

གླིང་རྗེ་གེ་སར་གྱི་རྟོགས་པ་བརྗོད་པའི་སྒྲུང་རྙིང་སྐོར་གྱི་ཚིག་མཛོད་ཚོད་ལྟ་འདི་ཉིད། ཕྲན་གྱིས་བོད་ཀྱི་གླིང་སྒྲུང་གི་འཕེལ་རྒུད་གནས་བབ་ལ་ཡང་ཡང་གཞིགས་མཐར། དུས་རབས་ཀྱི་འགྱུར་བ་དང་འགྲོགས་གླིང་སྒྲུང་གསར་དར་ཕལ་ཆེར་གྱི་མིང་བརྡ་ཐ་སྙད་བཀོལ་སྟངས་ཀྱི་ཆ་ལ། གླིང་སྒྲུང་རྙིང་བའི་སྒྲིག་གཞི་དང་བསྡུར་ན། མི་རྟའི་མིང་དང་། དཔའ་བོའི་སྣང་བརྙན། གཏམ་དཔེའི་བཀོལ་སྟངས་སོགས་ཀྱི་ཐད་ནས་འགྱུར་བ་སྣ་ཚོགས་འགྲོ་བཞིན་པའི་གནས་ཚུལ་འདུག་པ་ལ་དམིགས་ཏེ། གླིང་གེ་སར་རྣམ་སྒྲུང་གི་རྩ་བའི་སྒྲོམ་གཞི་སྲ་བརྟན་ཡོང་ཆེད་སྤྱི་ལོའི་དུས་རབས་ཉི་ཤུ་བའི་དཀྱིལ་ཡན་དུ་དར་བའི་གླིང་སྒྲུང་རྟོགས་བརྗོད་གྲགས་ཤོས་སྐོར་གྱི་ནང་དུ་གསལ་བའི་མི་རྟ་དང་། མཁར་རྫོང་། ས་གནས། གོ་མཚོན་སོགས་ཀྱི་མིང་གང་ཟིན་རེར་གསལ་བཤད་ཕྱོགས་བསྒྲིགས་བྱེད་ཐུབ་ན། མིང་དུ་གྲགས་པའི་དཔའ་བོའི་མི་སྣ་གླིང་རྗེའི་གེ་སར་སྐྱེས་བུའི་རྟོགས་བརྗོད་དང་ལོ་རྒྱུས་སྙན་རྩོམ་རིང་མོའི་འབྱུང་འགྱུར་ལ་ཕན་དུ་རེ་ནས། ༢༠༡༤ལོར་ཤར་རྨ་རྒྱལ་གངས་ཀྱི་རི་བོ་ཉེ་འདབས་ནས་མགོ་བརྩམས། མིང་ཚིག་རྣམས་གསལ་བྱེད་སུམ་ཅུའི་གོ་རིམ་ལྟར་བསྒྲིག་འདོད་ཀྱི་འཆར་གཞིའི་སྒོ་ནས་གླིང་སྒྲུང་རྙིང་པའི་མིང་ཚིག་འགའ་ལ་རང་བློས་ནུས་ཚོད་ཀྱིས་འགྲེལ་བཤད་རིང་ཐུང་ཅི་རིག་བྱེད་ཁུལ་བྱས་པར་མ་ཟད། མུ་ནས་མུ་རུ་ཁ་སྣོན་དང་ལེགས་བཅོས་བྱེད་རྒྱུ་ལག་ཏུ་བླངས་ཤིང་། བྲིས་ཟིན་པ་རྣམས་ཡར་མར་གྱི་གླིང་སྒྲུང་པ་གྲགས་ཅན་འགའ་དང་། མིང་ཚིག་གི་མཛོད་གཉེར་ལ་ཆེད་དུ་མཁས་པ་རྣམས་ལ་དགོངས་སྐོར་གཟིགས་འབུལ་ཡང་ཡང་བྱས་པའི་ཁྲོད་ནས་ད་ལྟ་ཚོད་ལྟའི་གཞི་ཙམ་གྲུབ་པ་འདི་ནི། རྩ་བའི་བླ་མ་དང་རྣམ་དབྱེར་མ་མཆིས་པའི་གླིང་རྗེ་སྐྱེས་བུ་ཆེན་པོའི་ཐུགས་རྗེ་བྱིན་རླབས་དང་། ཚིག་མཛོད་འདི་ཉེར་འདོད་ལ་བསམ་བློས་རྒྱབ་སྐྱོར་བླ་མེད་གནང་མཁན་གྱི་དབུ་ཁྲིད་རྒན་པ་ཡང་གླིང་རྡོ་རྗེ་སོགས་ཀྱི་གཙོས། བོད་ཀྱི་སྒྲུང་ཆེན་ཐ་གའི་ཟླ་བ་གྲགས་པ་དང་། དུར་བུད་སྒྲུང་གཏེར་གུ་རུ་རྒྱལ་མཚན་སོགས་གུས་པར་འོས་པའི་མི་སྣ་བློས་ཐུབ་རྣམ་པ་དང་། དེ་ལས་ཀྱང་ཚིག་མཛོད་འདི་བསྒྲིགས་བྲིས་ཀྱི་རྒྱུད་རིམ་ཁྲོད་རྟེན་འབྲེལ་དཀར་པོའི་སྣང་བ་སྩོལ་མཁན་རྣམ་གཉིས་དང་། རྒྱང་རིང་ཐུང་གཉིས་ནས་ཤ་ཚ་སྙིང་ཉེས་མཐུན་གྲོགས་རོགས་ལྡན་མཛད་མཁན་གྱི་ཕུ་ནུ་མིང་སྲིང་གྲོགས་པོ་གྲོགས་མོ་ཁྱེད་རྣམ་པའི་བཀའ་དྲིན་ཁོ་ན་ལས་བྱུང་བ་ཡིན་པས། ད་ལྟ་ཕྲན་གྱིས་གླིང་རྗེ་གེ་སར་སྐྱེས་བུའི་རྣམ་ཐར་རྟོགས་བརྗོད་ལ་བཅངས་པའི་བརྩེ་དུང་གི་འབྲས་རྟགས་སུ་སྨིན་པའི་ཚོད་ལྟའི་དཔེ་གཞི་འདི་གྲུབ་པའི་རྟེན་འབྲེལ་དཀར་པོའི་ལེགས་ཕྱོགས་དང་བསྟུན་ཏེ། ཁྱེད་རྣམ་པར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་དང་ལྷན་དུ། ཁྱེད་རྣམ་པར་བཀའ་དྲིན་གསོ་ཆེད་དང་། གླིང་རྗེ་གེ་སར་རྣམ་ཐར་གྱི་ལས་ཀར་དགའ་དུང་ཟབ་མཁན་ཚོར་ལེགས་པའི་སྐྱེས་ཤིག་གི་དོད་དུ་ནུས་པ་ཡོད་དགུས་ལེགས་བཅོས་དག་བསྒྲིགས་དང་། ནན་གྱིས་བསྐྱར་ཞིབ་བཅས་པར་སྐྲུན་སྤྱན་གཟིགས་སུ་འབུལ་ཐུབ་པའི་སྨོན་འདུན་དཀར་པོ་དང་བརྩོན་པ་ལྷུར་ལེན་བྱ་རྒྱུ་ཡིན་པས། རྣམ་པ་ཚོས་ད་དུང་སྔར་མུས་བཞིན་ཐུགས་སྨོན་མཐུན་སྦྱོར་གནང་བར་རེ་སྐུལ་དང་། ལྷག་པར་དུ་རབ་འབྱམས་རྩ་བ་གསུམ་གྱི་འཕྲིན་ལས་ནུས་སྟོབས་འདུས་པའི་བདག་ཉིད་གཅིག་པུ་གླིང་རྗེ་དོན་གྲུབ་ཝེར་མ་དཀར་པོའི་ཐུགས་སྲུང་བ་རྡོ་རྗེའི་ར་བ་ལས་མི་འདའ་བར་འཕྲིན་ལས་བཅོལ་བཞིན་སྒྲུང་དགའ་བ་སྨིན་དབུས་ཨ་དཀར་མིང་དེས་རྡོ་རྗེ་ཉི་མ་སྣང་བ་ཆེན་པོའི་དཔལ། ཞེས་པ་ལྟར་རེས་གཟའ་ཉི་མའི་ཉི་ཤར་ལ་རྟེན་འབྲེལ་ཞིག་གི་རྫས་སུ་སྤེལ་བ་དགེ།

བྱ་བ་ཕལ་ཆེར་མ་གྲུབ་བར། །
སྔོན་དུ་ཁ་ཕོ་མི་མཛའ་མོད། །
འགའ་ཞིག་རྟེན་འབྱུང་གིས་བསྐུལ་ན། །
བསྒྲགས་ཀྱང་མཐུན་རྐྱེན་ཉིད་དུ་འགྲོ། །