༄༅།
།གེ་སར་གྱི་ཕྱིང་ཞྭ་ཟླ་བའི་མདངས་ལྡན་གྱི་ལོ་རྒྱུས་བཞུགས།

ཨ་འཁྲོ་བསྟན་པའི་རྒྱལ་མཚན།
རིགས་གསུམ་སེམས་དཔའི་སྤྲུལ་པའི་སྐུ།
།པདྨའི་ཕོ་ཉ་བདུད་ཀྱི་གཤེད། །ཚད་མེད་ཐུགས་རྗེ་མངའ་བའི་རྗེའི།
།ཕྱིང་ཞྭ་ཟླ་བའི་མདངས་ལྡན་གྱི། །ལོ་རྒྱུས་ཅུང་ཟད་བསྙད་བྱས་ན།
།རྟ་མགྲིན་ཟློས་གར་གེ་ཐུང་ལ། །སྟག་ལྷས་ལུང་བསྟན་ཇི་བཞིན་དུ།
།ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ། །འདན་གྱི་རག་བཟའ་གསེར་མཚོ་དེས།
།གཡང་མོ་ལུག་གི་བལ་འཇམ་ལས། །ཕྱིང་དཀར་སྤུས་ལྡན་ལེགས་པར་གྲུབ།
།དེ་ནས་གེ་ཐུང་རྒྱལ་པོ་དེས། །སྟག་ཟླའི་ཚེས་པ་བཅོ་ལྔའི་ཉིན།
།ཐོ་རེངས་ཞྭ་བཟོས་ཉིན་གུང་གྲུབ། །ཞྭ་མཆོད་ཕུལ་ནས་འདི་སྐད་གསུངས།
།གཡང་མོ་ལུག་གི་བལ་ལས་བཟོས། །རྨ་གཡང་འགུག་པའི་རྟེན་འབྲེལ་ཡིན། །ཞྭ་འདབ་ཟླུམ་པོ་བྱས་པ་འདིས།
།ཞི་བའི་ལས་ཀུན་འགྲུབ་པ་མཚོན། །ཞྭ་ནང་གྲུ་བཞི་བྱས་པ་འདིས།
།རྒྱས་པའི་ལས་རྣམས་འགྲུབ་པ་མཚོན། །སོག་ཁ་དྲས་ཤིང་དྲུབ་པ་འདིས།
།དབང་གི་ལས་ཀུན་འགྲུབ་པ་མཚོན། །ཞྭ་རྩེ་གྲུ་གསུམ་བྱས་པ་འདིས།
།དྲག་པོའི་ལས་རྣམས་འགྲུབ་པ་མཚོན། །རྩེ་ལ་ཛར་དམར་བརྒྱན་པ་འདིས།
།འཛམ་གླིང་དབང་དུ་བསྡུ་བ་མཚོན། །དར་སྣ་ལྔ་ཡིས་སྤྲས་པ་འདིས།
།རིགས་ལྔའི་རང་བཞིན་ཡིན་པ་མཚོན། །རྨ་བྱའི་སྒྲོ་ཡིས་བརྒྱན་པ་འདིས།
།དུག་ལྔས་གོས་པ་མེད་པ་མཚོན། །མེ་ལོང་འོད་ལྡན་བཏགས་པ་འདིས།
།སྲིད་གསུམ་ས་ལེར་མཁྱེན་པ་མཚོན། །དེ་ལྟར་ལུང་གིས་ཟིན་པའི་ཞྭ། །ད་ལྟ་སྟག་རོང་མཆོད་པའི་རྟེན།
།མ་འོངས་སྤྲུལ་པའི་རྒྱལ་པོ་ཡི། །དབུ་ལ་གསོལ་བའི་སྐལ་བཟང་དུས།
།དེ་ཚེ་ཡི་དམ་ལུང་བསྟན་ཡོད། །དེ་བར་མཆོད་པའི་སྤྲིན་གྱིས་མཆོད།
།བགྲང་བྱ་བཅུ་གསུམ་སོང་མཚམས་སུ། །ཇོ་རུ་དགུང་ལོ་བརྒྱད་ཀྱི་དུས།
།ཕྱིང་ཞྭ་ཟླ་བའི་མདངས་ལྡན་དེ། །སྨོན་ལམ་དང་བཅས་ཁྲོ་རྒྱལ་གྱིས། །ཇོ་རུའི་དབུ་ལ་གསོལ་བ་མཛད།
།འཛམ་གླིང་དབང་དུ་འདུ་བ་དང་། །བཅོ་བརྒྱད་གྲངས་ལྡན་རྫོང་གི་གཏེར།
།མཐོང་སྨོན་གླིང་གི་ཡུལ་མཆོག་ཏུ། །འདྲེན་པའི་རྟེན་འབྲེལ་ཐོག་མ་འགྲིག
།དེ་འདྲའི་རྨད་བྱུང་ཞྭ་དེ་ཉིད། །དེང་དུས་རྟ་རྣ་དགོན་དུ་བཞུགས།
།སྐྱེ་མདོ་རྟ་རྣའི་མགོན་ཁང་ནས། །མཇལ་བའི་སྐལ་བ་བཟང་པོ་བྱུང་།
།དེ་ཚེ་གྱོན་སྙིང་འདོད་པ་དང་། །གེ་ཐུང་སྲིན་གྲི་སྤྲེའུ་མགོ།
།ལག་གཡས་བཟུང་ནས་འཕྲུལ་པར་ཞིག །ལེན་སྙིང་འདོད་ཀྱང་གནས་དེ་རུ།
།བླ་དཔོན་མི་དྲག་མང་རྐྱེན་གྱིས། །བཏང་སྙོམས་ངང་དུ་ལུས་པར་གྱུར།
།མཁས་མཆོག་གོང་པ་རྣམ་གྲགས་ཀྱིས། །སྲིན་གྲིའི་ལོ་རྒྱུས་བྲིས་ཤིག་གསུང་།
།དེ་འཕྲལ་ལོ་རྒྱུས་ཡི་གེ་བྲིས། །ཀུན་གྱིས་ཧ་ཀྱང་མཚར་ཞེས་བསྟོད།
།རྟ་རྣའི་བསྟན་བདག་སྤྲུལ་སྐུ་དེས། །ཕྱིང་ཞྭ་ཟླ་བའི་མདངས་ལྡན་གྱི།
།ལོ་རྒྱུས་བྲིས་ཞེས་བསྐུལ་བའི་ངོར། །མདོ་མེད་གྱི་ན་དྷྭ་ཛ་ཡིས།
།རིག་པའི་ཀློང་ལས་གང་ཤར་བ། །མ་བཅོས་འཕྲལ་དུ་བྲིས་པ་དགེ ༈ །ཕྱིང་ཞྭ་ཟླ་བའི་མདངས་ལྡན་གྱི།
།ལོ་རྒྱུས་བྲི་སྙིང་འདོད་པའི་མོད། །ཉམས་སྣང་སྒྱུ་མའི་ཟློས་གར་དབུས།
།གེ་ཐུང་ཞལ་རས་སྨིག་རྒྱུ་མཐོང་། །དེ་ཚེ་མོ་གཤམ་བུ་ཆུང་ངས།
།རྨི་ལམ་གསེར་གྱི་བྲིས་སྨྱུག་གིས། །ཆུ་ནང་ཟླ་བའི་གཟུགས་བརྙན་སྟེང་།
།བྲག་ཅའི་གཏམ་འདི་ཡི་གེ་ཕབ། །ནམ་མཁའི་ཨུཏྤལ་མཆོད་བཞིན་དུ།
།རུས་སྦལ་སྤུ་ཡི་ཁུག་ནང་བཅུག །ཐག་ཁྲ་སྦྲུལ་གྱིས་ཁ་བཅིངས་ནས།
།དྲི་ཟའི་གྲོང་ཁྱེར་བསླེབས་མ་ཐག །ཐོ་ཡོར་མི་ལ་བཅོལ་བ་བྱས།
།རི་བོང་རྭ་ཡི་སྐས་འཛེགས་ནས། །འཇའ་ཡི་སྟེང་དུ་ཁོལ་ཅིག་སྨྲས།
།མི་སྲིད་དགུ་སྲིད་སྲིད་པ་དང་། །མི་སྣང་དགུ་སྣང་སྣང་བའི་ཚུལ།
།མི་མཚར་དགུ་མཚར་མཚར་བ་འདི། །མི་མཁས་དགུ་མཁས་མཁས་ཁྱོད་ཕུལ།
།མི་གསུང་དགུ་གསུང་གསུངས་པ་ཁྱོད། །མི་དྲི་དགུ་དྲི་དྲིས་པའི་ལན།
།མི་ཤེས་དགུ་ཤེས་ཤེས་པ་ངས། །མི་ཟེར་དགུ་ཟེར་ཟེར་འདི་ཕུལ།
།ཨ་འཁྲོ་བསྟན་པའི་རྒྱལ་མཚན་གྱིས། །ཨ་ལག་རབ་བརྟན་དགེ་ལེགས་ལ།
།ཨ་མཚར་ཀུ་རེའི་ཚུལ་དུ་སྨྲས། །ཨ་ལེ་གསུངས་ནས་དགྱེས་གྱུར་ཅིག །
རྩོམ་ཡིག་སོགས་མཁོ་སྤྲོད་གནང་མཁན་རབ་བརྟན་དགེ་ལེགས་ཕུན་ཚོགས།