
ཨོཾ་བདེ་ལེགས་སུ་གྱུར་ཅིག །རྣམ་པ་མི་ཡིན་གླིང་དཀར་སྤྱི་རྗེ་ཆེ།
།ངོ་བོ་ལྷ་ཡིན་རིགས་གསུམ་སྒྱུ་འཕྲུལ་ཆེ།
།མཛད་པ་རྣམ་ཐར་འཛམ་བུ་གླིང་ན་ཆེ།
།ཆེ་མཆོག་སེང་ཆེན་སྐྱེས་བུའི་འཁྲུངས་སྐར་བསུ།
།རིགས་ནི་བོད་ཡིན་རུས་ནི་སྨུག་པོ་གདོང་།
།ཡུལ་ནི་གླིང་ཡིན་འབངས་ནི་ཚོ་དྲུག་སྡེ།
།སྟོབས་ནི་རབ་རྫོགས་ལས་ནི་དཀར་ཕྱོགས་སྐྱོང་།
།གླིང་རྗེ་གེ་སར་རྒྱལ་པོའི་འཁྲུངས་སྐར་བསུ།
།སྐུ་ནི་འཇིགས་མེད་རྡོ་རྗེའི་དཔའ་རྫོང་བཙན།
།གསུང་ནི་འགག་མེད་ཨ་ལའི་ཚངས་དབྱངས་སྙན།
།ཐུགས་ནི་གཡོ་མེད་ཀུན་ཁྱབ་འགྲོ་ལ་བརྩེ།
།རྡོ་རྗེ་ཚེ་ཡི་རྒྱལ་པོའི་འཁྲུངས་སྐར་བསུ།
།ཕྱི་ཡི་རྣམ་ཐར་དགྲ་འདུལ་གཉེན་སྐྱོང་ཚུལ།
།ནང་གི་རྣམ་ཐར་སྣ་ཚོགས་གར་ལ་མཁས།
།གསང་བའི་རྣམ་ཐར་འཁོར་འདས་དབང་སྒྱུར་རྩལ།
།དོན་གྲུབ་དགྲ་བླའི་རྒྱལ་པོའི་འཁྲུངས་སྐར་བསུ།
།འགྲས་ན་དྲག་གཏུམ་དུས་མཐའི་མེ་ཡི་དབལ།
།བཏུད་ན་ཞི་བསིལ་ཀུན་ཕན་བདུད་རྩིའི་སྨན།
།རྦད་ན་རབ་མྱུར་མཆོད་ན་ཀུན་ཏུ་མགོན།
།ནོར་བུ་དགྲ་འདུལ་མཆོག་གི་འཁྲུངས་སྐར་བསུ།
།དོན་གྱི་ལོ་རྒྱུས་བསིལ་ལྡན་ལྗོངས་ནས་འབུས།
།ངོ་མཚར་རྟོགས་བརྗོད་འཛམ་བུ་གླིང་ལ་འཕུར།
།བྱིན་རླབས་དངོས་གྲུབ་ལས་འཕྲོ་ཅན་ལ་ཐོབ།
།བཀྲ་ཤིས་སྣང་བ་དཀར་པོས་ས་གསུམ་ཁྱབ།
།ཅེས་སྤྲུལ་སྐུ་ལྷ་བཟང་མཆོག་གིས་སྨྲར་ལྕགས་རུ་ཐང་དམངས་ཁྲོད་གེ་སར་སྒྱུ་རྩལ་ཚོགས་པ་དང་།
མདོ་གོང་མ་གསབ་སྦྱོང་འཛིན་གྲྭ་གཉིས་ཀྱིས་གླིང་རྗེ་འཁྲུངས་སྐར་བསུ་བ་ལ་ཚིག་ཅིག་འབྲི་རོགས་ཞེས་པའི་གསུང་ངོ་མ་ལྡོག་སྟེ་བཀྲ་ཤིས་པའི་རྫས་སུ་སྨིན་དབུས་ཨ་དཀར་པོས་རབ་གནས་ས་ཁྱི་ལོའི་རྒྱལ་ཟླའི་ཚེས་བཟང་ལ་ཕུལ།
གླིང་འགུ་ཟིའི་ལྷ་འབངས་དཀར་པོས་གླིང་རྗེ་མཆོག་གི་འཁྲུངས་སྐར་བསུས་པའི་རྣམ་པ།

མགོ་ལོག་པདྨའི་མདོ་གོང་མའི་གསབ་སྦྱོང་འཛིན་གྲྭས་གླིང་གེ་སར་གྱི་འཁྲུངས་སྐར་ལ་རོལ་བའི་རྣམ་པ།

མགོ་ལོག་དགའ་བདེ་ནས་ཤ་ཤིང་གེ་སར་རྣམ་ཐར་ཟློས་གར་ཚོགས་པས་རྩ་འཛུགས་བྱས་ཏེ་གླིང་རྗེའི་འཁྲུངས་སྐར་བསུས་པ།

མཚོ་སྔོན་ཁྲི་ཀ་ནས་མཚོ་ལྷོ་ཁུལ་གེ་སར་རིག་གནས་མཐུན་ཚོགས་ཀྱིས་རྩ་འཛུགས་བྱས་ཏེ་གླིང་རྗེའི་འཁྲུངས་སྐར་བསུས་པ།
མགོ་ལོག་པདྨའི་ལྕགས་རུ་ཐང་དམངས་ཁྲོད་གེ་སར་སྒྱུ་རྩལ་ཚོགས་པས་གླིང་རྗེ་འཁྲུངས་སྐར་རོལ་བའི་ཚུལ།

བོད་ལྗོངས་འཇོ་མདའ་ནས་མདོ་གཞུང་ནོར་བུ་དོན་འགྲུབ་སོགས་ཀྱིས་གླིང་རྗེ་འཁྲུངས་སྐར་ལ་བརྩི་མཐོང་་མཛད་ཚུལ།
མགོ་ལོག་གཅིག་སྒྲིལ་སྨིན་ཐང་ནས་དགུན་གྱི་གསབ་སྦྱོང་འཛིན་གྲྭས་གླིང་རྗེ་འཁྲུངས་སྐར་བསུས་ཚུལ།
སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གིས་གླིང་གེ་སར་གྱི་འཁྲུངས་སྐར་ལ་བརྩི་མཐོང་མཛད་ཚུལ།
མགོ་ལོག་སྐུ་མཁར་སེང་འབྲུག་སྟག་རྩེའི་སློབ་གླིང་ནས་གླིང་སྤྲུལ་ཀུན་བཟང་རྒྱལ་མཚན་སོགས་ཀྱིས་གླིང་རྗེ་འཁྲུངས་སྐར་ལ་གླིང་གེ་སར་
གྱི་མཚན་གཟུངས་དུང་རྡོ་ཆེན་མོ་ཁྲི་གསོལ་དགེ་ལས་ཀྱིས་གླིང་རྗེ་འཁྲུངས་སྐར་ལ་མཐོང་ཆེན་མཛད་ཚུལ།
སྨོན་ཚིག་རྡོ་རྗེའི་རྒྱ་མདུད།
འཇིགས་མེད་ཕྱོགས་ལས་ཀུན་རྒྱལ་གསང་བའི་བདག །སྒྲིབ་མེད་ཕུན་ཚོགས་ཀུན་གཟིགས་འཇམ་པའི་དབྱངས།
།ཕྱོགས་མེད་བརྩེ་ཆེན་ཀུན་ཁྱབ་སྤྱན་རས་གཟིགས།
།འགྲན་མེད་རིགས་གསུམ་ཀུན་འདུས་སེང་ཆེན་རྒྱལ།
།འགྲོ་མགོན་པདྨ་རྒྱལ་པོའི་ཐུགས་ཀྱི་སྲས།
།གང་གི་རིག་སྔགས་ཕན་བདེ་འབྱུང་བའི་གནས།
།རྨ་ཡུལ་གེ་སར་མཚན་གཟུངས་དུང་རྡོ་ཆེ། །དུས་ངན་འཇིགས་པ་ཀུན་སྐྱོབ་རྒྱལ་གྱུར་ཅིག །གླིང་སྤྲུལ་འཇིགས་མེད་ཀུན་བཟང་རྒྱལ་མཚན་གྱིས།
།མ་འོངས་བསྟན་འགྲོའི་འཇིག་ཉེན་ལ་དགོངས་ནས།
།ཟླ་མེད་ཐུགས་བསྐྱེད་རྡོ་རྗེའི་གོ་བགོས་ཏེ།
།གླིང་རྗེའི་མཚན་གཟུངས་བཞེངས་འདི་རིམ་གྲོའི་མཆོག
།སྙིགས་མ་ལས་ཀྱང་ཆེས་ཆེར་སྙིགས་གྱུར་ནས།
།བསྟན་འགྲོའི་བདེ་སྐྱིད་ཆུ་ལྷར་ཕྱོགས་པའི་སྐབས།
།སྐྱོབ་པའི་མཐུ་ལྡན་སྐྱེས་མཆོག་གེ་སར་གྱི།
།ཐུགས་དམ་བསྐུལ་བའི་ཐབས་འདི་དུས་ལ་བབས།
།བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་ཀུན།
།འདུས་པའི་བདག་ཉིད་གླིང་རྗེ་གེ་སར་གྱི།
།མཚན་སྔགས་འགྱུར་མེད་རྡོ་ལ་བརྐོས་པ་ནི།
།དཀར་ཕྱོགས་རྒྱལ་བྱེད་ས་བཅུད་ཡུལ་རྟེན་མཆོག
།འཇིགས་པ་ཀུན་སྐྱོབ་རྡོ་རྗེའི་དུས་གཟེར་འདི།
།འཛམ་གླིང་སྤྱི་དང་ཁྱད་པར་གངས་ཅན་གྱི།
།བསྟན་དང་འགྲོ་བའི་བདེ་སྐྱིད་ལ་གཟན་པའི།
།མི་བསྲུན་བདུད་སྡེའི་གཉའ་ཤིང་བརྟན་པོར་བསྔགས།
།འདི་ཡི་རྣམ་པ་དཀར་པོའི་འཕྲིན་ལས་ཀྱིས།
།རྒྱལ་ཁམས་བདེ་ཞིང་ཕུན་ཚོགས་སྡེ་བཞི་དར།
།བསྟན་པ་གནས་ཤིང་བསྟན་འཛིན་ཞབས་པད་བརྟན།
།བསྐལ་བཟང་དུས་སྟོན་མགྲོན་དུ་ཁུག་པར་ཤོག
།ལྔ་བདོའི་རང་རྟགས་མངོན་པའི་མུན་དཔུང་གིས།
།འགྲོ་བློའི་རྣམ་དཀར་སྣང་བ་སྒྲིབ་ཉེ་དུས།
།འཇིགས་སྐྱོབ་ལྷ་ཡི་མཚན་མཆོག་བསྐལ་བའི་མེས།
།མི་མཐུན་རབ་བཅོམ་ཤིས་སྣང་སྦར་གྱུར་ཅིག
།འདི་ལ་འབྲེལ་བ་ཐོགས་པའི་སེམས་ཅན་ཀུན།
།ཚེ་འདིར་ནད་མེད་བདེ་དགའི་འཚོ་བར་དབང་།
།ཕྱི་མ་མཁའ་སྤྱོད་བདེ་ཆེན་ཞིང་ཁམས་སུ།
།སྐྱེས་ཏེ་ཕྱིར་མི་ལྡོག་པའི་ས་འཐོབ་ཤོག
།
ཅེས་རྨ་ཡུལ་གེ་སར་དུང་རྡོ་དུས་ངན་འཇིག་པ་ཀུན་སྐྱོབ་བཞེངས་སྐྲུན་ལ་སྨོན་ཚིག་ཅིག་གི་ཚབ་ཏུ་གླིང་རྗེ་རྒྱལ་བློན་གྱི་མངའ་འབངས་སུ་རློམ་པའི་དམན་བུ་འཇིགས་མེད་བརྩེ་ལྡན་རྡོ་རྗེ་འམ་སྨིན་དབུས་ཨ་དཀར་མིང་དེས།
བོད་རབ་གནས་ས་ཁྱི་ལོའི་རྒྱལ་ཟླ་བའི་ཚེས་ཆེན་༡༥གླིང་རྗེ་གེ་སར་སྐྱེས་བུའི་འཁྲུངས་སྐར་ལ་དམིགས་ནས་ཕུལ་བ་དགེའོ།
།