སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

གླིང་སྒྲུང་བྱུང་འཕེལ་སྐོར་གྱི་དྲིས་ལན།

 

དྲི་བ། གླིང་གེ་སར་གྱི་སྒྲུང་འདི་དུས་རབས་ནམ་ཚོད་ནས་དར་བ་རེད། འགའ་ཞིག་གིས་དུས་རབས་བཅུ་བདུན་པའི་ནང་དར་བ་རེད་ཟེར་བའི་ཐད་ལ་ལྟ་ཚུལ་ཅི་ཡོད་གླེང་རོགས།

དྲི་བ་འདོན་མཁན་གླིང་གེ་སར་ཚང་འཕྲིན་ཚོགས།

ལན་འདེབས་མཁན། སྨིན་དབུས་པོ།

གླིང་སྒྲུང་བྱུང་འཕེལ་སྐོར་ལས་འཕྲོས་པའི་དཔྱད་སྒོ་ཉུང་ངུ་།


ཉེ་ལམ་བོད་ཀྱི་དེང་རབས་ལོ་རྒྱུས་པ་མཁར་རྨེ་བསམ་གཏན་གྱིས།མདའ་དང་འཕང་། ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་བསྐྲུན་པའི་དེབ་ཀྱི་ཤོག་ངོས།414པ་རུ། གེ་སར་སྒྲུང་ལས་ངག་རྒྱུན་གྱི་སྒྲུང་དེ་སྔོན་ལ་བྱུང་ངམ་ཡང་ན་ཡིག་ཐོག་གི་སྒྲུང་དེ་སྔོན་ལ་བྱུང་ངམ་ཞེས་པའི་གནད་དོན་ནི་རྙོག་འཛིང་ཅན་ཞིག་ཡིན་པས་འདིར་རྒྱས་གླེང་མི་བྱའོ། ། ཞེས་བཤད་པ་ལྟར་ཉེ་ཆར་མཁས་པ་ཚོས་གླིང་སྒྲུང་ཞེས་པའི་མིང་གི་བྱུང་འཕེལ་དང་དར་རྒྱས་བྱུང་བའི་དུས་ཚོད་ཀྱི་ཐད་ནས། ངག་རྒྱུན་གྱི་གླིང་སྒྲུང་དང་། ཡིག་ཐོག་གི་གླིང་སྒྲུང་གཉིས་གང་ཞིག་སྔོན་དུ་བྱུང་མིན་སོགས་ལ་དཔྱད་ཚུགས་ཀྱིན་མེད་པ་འདྲ་ལ། སྐབས་འགར་གདོད་མའི་སྒྲུང་དང་གླིང་སྒྲུང་གཉིས་གཅིག་ཏུ་འཛིན་པའི་ཉོག་དྲ་ཡང་ཡོད་ཚོད་སྣང་།

འདིར་ཕྲན་གྱིས་བསམ་ན། བཙན་པོའི་དུས་སུ་ཁམས་ཀྱི་རྒྱལ་ཕྲན་དུ་གྲགས་པ་མདོ་ཁམས་གླིང་ཚང་རྒྱལ་རྒྱུད་ཀྱི་དཔའ་བོའི་མི་སྣ། གླིང་རྗེ་གེ་སར་སྐྱེས་བུ་དོན་གྲུབ་བམ་གླིང་སེང་ཆེན་ནོར་བུ་དགྲ་འདུལ་རྒྱལ་བློན་གྱི་ལོ་རྒྱུས་ཀྱི་ས་བོན་ནི། གླིང་ཚང་གི་ཁོར་ཡུག་ཏུ་ཁྱབ་པའི་ངག་རྒྱུན་རྣམས་ལ་གཞི་བྱས་ཏེ། བོད་ཡུལ་ས་གནས་སོ་སོའི་མི་མང་པོས་རང་རང་གི་འདོད་བློ་མཐུན་པར་སྔར་ཡོད་ངག་ཐོག་གི་ས་བོན་རྣམས་ལ་གཞི་བྱས་ཏེ། བསྟོད་པ་རྒྱས་འབྲི་འདྲ་མིན་སྣ་ཚོགས་བྱས་པ་ལས་ད་ལྟའི་གླིང་སྒྲུང་ཆེན་མོ་འདིའི་གཞི་གྲུབ་ཅིང་། སྤྱི་ལོའི་དུས་རབས་བཅུ་གཉིས་པའི་སྨད་དམ་བཅུ་གསུམ་པའི་སྟོད་ཡས་མས་ནས་བཟུང་། གླིང་གེ་སར་རྒྱལ་པོའི་ལོ་རྒྱུས་དངོས་ལས་འཕྲོས་པའི་གླིང་སྒྲུང་ཞེས་པ་འདི། བོད་མདོ་ཁམས་ཡོངས་ལ་ངག་ཐོག་ཡིག་ཐོག་གཉིས་ཆར་ནས་དར་ཁྱབ་ཏུ་འགྲོ་མགོ་བཟུང་བར་མ་ཟད། རིམ་གྱིས་ཁོར་ཡུག་གི་འབྲུག་དང་ལ་དྭགས་སོགས་བརྒྱུད་དེ་རྒྱ་བལ་སོགས་སུ་དར་བ་ཡིན་ཚོད་འདུག་པ་རྟོགས་སླ།

སྤྱིར་གླིང་རྗེ་གེ་སར་གྱི་ལོ་རྒྱུས་ནི། རྒྱལ་བློན་ཚོ་དངོས་སུ་བཞུགས་པའི་དུས་ཐོག་དེར། དེང་གི་འགྲོས་ལྟར་ཡིག་འཇོག་ལེགས་པོ་ཞིག་མ་ཐུབ་པར་ངག་ཐོག་གི་གཏམ་རྒྱུད་དམ་། སྒྲུང་ངོ་ཞེས་སྤྱི་ཚོགས་ཁྲོད་དུ་སྒྲིག་གཞི་མེད་པར་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བའི་དབང་གིས། དུས་ཚོད་འདི་ཙམ་ནས་ཡིག་ཐོག་ཏུ་བྱུང་ངོ་ཞེས། གསལ་ཐག་ཆོད་པོ་ཞིག་གི་ལན་ཞུ་དཀའ་ཡང། རིང་མོའི་དུས་ཤིག་ནས་ཡིག་ངག་གཉིས་ཐོག་ཏུ་དཔྱད་སྒོ་མེད་པ་ཞིག་ནི་མ་ཡིན་ཏེ།

མདོ་ཁམས་མགོ་ལོག་སོགས་སུ་རིང་མོའི་དུས་ནས་ངག་རྒྱུན་ཞིག་ཡོད་པ་ནི། གླིང་སྒྲུང་ཧོར་གླིང་གཡུལ་འགྱེད་ཀྱི་སྟོད་ཆའི་ནང་དོན་གླིང་གི་ནེའུ་ཆུང་ལྷ་མོ་དང་། སྨད་ཆ་ཧོར་གྱི་སྟོང་ཉིད་མགར་བཟའ་ཆོས་སྒྲོན་གཉིས་ཀྱིས་ཡི་གེར་བཀོད་པ་རིམ་བཞིན། ལྡོང་གི་ཨ་བུ་ཆོས་འབར་ཟེར་བ་སོགས་ཀྱིས་༼རྒྱུས་ལོན་བྱས་པ་ལྟར་ན། ལྡོང་གི་ཨ་འབར་ཞེས་པ་ནི་གླིང་གེ་སར་གྱི་སྐྱེ་སྤྲུལ་དུ་རང་ཞལ་བཞེས་པའི་སངས་རྒྱས་ཡེལ་བ་རིན་པོ་ཆེའི་ཡབ་ཡིན་འདུག་སྟེ། ལྷོ་རོང་ཆོས་འབྱུང་། ༡༩༩༤ ལོར་བོད་ལྗོངས་བོད་ཡིག་དཔེ་རྙིང་དཔེ་སྐྲུན་ཁང་ནས་བསྐྲུན་པའི་ལྕགས་པར་མའི་ཤོག་ངོས་༨༢༤པ་རུ། གདུང་རུས་ནི་ལྡོང་འགོ་བོམ་ཀུ་ཏོ། ཡབ་སྒོམ་པ་ཨ་འབར་ཞེས་པ།སྔགས་པ་དམ་ཚིག་ཅན་སྙིང་རྗེ་དང་ལྡན་པ་གཅིག་དང་། ཡུམ་གོང་པ་བཟའ་བཙུན་མ་སྒྲོན་ཡང་ལྕམ་ཞེས་པ་ལ། ཞེས་སོགས་གསལ་བས་ཤེས།༽ ཇེ་ལེགས་ཇེ་རྒྱས་ལ་བཏང་པ་རེད་ཅེས་བཤད་རྒྱུན་ཡོད་པའི་ངོས་ནས་བསམ་ན། གླིང་དཀར་པོའི་བསྟོད་སྒྲུང་འདི། དང་ཐོག་ལྡོང་གི་རིགས་སུ་འཁྲུངས་ཤིང་། གླིང་གེ་སར་སྐྱེས་བུ་མཆོག་གི་རྣམ་སྤྲུལ་དུ་གསལ་བའི་བླ་ཆེན། ༼ བྱང་རྟ་རྣའི་ཡིག་རྙིང་དུ།བསྐལ་ངན་དུས་ཁུག་སྙིགས་མ་ལྔ་བདོའི་སྐབས། །གེ་སར་རྣམ་འཕྲུལ་སངས་རྒྱས་ཡེལ་པ་ཡིས། ། ཞེས་སོགས་གསལ་བ་ལྟར། ༽ཡེལ་པ་བཀའ་བརྒྱུད་པའི་གྲུབ་མཐའི་སྲོལ་འབྱེད་མཁན་སངས་རྒྱས་ཡེལ་པ་ཡེ་ཤེས་བརྩེགས་ཡབ་སྲས་ཀྱི་༼ནང་ཆེན་སྐྱོ་བྲག་ཆམ་ཏི་གསེར་ཕུག་ཏུ་རབ་བྱུང་གཉིས་པའི་ཤིང་སྟག་ ༡༡༣༤ ལ་སྐུ་འཁྲུངས་ཤིང་། གླིང་དགྲ་བླ་རྩེ་རྒྱལ་གྱི་གདུང་རྒྱུད་རྗེ་བློན་ཚོས་བླ་མར་བཀུར། ༽སྐུ་དུས་སུ་དར་རྒྱས་ལ་སོང་བའི་དཔྱད་སྒོ་ཚུགས་ཐུབ་རེད་སྙམ། ལྷག་པར་དུ་སྒྲུང་རྙིང་བྱང་ཀུ་ར་འདུལ་བའི་རྟོགས་བརྗོད་སོགས་ཕབ་མཁན། ཐང་བའི་སྒྲུང་བ་དགའ་རབ་ཞེས་པའི་ཞལ་རྒྱུན་ལྟར་ན། ངག་ཐོག་གི་བཤད་རྒྱུན་ལ། སྔོན་གྱི་སྒྲུང་ཆེན་བུ་ལྷ་ནོར་བུ་ཟེར་བ་དེས། ཁོང་རང་ཉིད་ནེའུ་ཆུང་ལྷ་མོའི་སྤྲུལ་བ་ཡིན་ཚུལ་གསུངས་མྱོང་པ་དང་། ཁོང་གིས་ཕབ་པའི་སྒྲུང་སྣ་འགའི་ནང་དོན་སྔོན་རང་ཉིད་ནེའུ་ཆུང་ཡིན་དུས་རྒྱ་ཤོག་ངོས་སུ་བྲིས་ནས་རྫས་གཏེར་དུ་སྦས་པ་ད་དུང་རུལ་མི་འདུག་པས། དེ་དག་ཚུར་བསྐྱར་འབྲི་ཞིག་བྱས་པ་ཡིན་ཞེས་གསུངས་མྱོང་པ་རེད་ཅེས། མཁས་དབང་མཛོད་ཚ་ཨ་བུ་དཀར་ལོ་ཚང་གིས་དངོས་སུ་ཐང་བའི་སྒྲུང་བ་ལས་ཐོས་མྱོང་ཚུལ་གསུངས་པ་ལྟ་བུའི་བཤད་རྒྱུན་གྱི་དཔྱད་སྣེ་དང་།

ཡིག་ཐོག་གི་དཔྱད་གཞི་ལ། སྤྱིར་ཡིག་ཐོག་ནས་གླིང་གེ་སར་སྐོར་ལ་དུས་རབས་བཅུ་གསུམ་པའི་ནང་ཡས་མས་ནས། ཀརྨ་པ་སྐུ་ཕྲེང་གཉིས་པའི་གསུང་སོགས་དཔྱད་གཞི་རྙེད་རྒྱུ་ཡོད་པ་དང་། ཁྱད་པར་དུ་སྒྲུང་གི་སྐོར་ལ་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་སྐབས་ཀྱི་གླིང་གེ་སར་ཞིབ་འཇུག་ཆེད་མཁས་པ། མགོ་ལོག་སྦྲ་སར་དཔོན་སྤྲུལ་དབང་ཆེན་སྟོབས་རྒྱལ་གྱི་གསུང་རྩོམ་དུ། དུས་རབས་བཅུ་གསུམ་པའི་འགོ་ཙམ་ལ་བུ་ལྷ་ནོར་བུས་རྫ་ཁོག་གི་ཕུག་པ་ཞིག་གི་ནང་ནས་སྔར་གླིང་གི་རྟ་རྒྱུག་གི་སྐབས་སུ་ཕན་ཚུན་ལ་བསྐུར་བའི་ཡི་གེ་ལྕགས་སྣོད་བཙའ་མ་ཞིག་གི་ནང་དུ་ཡོད་པ་རྙེད་པས། དེ་ལ་གཞི་བྱས་ནས་བྲིས་པའི་བུ་ལྷའི་རྟ་རྒྱུག་དང་། ཞེས་སྒྲུང་ཆེན་བུ་ལྷ་ཞེས་པས་དུས་ནམ་ཙམ་ལ། ཡུལ་གང་ཞིག་ནས། གླིང་གི་རྟོགས་བརྗོད་ཅི་ལྟ་བུ་ཞིག་གཏེར་དུ་བཞེས་པའི་སྐོར་གྱི་དཔྱད་གཞི་གསལ་བོར་བསྟན་འདུག་པ་དང་། གཞན་ཡང་གླིང་ཚང་རྒྱལ་ཁོངས་སུ་བཞུགས་པའི་དཔེ་རྙིང་། གླིང་བློན་འགྱུར་མེད་ཐུབ་བསྟན་གྱི་འཁྲུངས་གླིང་མེ་ཏོག་ར་བའི་མཛད་བྱང་དུ་འདི་ལྟར་གསལ་ཏེ། གེ་སར་སྐྱེས་བུ་ཆེན་པོའི་རྣམ་ཐར་ལོ་རྒྱུས་ལུགས་མི་འདྲ་བ་སྣ་ཚོགས་མཆིས་རུང་། འདི་ནི་འབུམ་པ་ཞལ་དཀར་གྱི་གདུང་རྒྱུད་བར་མ་ཆད་པ་མདོ་ཁམས་གླིང་དཀར་རྒྱལ་ཁབ་ཏུ་ཡབ་མེས་ཀྱི་སྐུ་རིང་སྔར་བཞུགས་དཔེ་རྙིང་ཁུངས་ཐུབ་ཞིག་སྣང་བ་དེས་བརྗོད་བྱའི་རྩ་བ་དང་། དེ་ལའང་མ་དག་པའི་བྲིས་སྐྱོན་ཞུགས་པ་སོགས་འགལ་འདུ་རིགས་དོར། ཕྱིས་སུ་བུ་ལྷ་ནོར་བུའི་འཁྲུངས་གླིང་དང་གཅིག་པར་སོང་གཤིས་དེ་དོན་ཚང་བར་བྱས། ཞེས་བུ་ལྷ་ནོར་བུ་ལ་འཁྲུངས་གླིང་གི་སྒྲུང་ཡོད་པ་གསལ་ཁ་བཏོད་འདུག་པ་དང་། གཞན་གླིང་བློན་ཁོང་གིས་བརྡ་གསང་ནོར་བུའི་མེ་ལོང་གི་དོན་འགྲེལ་དུ་ཡང་། ར་གུ་ཨ་མྱེའི་རྟ་རྒྱུག་དཔྱིད་ཀྱི་ཉི་མ་ལས་གཞན་པའི་རྟ་རྒྱུག་དཔེ་མི་འདྲ་བ་ལྔ་མཇལ་ཚུལ་གསལ་བ་སོགས་ལ་གཞིགས་ན། བུ་ལྷ་ནོར་བུ་ལ་འཁྲུངས་གླིང་ལས་གཞན་པའི་ད་དུང་རྟ་རྒྱུག་གི་རྟོགས་བརྗོད་ཀྱང་ཡོད་ལས་ཆེ་ཞིང་། སྟབས་ཅིག་ལ་གླིང་བློན་གྱིས་མཇལ་བའི་རྟ་རྒྱུག་གི་རྟོགས་བརྗོད་མི་འདྲ་བ་ལྔའི་གྲས་ཀྱི་རྟ་རྒྱུག་གཅིག། བུ་ལྷ་མཆོག་གིས་ཕབ་པའི་སྒྲུང་ཚན་ཞིག་ཡིན་ཡང་མི་ཆོག་པ་མི་འདུག་སྙམ། དེ་བཞིན་དུ་བུ་ལྷ་ནོར་བུ་མཆོག་གིས་ཕབ་པ་ཡིན་འདུག་སྙམ་པའི་མོན་གླིང་གཡུལ་འགྱེད་མཛད་བྱང་མི་འདྲ་བ་ཅན་གྱི་སྒྲུང་དཔེ་རྙིང་ཐག་ཆོད་པ་གསུམ་དང་། ཡང་སྟག་གཟིག་ནོར་རྫོང་ངམ་སྟག་གླིང་གཡུལ་འགྱེད་ཅེས་པའི་སྒྲུང་ཕབ་མཁན་ནི། བུ་ལྷ་ནོར་བུ་ཡིན་པར་མ་ཟད། མོན་གླིང་གི་སྨད་ཆ་ཡིན་ཟེར་བའི་བཤད་སྲོལ་འདུག་པ་ལྟུ་བུ། ངག་རྒྱུན་མི་འདྲ་བ་འགའ་ཡོད་པ་སོགས་ཀྱི་ངོས་ནས་བསམ་ན། བུ་ལྷའི་སྒྲུང་དཔེ་དེ་དག་གི་བསྡུས་དོན་ཁ་བྱང་རྣམས་ནི། རྫ་ཁོག་གི་གཏེར་གནས་ཤིག་ནས་རྙེད་པར་བཤད་པའི་ལྕགས་སྣོད་དེའི་ནང་བཞུགས་པ་དག་ཡིན་ཆོག་ཆོག་ཏུ་འདུག་ན། དུས་རབས་བཅུ་གསུམ་པའི་སྟོད་ནས་གླིང་སྒྲུང་ཡིག་ཐོག་ཏུ་དར་ཁྱབ་ཆེ་བའི་དཔྱད་སྒོ་ཁུངས་ཐུབ་ཏུ་འདུག་སྙམ་མོ། །

དེ་བཞིན་དུ་གླིང་གེ་སར་སྐོར་ཞིབ་འཇུག་ཆེད་མཁས་པ་སྒ་བློ་གྲོས་རྒྱ་མཚོས་མཛད་པའི་གཏམ་སེང་ཆེན་ཉི་མ་འདྲེན་པའི་སྐྱ་རེངས(༡༩༩༤ ལོའི་ཟླ་༨པར་བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་ནས་བསྐྲུན། ) ལས། གེ་སར་སྒྲུང་ཡིག་འདི་དག་ཕལ་ཆེ་བ་ནི་རབ་བྱུང་བཅུ་བཞི་བའི་སྤྱི་ལོ་༡༢༦༠རྗེས་ནས་རིམ་གྱིས་གྲུབ་པ་ཡིན་པས། ད་ལྟའི་བར་མི་ལོ་བདུན་རྒྱ་ལྷག་སོང་ཟིན། ཞེས་ཤོག་ངོས་ ༣༡ པར་བཤད་པ་ལྟར་ན། གོང་དུ་སྒྲུང་ཆེན་བུ་ལྷ་ནོར་བུས་དུས་རབས་བཅུ་གསུམ་པའི་མགོར་སྒྲུང་རྙེད་པར་བཤད་པ་དང་། རྗེས་མས་གེ་སར་སྒྲུང་དར་དུས། དུས་རབས་བཅུ་གཉིས་པའི་ལོ་རབས་དྲུག་ཅུ་ཡས་མས་སུ་བཤད་འདུག་པ་གཉིས་ལ། བར་ཁྱད་ལོ་ངོ་བཞི་བཅུ་ཡས་མས་ལས་ཧེ་བག་མི་འདུག་ཕྱིར་ཤིན་ཏུ་མཐུན་པོ་འདུག་པའི་ངོས་ནས་བསམ་ན། དེང་སང་དཔྱད་བརྗོད་པ་འགའ་རེས་གླིང་སྒྲུང་ནི་ཕལ་ཆེར་དུས་རབས་བཅུ་བདུན་པའི་ནང་དར་རྒྱས་བྱུང་བ་འདྲ་ཞེས་བཤད་ཀྱིན་འདུག་པ་དེ་ནི་འཕྱིས་དྲག་པ་གསལ་བོར་ཧ་གོ་ཐུབ་སྙམ།

གཞན་ཀོང་སྤྲུལ་ཡོན་ཏན་རྒྱ་མཚོའི་གཏེར་བརྒྱའི་རྣམ་ཐར་སོགས་སུ། ཧོར་གུར་སེར་རྒྱལ་པོའི་གདུང་རྒྱུད་དུ་རབ་བྱུང་༥བའི་ཤིང་གླང་སྟེ་སྤྱི་ལོ་༡༣༢༥་ལ་སྐུ་འཁྲུངས་པར་གསལ་བའི་སྔ་འགྱུར་རྙིང་མའི་གཏེར་སྟོན་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་ཕྲུ་ཅན་གྱི་ཞལ་ནས་ཀྱང་། བདུད་ཀྱི་བར་ཆད་སེལ་བའི་ཕྱིར། །ང་ཡིས་གེ་སར་རྣམ་ཐར་འབྲི། །ཞེས་པ་སོགས་གེ་སར་སྐོར་གྱི་གསུང་རྩོམ་འདུག་པའི་ཆ་ནས་ཀྱང་དུས་རབས་བཅུ་གསུམ་པའི་སྨད་དམ་བཅུ་བཞི་བའི་སྟོད་ནས་གེ་སར་གྱི་རྣམ་ཐར་ཡིག་ཐོག་ཏུ་ཡོད་པ་གསལ་བོ་ཡིན་པ་དང་།

ཡང་ད་ལྟ་ཡོངས་ཁྱབ་ཡིན་པའི་གླིང་སྒྲུང་སྟག་གཟིག་ནོར་འགྱེད་ཀྱི་སྒྲུང་དཔེའི་ངོས་ནས་བསམ་ན་ཡང་།

གཅིག། གླིང་སྒྲུང་གྲགས་ཆེན་སྟག་གཟིག་ནོར་རྫོང་གི་སྒྲུང་དཔེ་ལ་ཤིང་པར་མ་དང་། ལག་བྲིས་རྙིང་པ་འདྲ་མིན་སྣ་ཚོགས་མཆིས་ཀྱང་། སྒྲུང་གཏེར་ཉི་མ་རང་ཤར་གྱིས་ཕབ་པའི་ཏ་ཟིག་ནོར་བུའི་གཡང་རྫོང་ཟུར་དུ་ཕུད། གཞན་པའི་སྟག་གླིང་གཡུལ་འགྱེད་ཡོངས་རྫོགས་ལ་བྲིས་གཞིའི་ཁྱད་པར་ཙམ་མ་གཏོགས། སྒྲུང་གཞི་གཅིག་ཡིན་པ་གསལ་བོ་ཡིན་ན་ཡང་། པར་མ་སོགས་ཕལ་ཆེ་བར་མཛད་བྱང་མི་མངོན་པར་གྱུར་འདུག་པ་དང་། ལག་བྲིས་མ་ཚོར་ཡིག་མཁན་ཚོས་མཛད་བྱང་གང་འདོད་རེས་བསླད་ཡོད་ན་ཡང་། གོང་དུ་བཤད་པ་ལྟར། སྒྲུང་ཆེན་བུ་ལྷ་ནོར་བུས་ཕབ་པ་ཡིན་ཚུལ་གསལ་བའི་མཛད་བྱང་ཅན་གྱི་སྟག་གཟིག་ནོར་རྫོང་ལག་བྲིས་ཤིན་ཏུ་དཔེ་རྙིང་རྩ་ཆེན་པོ། འཛམ་གླིང་སེང་ཆེན་རྒྱལ་པོའི་རྣམ་ཐར་སྟག་གཟིག་རྒྱལ་པོ་འབངས་འཁོར་དབང་དུ་བསྡུས་ཤིང་ནོར་རྫོང་ཕབ་པའི་ལོ་རྒྱུས་སྔོན་མེད་གཏམ་བསྐོར་དགའ་སྟོན་སྙིང་པོ་བཞུགས་སོ། །

ཞེས་པ་བོད་ལྗོངས་པར་མ་དང་ཆ་འདྲ་བ་ཞིག ། ༢༠༡༧ ལོའི་ཟླ་༡༢པའི་ཚེས་༡༨ཉིན་ཕྲན་གྱིས་གསར་དུ་མཇལ་བ་དེའི་མཛད་བྱང་དུ།

 

ཨེ་མ་དེ་ལྟའི་ཐུགས་རྗེ་བཀའ་དྲིན་ནི། །སྲིད་གསུམ་འདི་བར་གཞལ་བའི་སྣོད་དུ་ཆུང་། །བཀའ་དྲིན་གཞལ་མེད་ཕན་བདེའི་གཞི་རྩ་མཆོག །དགྲ་བླའི་རྒྱལ་པོས་རྟགས་[རྟག]ཏུ་སྲུང་བར་ཤོག ། ཅེས་འཛམ་གླིང་ཡོངས་ཀྱི་སྐྱབས་མགོན་ནག་ཕྱོགས་བདུད་རིགས་ཀྱི་རྩ་སྡེ་དང་བཅས་རྨིང་མེད་གཞོམ་པར་མཛད་པས་གེ་སར་དགྲ་བླའི་རྒྱལ་པོ་དེ་ཉིད་ཀྱིས་སྟག་གཟིག་རྒྱལ་པོ་འབངས་འཁོར་དབང་དུ་བསྡུས་ཤིང་ནོར་གྱི་རྫོང་ཆེན་ཕབ་པའི་རྟོག་[རྟོགས་]བརྗོད་གཏམ་གསར་དཔའ་བོ་[བོའི]སྙིང་གི་དགའ་སྟོན་ཅེས་[ཞེས]བྱ་བ་འདི་ནི་སྔ་ན་མེད་པ། ཕྱིས་སུ་ངོམ་ལྷ་གདོང་དཀར་པོའི་མི་རྒྱུད་རིགས་སུ་ཆེར་འཕྲངས་ཤིན་ཏུ་བཟང་བར་མ་ཟད། ཁྱད་པར་སྐྱེས་བུ་མཆོག་ལ་མི་ཕྱེད་པའི་དད་པ་བརྟན་པོར་ཐོབ་པའི་སྐྱེས་བུ་དཔའ་བོ་བུ་ལྷ་ནོར་བུ་ལ་དག་ནང་[སྣང་]དུ་ཤར་བཞིན། ཡུལ་ལྷ་ཀླུ་རྒྱལ་སྤོར་མཐའི་འདབས་ཞོལ། སྐྱོ་ཐོག་སྤུང་སྒྲུང་དཔེ་གཞན་ཞིག་ཏུ། སྐྱོ་ཐོག་སྤེན་དཀར། ཞེས་བྲིས་ཡོད་སྣང་ཡང་འདུག་པས་དཔྱད། དཀར་གླིང་དུ་སུག་བྲིས་བགྱིས་པར་དགེ་ལེགས་འཕེལ། མངྒ་ལཾ། ཞེས་སོགས་བཀོད་འདུག་པས་ཤེས་ནུས་པ་དང་། 

གཉིས། པར་གཞི་དང་བྲིས་གཞི་མི་འདྲ་བ་བཅུ་ཕྲག་འགའ་མཇལ་རྒྱུ་འདུག་པའི་སྒྲུང་རྙིང་། སྟག་གཟིག་ནོར་འགྱེད་ཀྱི་རྟོགས་བརྗོད་ཕྱོགས་ནས་བསམ་ན་ཡང་། རྟོགས་བརྗོད་དེ་རྫོགས་ཆེན་སྐུ་ཕྲེང་དང་པོ་པདྨ་རིག་འཛིན་གྱིས་བསྡུ་བསྒྲིགས་མཛད་ཚུལ་ཡོངས་ཁྱབ་ཡིན་པར་མ་ཟད། ལྷ་སའི་ཤིང་པར་རྙིང་པས་བདེན་དཔང་ཡང་ཡོད་ལ། རྫོགས་ཆེན་པདྨ་རིག་འཛིན་མཆོག་ནི་ཁམས་རི་བོ་ཆེའི་ཕྱོགས་སུ་བོད་རབ་བྱུང་བཅུ་བའི་ཤིང་གླང་སྟེ། སྤྱི་ལོ་ ༡༦༢༥ ལ་འཁྲུངས་པར་གསལ་བ་དང་། སྟག་གཟིག་ནོར་འགྱེད་ཀྱི་རྟོགས་བརྗོད་དེ་བྱུང་རིམ་ནི། སྟག་གཟིག་ནོར་རྫོང་ཕབ་རྗེས་ཀྱི་ཡིན་དགོས་པ་ནི་གླིང་སྒྲུང་ལ་རྒྱུས་མངའ་ཕྱོགས་ཙམ་ཡོད་མཁན་ཞིག་ཡིན་ཕྱིན་ཐག་ཆོད་སླ་ཞིང་། ནོར་འགྱེད་བསྡུ་བསྒྲིགས་མཛད་པའི་སྐབས་དེར། ནོར་རྫོང་དང་ནོར་འགྱེད་ཀྱི་རྟོགས་བརྗོད་གཉིས་ཀ་བོད་དམངས་ཁྲོད་དུ་ཡིག་ངག་གཉིས་ཐོག་ཏུ་ས་ཁྱབ་རྡོ་ཁྱབ་ཡིན་པ་གསལ་བོར་རྟོགས་ཐུབ་པར་མ་ཟད། ནོར་འགྱེད་ཀྱི་སྒྲུང་གཞི་ཡང་སྒྲུང་ཆེན་བུ་ལྷ་མཆོག་གིས་བྲིས་པ་འམ་ཡང་ན་བཤད་པའི་སྟག་གཟིག་ནོར་རྫོང་གི་ངག་རྒྱུན་ཞིག་ལ་གཞི་བཅོལ་བ་ངེས་པར་དུ་ཡིན་དགོས་སྙམ། གལ་སྲིད་སྐབས་དེར་ནོར་རྫོང་དང་ནོར་འགྱེད་ཀྱི་གཞི་ཙམ་ཡང་སྤྱི་ཚོགས་ཁྲོད་ཁྱབ་མེད་ཕྱིན། དུས་སྐབས་དེར་རྫོགས་ཆེན་པདྨ་རིག་འཛིན་ཚང་གིས་གསར་དུ་བརྩམས་སམ་ཡང་ན་ཕབ་ཅེས་པའི་མཛད་བྱང་ཐོན་དགོས་པ་ལས། བསྡུ་བསྒྲིགས་ཞེས་པའི་ཚིག་ཐོན་དགོས་ཚུལ་མེད་པ་ཤེས་སླ་བ་དང་། རྫོགས་སྤྲུལ་ཚང་གིས་ནོར་འགྱེད་བསྡུ་བསྒྲིགས་མཛད་ནས་ད་བར་དུ་མ་མཐའ་ཡང་ལོ་ངོ་ག་ཙམ་འདས་ཡོད་དགོས་པ་སོགས་ཀྱི་ངོས་ནས་བསམ་ན། གླིང་སྒྲུང་དུས་རབས་བཅུ་བདུན་པའི་ནང་དུ་དར་ཁྱབ་བྱུང་བ་རེད་ཟེར་ནས་སྡོམ་ཚིག་འགོད་མཁན་རྣམས་ནི་དུས་རབས་ག་ཚོད་ཀྱིས་འཕྱིས་འདུག་པ་བཤད་མི་དགོས་པ་གསལ་བོ་གསལ་རྐྱང་རེད།

འོ་ན། གླིང་སྒྲུང་དུས་ནམ་ཚོད་ཅིག་ལ་དར་རམ་ཞེ་ན། གོང་བཤད་ལྟར་ངག་རྒྱུན་དུ་ཧོར་གླིང་གཉིས་གཡུལ་འཁྲུག་སྐོར་གྱི་རྩ་ཟིན་གླིང་གི་མཁའ་འགྲོ་ནེའུ་ཆུང་མ་དང་། ཧོར་གྱི་སྟོང་ཉིད་མགར་བཟས་བྲིས་པར་བཤད་པ་ལྟར་ན། ད་ལྟའི་ལོ་རྒྱུས་སྙན་རྩོམ་རིང་མོ་འམ་རྟོགས་བརྗོད་སྒྲུང་གཏམ་རིང་མོ་འདིའི་རྩ་བའི་མ་ཕྱི་ནི་ལོ་རྒྱུས་དངོས་བྲིས་ཡིན་ངེས་ལ། དུས་རབས་བཅུ་གཅིག་པའི་སྨད་ཡས་མས་ནས་དར་ཡོད་པར་བཤད་དགོས་པ་དང་། དེ་ནས་རིམ་གྱིས་བསྟོད་སྒྲུང་གི་ལམ་ཁར་ཕྱོགས་པའི་དུས་ཚོད་ནི། དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུའི་ནང་གི་དཔྱད་བརྗོད་པའི་གསུང་རྩོམ་དུ། དུས་རབས་བཅུ་གསུམ་པའི་སྟོད་ཡས་མས་སུ་བྱུང་ཚུལ་གསལ་བ་ལྟར། རང་ཉིད་གླིང་གི་ནེའུ་ཆུང་ལྷ་མོའི་སྤྲུལ་བར་ཡིན་པར་ཞལ་གྱིས་བཞེས་པར་བཤད་པའི་སྒྲུང་ཆེན་བུ་ལྷ་ནོར་བུས་སྔར་གྱི་སྒྲུང་རྙིང་དང་རང་གིས་ཕབ་པའི་རྟོགས་བརྗོད་དར་སྤེལ་མཛད་པའི་སྐོར་དང་། དུས་རབས་བཅུ་བཞི་བའི་སྟོད་དུ་རིག་འཛིན་ཆེན་པོ་རྒོད་ཀྱི་ལྡེམ་འཕྲུ་ཅན་གྱིས་གླིང་གེ་སར་གྱི་རྣམ་ཐར་འབྲི་རྒྱུ་ཞལ་གྱིས་བཞེས་འདུག་པ་སོགས་ཀྱིས་ཤེས་ནུས་ལ། དེ་བཞིན་དུ་དུས་རབས་བཅུ་བདུན་པའི་ནང་དུ་རྫོགས་ཆེན་པདྨ་རིག་འཛིན་གྱིས་གླིང་སྒྲུང་སྟག་གཟིག་ནོར་འགྱེད་བསྡུ་བསྒྲིགས་མཛད་སྐབས། སྟག་གཟིག་ནོར་རྫོང་ཞེས་པའི་སྒྲུང་དཔེ་ཡོངས་ཁྱབ་ཡིན་པར་མ་ཟད། ནོར་འགྱེད་སྐོར་གྱི་ཡིག་ཆ་ཐར་ཐོར་དང་། བཤད་རྒྱུན་སྣ་ཚོགས་ཡོད་ཚུལ་གོ་ནུས་པ་སོགས་གོང་བསྒྲིགས་ནས་བསམ་ན། དུས་རབས་བཅུ་གསུམ་པའི་སྟོད་ཙམ་ནས་བོད་ཁམས་སུ་གླིང་གེ་སར་སྒྲུང་ངམ་རྟོགས་བརྗོད་ཡོངས་ཁྱབ་ཏུ་དར་ཡོད་པའི་བདེན་དཔང་གསལ་ལྷང་ངེ་ཡིན་ཚུལ་ཐག་ཆོད་པོས་སྨྲ་ནུས་སྙམ་ཡོད་དོ། །ཞེས་སྨིན་དབུས་ཨ་དཀར་པོས་༢༠༡༧-༡༢- ༢༥ ཉིན། གླིང་གེ་སར་ཚང་འཕྲིན་ཚོགས་ལ་དྲིས་ལན་དུ་བྲིས་པའི་གཞི་ལ་ཅུང་ཙམ་སྣོན་འབྲི་བྱས་ཏེ། སླར་སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་ནས་དཔྱད་གཞི་ཙམ་དུ་ཕུལ་བ་དགེ།

  


ཀློག་གྲངས།:[439]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com