ༽
འབྲུག་མོ།
ཨ་ཧོ་ཡ།
ཐབས་མཆོག་ལྷ་སྲས་མི་ཡི་ཉི་མ།།
ཤེས་རབ་བརྡ་ཐབས་དཔའ་མོའི་གར་སྟབས།།
ཟུང་འཇུག་མཉམ་སྦྱོར་བདུན་ལྡན་བདེ་བ།།
ཆགས་བྲལ་ཞུ་བདེ་དགའ་བཞིའི་མཆོད་པས།།
དོན་དམ་ཡེ་གྲོལ་ཚོགས་ཆེན་རྫོགས་ཤོག །
སྣང་སྟོང་སྒྱུ་མའི་གར་གྱི་གཟུགས་བརྙན།།
གྲགས་སྟོང་བརྗོད་བྲལ་རྡོ་རྗེའི་རོལ་མོ།།
ཚོར་སྟོང་ལྷན་སྐྱེས་ག་བུར་དྲི་བསུང་།།
རེག་གྲོགས་བཅུ་དྲུག་དགའ་བའི་རྗེས་ཆགས།།
ཡེངས་མེད་དྲན་པའི་ངང་ནས་སྐྱོངས་ཤོག །
ཡེ་ཡིན་རྡོ་རྗེ་ཕུང་པོའི་གྲོང་ཁྱེར།།
རྩ་གསུམ་འཁོར་ལོ་ལྔ་ཡི་ཞིང་ན།།
རིག་འཛིན་དཔའ་བོ་ཚོགས་རྗེ་རྣལ་འབྱོར།།
གཏུམ་མོ་ཡེ་ཤེས་མེ་ཡི་མཆོད་པས།།
གདན་གསུམ་རྩ་གནས་ལྷ་ཚོགས་དགྱེས་ཤིང་།།
ཡེ་གྲོལ་སྐུ་གསུམ་རང་ས་ཟིན་ཤོག །༼ ཇོ་རུ་དང་འབྲུག་མོའི་ཞབས་བྲོ། རོལ་དབྱངས། ༽
ཞབས་བྲོ།
ཨ་ཧོ་ཡ།
ཀ། འཆི་མེད་མཚོ་སྐྱེས་བླ་མ།།
རྒྱ་བོད་རིག་འཛིན་རྒྱ་མཚོས།།
འགྲོ་དོན་དུས་ལ་བབས་པའི།།
རྟེན་འབྲེལ་དགོངས་པ་མཛད་སོང་།།
ཁ།
རྒྱལ་ཡུམ་ཡེ་ཤེས་མཚོ་རྒྱལ།།
རིགས་ལྔ་གནས་ཡུལ་མཁའ་འགྲོས།།
བཀྲ་ཤིས་བུམ་པ་བསྣམས་ནས།།
གཙང་ལྡན་སྐུ་ཁྲུས་མཛད་སོང་།།
ཀ།
འཇམ་དབྱངས་སྤྱན་གཟིགས་ལ་སོགས།།
ཕྱོགས་བཅུའི་སེམས་དཔའི་རྣམས་ཀྱིས།།
སྨོན་ལམ་བདེན་པའི་ཚིག་གིས།།
བཀྲ་ཤིས་མེ་ཏོག་འཐོར་སོང་།།
ཁ། དྲི་ཆབ་ལྷ་མོ་ལ་སོགས།།
བྱང་ཆུབ་སེམས་མའི་ཚོགས་ཀྱིས།།
བདེ་སྟོང་རྡོ་རྗེ་གླུ་ཡིས།།
དགྱེས་པའི་བྲོ་གར་འཁྲབ་སོང་།།
ཀ།
སྒོ་སྲུང་ཁྲོ་རྒྱལ་རིགས་བཞི།།
ལས་བྱེད་ཕོ་ཉའི་ཚོགས་ཀྱིས།།
ཕྱི་ནང་གསང་བའི་བགེགས་ཚོགས།།
ཕྱོགས་ཀྱི་ཕ་མཐར་བསྐྲད་སོང་།།
ཁ།འཇིག་རྟེན་ཕྱོགས་བཅུ་སྐྱོང་བ།།
ཚངས་དང་ཁྱབ་མཇུག་ཚོགས་ཀྱིས།།
སྙན་དབྱངས་རོག་མོའི་སྒྲ་ཡིས།།
བསྟོད་ཚིག་མཆོད་པ་འབུལ་ལོ།།
ཀ་ཁ།
ཨེ་མ་ཧོ་ཡ་དགའ་བ།།
ཨ་ཧོ་ངོ་མཚར་ཆེ་བ།།
དགའ་སྐྱིད་གླུ་ཡི་མཆོད་པ།།
སྙིང་གྲོགས་ཁྱེད་ལ་འབུལ་ལོ།། ༼ ཡོལ་བ་དལ་གྱིས་བསུམ། ༽
འཕྲོ་དྲྭ་ངོས་རྗེས་མར་མུ་འགོད།