སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

གཡུ་རོང་བསེ་རྫོང་བཀླགས་ཚོར།

 

      གསེར་གཡུ་གཉིས་འཁྲུགས་པའི་སྒྲུང་དཔེ་རྙིང་པ་ལག་བྲིས་མ།

 

སྒྲུང་འདིའི་བཤེར་དཔེ་བྲག་མགོ་རྫོང་ནས་ཡིན་པའི་དགེ་རྒན་དབང་རྒྱལ་ལགས་ཀྱིས་མཁོ་སྤྲོད་མཛད།

སྒྲུང་དཔེ་འདི་ཉིད་སྣ་འབྲིང་ཤོག་རྙིང་གི་དངོས་སུ་དབུ་མེད་ལག་བྲིས་ཤོག་ངོས་མང་ཕྱོགས་ཐིག་ཕྲེང་བཅོ་ལྔ་དང་བཅུ་གསུམ་ཅན་གྱི་ཤོག་གྲངས(༤༠)ཡོད་པ་ཞིག་ཡིན་པ་དང་།ཁ་བྱང་མི་བཞུགས་ཤིང་མཇུག་ཡང་ཆ་ཚང་བྲིས་སྔ་ཕུད་མི་འདུག་ལ། ཕབ་འབྲི་གནང་མཁན་སུ་ཡིན་ཡང་གཞི་ནས་མི་གསལ།དཀྱུས་ཡོངས་ལ་གཏེར་ཚེག་བྲིས་ཡོད་པ་དང་དབུ་ཁྱུད་བརྡ་ཡིག་གི་རྣམ་པར་བཀོད་ཡོད་པ་ཞིག་རེད།

༼ མི་མཇེད་ཞིང་གི་སྟོན་པ་ཤཱཀྱའི་རྒྱལཿ དེས་གསུངས་ཆོས་སྒོ་བརྒྱད་ཁྲི་བཞི་སྟོང་མཛོདཿ སྤྲུལ་བའི་ཉན་ཐོས་དགེ་འདུན་ཚོགས་ཀྱི་ཞིངཿ མཆོག་གསུམ་མི་འབྲལ་སྤྱི་བོའི་རྒྱན་དུ་མཆོདཿསྟུག་པོ་བཀོད་དུ་ཆོས་སྐུ་རྡོ་རྗེ་འཆངཿ བདེ་ལྡན་ཞིང་ནས་ལོངས་སྐུ་ཚེ་མཐའ་ཡསཿ དྲི་མེད་མཚོ་གླིང་སྤྲུལ་སྐུ་ཨོ་རྒྱན་རྗེའིཿ ངོ་མཚར་བཀོད་པས་བསམ་ཡས་འདྲེན་པར་འདུདཿ པོ་ཊ་ལ་རུ་བྱང་སེམས་སྤྱན་རས་གཟིགསཿ རི་བོ་རྩེ་ལྔར་རྗེ་བཙུན་འཇམ་པའི་དབྱངསཿ ལྕང་ལོ་ཅན་ནས་གསང་བདག་རྡོ་རྗེ་འཛིནཿ དབྱེར་མེད་དགྲ་འདུལ་དཔའ་བོས་བདག་སྐྱོངས་ཤིགཿ དེ་ལ་འདིར་འཛམ་གླིང་སེང་ཆེན་རྒྱལ་པོའི་རྣམ་ཐར་དྲག་པོའི་སྒོ་ནས་གདུལ་བྱ ༴༴༴༽ སོགས་ནས་མགོ་བརྩམས་ཏེ་དཀྱུས་དོན་དང་མཇུག་ཏུ།

༼ ཅེས་གླུ་མཇུག་རྫོགས་པ་དང་མཉམ་དུ་འཕུང་སྟྭར་གྱིས་གཡུག་པར་བརྩམས་ཚེཿ ཁོང་རྟ་མགྲིན་དམར་པོའི་རྣལ་འབྱོར་ཡིན་པས་[བསྲུང]་མ་དམ་ཅན་སྤུན་ལྔས་ནམ་མཁའ་ནས་ཕུང་སྟྭར་ལག་གི[ཕྲོག་]སོང་བས་ཅི་ཡང་མ[ཐུབ་སོཿ] ཁོས་ཐན་གྲིའི་གྲི་མགོ་ཕུར་ནས་སྡང་སེམས་མེ་ལྟར་འབར་བཞིན་གླིང་ལྷའི་ཆོ་འཕྲུལ་གྱིས་(མི་གསལ)་་་ལག་ཕུང་སྟྭར་[ཕྲོག་]སོང་བ་འདི་ངེད་གཡུ་[རུང]རྒྱལ་བློན་རྣམས་མི་བདེ་སྔ་ལྟས་ཡིན་ངེས་རེད་སྙམས་ནས་གླུ་ལན་བསྒུག་བསྡད་དོཿ༽ དེ་ཙམ་མ་གཏོགས་མཇུག་ཆ་ཚང་དུ་བྲིས་མི་འདུག་ཅིང་།ཡི་གེའི་དག་ཐོབ་ཀྱང་འབྲིང་ཙམ་དུ་འདུག།

༢ བརྗོད་བྱའི་ནང་དོན་གླིང་ཆེ་རྒྱུད་གསེར་བའི་ས་ཁོངས་སུ་གྲགས་པའི་གསེར་ཁོག་སྒུ་རུའི་ཤོག་ནས་ཡིན་པའི་ཨ་སྐྱོ་སྟེ་འདི་ལ་ཡུལ་སྐད་ལ་ལར་ཨ་ལྕོ་ཡང་ཟེར།གནས་སྐོར་སྤྲང་འཁྱམས་པ་གཉིས་ཀྱིས་གླང་ཞིག་ལ་འཚོ་ཆས་བཀལ་ཏེ་རྒྱ་ནག་གི་གནས་ཆེན་འགའ་ལ་གནས་སྐོར་ཕྱག་མཆོད་བྱས་རྗེས། ཕྱིར་མདོ་ཁམས་ཟལ་མོ་སྒང་རྒྱུད་ཀྱི་གཡུ་རོང་སྨད་དུ་སླེབས་སྐབས།གནས་དེའི་ས་བདག་ནག་ཕྱོགས་པ་སྒེག་ཙི་ལེན་རྒྱལ་པོའམ་གཡུ་རོང་བཙན་རྗེ་རྒྱལ་པོ་ཞེས་ཤཱཀྱའི་ཆོས་ལ་ལོག་པར་ལྟ་ཞིང་། མི་དགེ་སྡིག་པའི་ཕྱོགས་ལ་བརྩི་མཐོང་བྱེད་མཁན།འཁོར་དུ་ནག་ཕྱོགས་ལ་མོས་པའི་ནང་བློན་བྲག་ནག་ཐོད་རྒྱལ། ཕུང་བྱེད་རི་བོང་རྒོད་རྒྱལ།འགོང་སྲིན་སྤྲེའུ་གདོང་ལག་རིང་། མི་བཟན་ཁྱི་མགོ་ལྕགས་སེན། འགོང་རྒྱལ་སྟག་སྨྱོ་སོགས་བཀའ་བློན་འགོང་པོ་སྤུན་དགུ་ཟེར་བ་དང་། སྟག་བློན་བརྒྱ་དང་སོ་བཞིའི་ཕོ་ཉ་འགྱེད་པ་ཞིག་ཡོད་པ་དེའི་ཆབ་འོག་གི་ལམ་སྲུང་བ་དག་གིས།གསེར་ཁོག་ཕྱོགས་ཀྱི་གནས་སྐོར་བ་གཉིས་པོར་བརྡུང་བརྙས་ཅི་རིགས་དང་། གླང་གསོན་པོའི་རྒྱབ་ནས་ལྷམ་ངོ་ཆ་གཅིག་གསོན་དྲས་བྱས་པ་སོགས་མནར་གཅོད་ཚབས་ཆེན་བྱས་ཏེ་བཏང་བ་ལ་རྐྱེན་བྱས། སྒུ་རུས་གསེར་བའི་དཔོན་པོ་ཉི་འབུམ་ལ་ཞུ་གཏུགས་བྱས་པར་བརྟེན། གསེར་གཡུ་གཉིས་པོ་གཡུལ་འཁྲུགས་དྲག་པོ་ལངས་ཤིང་།མཐར་གཡུ་རོང་བ་ཕམ་པར་བརྒྱབས་པའི་གནས་ཚུལ་འབྲི་བསྐྲུན་བྱས་པ་ཞིག་རེད། སྒྲུང་འདི་ཉིད་སི་ཁྲོན་ཞིང་ཆེན་གེ་སར་ཞིབ་འཇུག་ཁང་དང་བྲག་མགོ་རྫོང་མི་རིགས་ཆོས་ལུགས་ལས་དོན་ཁང་གཉིས་མཉམ་འབྲེལ་གྱིས་སྒྲུང་དཔེ་འདིའི་ཁ་བྱང་ལགཡུ་རོང་བསེ་རྫོང་ཞེས་ཁ་བྱང་སོགས་བཀོད་དེ། སྤྱི་ལོ༢༠༠༥ ལོའི་ཟླ་ ༤ བར་སི་ཁྲོན་མི་རིགས་པར་སྐྲུན་ཁང་ནས་པར་བསྐྲུན་འགྲེམ་སྤེལ་གནང་འདུག་མོད་དེའི་མཇུག་ཀྱང་ཚང་མི་འདུག་པས།ང་ཚོའི་ལག་སོན་གྱི་དཔེ་གཞི་གཅིག་ཡིན་ངེས་སུ་འདུག །

༣ དཔེ་རྙིང་འདིའི་བརྗོད་བྱའི་ཐད་ལ་ཅུང་ཙམ་གཞིགས་ན། སྤྱིར་གླིང་གེ་སར་དངོས་ཀྱི་ལོ་རྒྱུས་རྩད་གཅོད་ལ་དཔྱད་གཞིའི་ས་མིང་དང་གནའ་ཤུལ་མང་ཙམ་ལོ་རྒྱུས་དང་གོ་བསྡུར་ཐུབ་པའི་ཧོར་གླིང་གཡུལ་འགྱེད་ལྟ་བུའི་བྱུང་བརྗོད་ངག་རྒྱུན་ལོ་རྒྱུས་ལ་གཞི་བཅོལ་བའི་རྩོམ་སྒྲུང་གི་སྐོར་དང་། སྐྱེས་ཆེན་དག་གིས་སྔོན་གནས་རྗེས་དྲན་དང་འབྲེལ་བའི་རྫས་གཏེར་དང་དགོངས་གཏེར་ལས་དྲངསརིགས།གསང་བ་བསམ་མི་ཁྱབ་པའི་ཡུལ་དག་སྣང་སྙན་རྒྱུད་སོགས་རྣམ་འབྱོར་བའི་དད་མོས་ཉམས་རྩལ་གྱི་ཤར་ཆ་ལྟར་ཕབ་པའམ།ཡང་ན་བླ་དཔོན་ག་གེ་མོའི་མཛད་པ་རྣམ་ཐར་དང་བོད་ཡུལ་སྟོད་སྨད་བར་གསུམ་གྱི་བསྟན་སྲིད་ཀྱི་དར་རྒུད་ཆགས་འཇིག་གི་སྐོར་གླིང་རྗེ་གེ་སར་རྣམ་ཐར་གྱིས་ཡོངས་སུ་གབ་ཏེ་བྲིས་རྗེས་སྤྱི་ཚོགས་ཀྱིས་གླིང་སྒྲུང་གྲགས་ཆེན་དུ་བརྩིས་ནས།གླིང་གེ་སར་གྱི་རྟོགས་བརྗོད་དངོས་ལ་རམ་འདེགས་ལྟ་བུར་གྱུར་བའི་སྒྲུང་དང་། དེ་བཞིན་དུ་གླིང་གེ་སར་རྗེ་བློན་མི་སྣ་ཙམ་གཞིར་བཟུང་ནས་འཆར་ཡན་གྱིས་གང་བྱུང་བྱུང་དུ་དཔའ་བོའི་བསྟོད་སྒྲུང་བྲིས་པ་ལྟ་བུའི་རྣམ་གྲངས་མང་པོ་མཆིས་ལ། དེ་ལས་ཀྱང་འདིར་ཤེས་དགོས་པ་ཞིག་ནི་དབལ་ཤུལ་གསེར་རྟའི་ས་ཕྱོགས་ནི།གླིང་གེ་སར་དངོས་བཞུགས་ཀྱི་དུས་སྐབས་སུ་ཆེ་རྒྱུད་གསེར་བའི་ཕྱོགས་ཀྱི་བདག་ས་ཡིན་པ་གནའ་རྫས་རིག་དངོས་དང་ངག་རྒྱུན་ལོ་རྒྱུས་ཁུངས་ལྡན།སྤྲུལ་བའི་སྐྱེས་ཆེན་དུ་མའི་སྔོན་གནས་རྗེས་དྲན་མི་ཉུང་བས་བདེན་དཔང་ཡོད་པ་དང་།གསེར་ཁོག་ཏུ་ལྡོང་གསེར་བའི་ཉི་འབུམ་དར་ཡག་གི་མཁར་ཤུལ་དུ་གྲགས་པ་ཞིག་ཀྱང་ཡོད་པ་སོགས་དོན་དངོས་མཐོང་གི་དཔྱད་གཞི་མང་པོས་ར་སྤྲོད་བྱས་ཡོད་མོད། ད་ལྟ་སྐབས་སུ་གླེང་བཞིན་པའི གཡུ་རོང་བསེ་རྫོང་ཞེས་པ་འདི་ནི་ངག་གི་ཟློས་གར་ཙམ་ལས། འདིའི་བརྗོད་སྙིང་ནི་གླིང་གེ་སར་དངོས་ཀྱི་མཛད་པ་རྣམ་ཐར་བརྗོད་པའི་སྒྲུང་ཞིག་མ་ཡིན་པར།བོད་རབ་བྱུང་བདུན་པའི་རྗེས་དང་། རབ་བྱུང་བཅོ་ལྔ་བའི་སྟོད་སྨད་ཡས་མས་གང་རུང་ཞིག་ཏུ་བྱུང་བའི་མདོ་ཁམས་དབལ་ཤུལ་གསེར་རྟ་དང་གཡུ་རོང་ཕྱོགས་ཡར་མར་གྱི་ཚོ་སྡེ་ཕན་ཚུན་གཉིས་བར་གྱི་བན་བོན་ཆོས་ལུགས་གྲུབ་མཐའ་འམ་ཡང་ན་སྡེ་གྱོད་གང་རུང་གི་དོན་རྐྱེན་ལས་བྱུང་བའི་འཁྲུགས་རྩོད་ཅིག་གི་ནང་དོན།གླིང་གེ་སར་སྒྲུང་གི་འགྲོས་དང་སྦྱར་དེ་བྲིས་པ་ཞིག་ཡིན་ངེས་རེད་སྙམ་པའི་དཔྱད་སྒོ་ཆེན་པོ་འདུག་སྙམ། (ཡང་བྲག་མགོ་རྫོང་རྩང་རོང་ཕྱོགས་ན་བཤད་སྒྲོས་ཤིག་ཡོད་པ་ནི།སྒྲུང་འདི་ར་ཉག་བསྐལ་བཟང་དགོན་ཟེར་བ་ནས་ཡིན་པའི་བླ་དཔོན་གསེར་བའི་ཉི་འབུམ་གྱི་རྣམ་སྤྲུལ་དུ་གྲགས་པ་ཞིག་གི་རྣམ་ཐར་ལ་སྦྱར་བ་རེད་ཟེར་བ་ཞིག་ཀྱང་འདུག་པས་དཔྱད།)གང་ལྟར་རྩོམ་པ་པོས་གསེར་རྟའི་ཕྱོགས་སོགས་གླིང་དང་།གཡུ་རྩང་གཉིས་པོའི་ཕྱོགས་ཀྱི་མི་སྣ་རེ་ཟུང་ལྡོག་ཕྱོགས་སུ་བཟུང་སྟེ་ངག་གི་ཟློས་གར་བྱས་པའི་ལོ་རྒྱུས་ཤིག་གླིང་སྒྲུང་གི་རྣམ་པར་བཟོས་པ་ཞིག་ཡིན་པ་ནི་འཁྲུལ་མེད་རེད་སྙམ། གང་ཞེ་ན།

གཅིག ། ཕབ་བྲི་མཁན་གྱིས་ཕན་ཚུན་གསེར་གཡུ་ཕྱོགས་གཉིས་ཀྱི་ས་གནས་བཞེངས་སྐྲུན་གྱི་ཆ་ན་གསལ་བའི།རྒྱ་ནག་ལྕགས་ཟམ་ཆེན་མོ། མདོ་ཆེན་ལྕམ་ལུང་།རྫེས་བྲག་མདོ། རྩང་སྟོད་སྨད།འཛི་ཆེན། རྟའུ་ཚྭ་ཕྲེང་། སྒེག་ཚྭ་ལུང་། ལི་རྩང་སྒང་། ཆུ་བར།སྒེག་སྨད་ཁྱ་ལུང་། སྒེག་སྟོད་གདོང་ལ། ལྷ་རྩེ། ཙ་མདོ། རྒྱ་མེས། རྦོས་བཙན་རིའི་གདོང་སོགས་ས་མིང་མང་པོ་ཞིག་སྤྱི་ལོ༢༠༡༢ ལོའི ཁམས་པའི་འཛུམ་རིསསྤྱིའི་འདོན་ཐེངས་བདུན་པ། གླིང་གེ་སར་གྱི་ཕ་ཡུལ་དང་གླིང་གེ་སར་གྱི་རིག་གནས། ཆེད་བསྒྲིགས་ཀྱི་ནང་དུ་བློ་མཐུན་དགེ་འདུན་དར་རྒྱས་ཞེས་པའི་ཆེད་རྩོམ།གླིང་སེང་ཆེན་རྒྱལ་པོའི་རྟོགས་པ་བརྗོད་པ་ལས་གཡུ་རོང་བསེ་རྫོང་ཕབ་པའི་ལོ་རྒྱུས་མདོར་བསྡུས་དང་ས་མིང་ངོ་སྤྲོད་སྐོར།ཞེས་པའི་ནང་གསལ་བའི། ༡ རྒྱ་ནག་ལྕགས་ཟམ་ཆེན་མོ། དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་ཡོད། ཅེས་པ་ནས། ༤༥གཡུ་མདོ། གཡུ་མདོ་ནས་མར་སོང་བའི་འཛམ་ཐང་དང་ཆུ་ཆེན་ཕྱོགས་ཀྱི་ཁྲོ་སྐྱབས་རོང་སྡེ་ལ་གོ ། ཞེས་ས་མིང་བཞི་བཅུ་ཞེ་ལྔ་གསལ་བོར་ངོ་སྤྲོད་གནང་ཡོད་པ་བཞིན།ས་མིང་ཕལ་ཆེ་བ་ད་ལྟ་མིང་ཟུར་ཙམ་ཡང་མ་ཉམས་པར་དངོས་སུ་ཡོད་འདུག་ན། སྒྲུང་རྩོམ་པས་ཆེད་དུ་ས་གནས་འདི་རིགས་གསལ་དག་དམིགས་འཛིན་དགོས་པའི་ཆ་ནས་གཞལ་ན། གསེར་གཡུ་གཉིས་ལ་ཆེད་དུ་ཁ་གཏད་པའི་ལོ་རྒྱུས་ཤིག་ཡིན་པ་གསལ་ཐུབ་པ་དང་།

གཉིས། རྩོམ་པ་པོས་གླིང་གི་མི་སྣ་བཞེངས་སྐྲུན་གྱི་ཆ་ནས་གེ་སར་དང་།ཁུ་བོ་ཁྲོ་ཐུང་། ཉི་འབུམ་དར་ཡག སྒུ་རུ་ལྟ་བུ་གཏམ་སྒྲུང་ཟློས་གར་འདིའི་སྤྱི་འགེབ་བྱེད་ཙམ་གྱི་མི་སྣ་རེ་ཟུང་དཔེ་ལེན་དུ་བཀོད་ཡོད་ན་ཡང་།རྩ་བའི་བརྗོད་གཞིའི་མི་སྣ་མང་ཆེ་བ་ནི་ཡོངས་ཁྱབ་ཀྱི་གླིང་གེ་སར་རྣམ་སྒྲུང་ནང་གཙོ་རྒྱུག་ཆེ་བའི་མི་སྣ་དག་གཞི་ནས་མ་ཡིན་པར།ཉེ་བའི་ཆར་མདོ་ཁམས་གསེར་རྟ་རྫོང་ཁོངས་དང་ཧོར་བྲག་རྫོང་། རྟའུ་རྫོང་སོགས་ཀྱི་ཁོར་ཡུག་གི་ས་མིང་དང་།རུས་རྒྱུད་ཚོ་མིང་གསལ་བྱེད་ཀྱི་མི་སྣ་ཁོ་ན་ཡིན་པ་དཔེར་ན། གླིང་ཕྱོགས་ལྡོང་གསེར་བའི་ཉི་འབུམ་དུ་ཟློས་པའི་བློན་པོ་དང་དམག་དཔོན་གཙོ་བོ་དག་ནི།རྗེ་དཀར་པདྨ་བསྟན་འཛིན། ཝ་ཤུལ་བསོད་ནམས་དཔལ་ལྡན། ཆོས་སྐོར་བཙན་ལྷ་ནོར་བུ།ཨ་སྐྱབས་གསེར་ལྷ་དབང་རྒྱལ། ཎི་ཟོག་ལྷ་ཆེན་དཔའ་བོ། ཨ་བོ་རྟ་མགྲིན་ཡ་མེད།སྟོང་དཔོན་འཆི་མེད་སྟོབས་ལྡན། དམུ་ཚ་ཚེ་དབང་ལྷུན་འགྲུབ། སྙུག་སྟོད་རྗེ་དཀར་དཔལ་འཛིན། གེ་འཕེན་ཆོས་དབང་སོགས་མིང་ཐོས་པ་ཙམ་གྱིས་ད་ལྟའི་དབལ་ཤུལ་གསེར་རྟའི་ཁོར་ཡུག་གི་རྒན་པོ་ཏག་ཏག་གི་ངོ་གདོང་ཡིད་ལ་འཆར་བྱེད་ཁོ་ན་ཡིན་པ་དང་། ཕར་ཕྱོགས་གཡུ་རོང་གི་དཔའ་བོ་སྟག་ཐུལ་རྣམས་ཀྱི་མིང་ནང་དུ་ཡང་རྩང་རོང་སྟག་ཐུལ་ཀོང་དཔལ་དང་། རྩང་རོང་སྟག་ཐུལ་ཚེ་འཛིན། རྩང་སྟག་ཐུལ་དཔའ་ལི། རྩང་རོང་སྟག་ཐུལ་ནོར་བུ། རྩང་རོང་སྟག་ཐུལ་གཟི་འབུམ།རྩང་རོང་སྟག་ཐུལ་དོམ་ཐར་སོགས་མང་པོ་ཞིག་གི་མིང་སྔོན་གྱི་སྟག་ཐུལ་ཞེས་པ་དོར་ནས། རྩང་རོང་ཚེ་འཛིན་དང་། དཔའ་ལི། ནོར་བུ། གཟི་འབུམ། དོམ་ཐར་རྣམས་ནི་ད་ལྟའི་བྲག་མགོ་རྫོང་གཏོགས་ཀྱི་རྩང་སྟོད་སྨད་ཀྱི་ས་སྡེ་ཁོ་ན་ལས་དྲངས་ཤིང་། ད་ལྟའི་མི་མིང་འདོག་ཁོ་ན་གསལ་བྱེད་ལས་མ་འདས་པའི་ཚུལ་གྱིས་ཀྱང་ཆེད་དུ་གསལ་བཤད་ཐུབ་འདུག །

གསུམ། ཡང་འདིར་མངོན་པའི་ས་མིང་དང་མི་སྣ་གཞན་གྱིས་གླིང་གེ་སར་གྱི་རྟོགས་བརྗོད་ཀྱི་ཟློས་གར་མ་གཏོགས་གླིང་དུས་དངོས་མིན་པ་གསལ་བཤད་ཐུབ་པ། གླིང་གེ་སར་ནི་ལོ་རྒྱུས་པ་ཡོངས་གྲགས་ཀྱིས་བོད་ཀྱི་རབ་བྱུང་དང་པོའི་གོང་གི་དྲུག་ཅུའི་སྐོར་དུ་འཁྲུངས་པར་ངོས་འཛིན་མཁན་དང་། གནའ་དེང་གི་དཔྱད་བརྗོད་མང་ཤོས་ཤིག་གིས་རབ་བྱུང་དང་པོ་བགྲང་བྱ་བཅུ་གཉིས་པ་ས་སྟག་སྟེ།སྤྱི་ལོ ༡༠༣༨ ལ་འཁྲུངས་པར་བཞེད་པ་གཅིག་གྱུར་གྱིས་ཐག་གཅོད་ཀྱིན་ཡོད་པ་ཤུགས་ཆེ་ལ། ལྷག་པར་རླངས་སྟོན་གྱི་ལུང་བསྟན་བཞིན་དགུང་གྲངས་ཡང་བརྒྱད་ཅུའི་ནང་དུ་འདས་པར་བཞེད་པ་སྤྱི་མཐུན་ཡིན་ན། གཡུ་རོང་བསེ་རྫོང་དུ་གྲགས་པ་འདིའི་ས་མིང་གི་སྐབས་སུ་རྒྱ་ནག་ལྕགས་ཟམ་ཆེན་པོ་ཞེས་གསལ་བར་བསམ་ན། ལྕགས་ཟམ་ཞེས་ས་མིང་ཐོགས་དུས་ནི་ཕལ་ཆེར་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་དུས་ཚུན་གྱི་མིང་ཞིག་ངེས་པར་དུ་ཡིན་དགོས་སྙམ་པ་དང་། ལྷག་པར་ལྡོང་གསེར་བའི་ཉི་འབུམ་དུ་ཟློས་པའི་གླུ་ནང་དུ། དཔལ་ས་སྐྱ་འོག་མིན་ཕོ་བྲང་ནསཿ འགྲོ་མགོན་ཆོས་རྒྱལ་འཕགས་པ་ལཿའཁོར་རྒྱུད་རིམ་བུ་སློབ་འབུམ་ཚོས་སྐོརཿ དུས་དེ་རིང་མི་འདིའི་རྒྱུད་བྱིན་རློབསཿ ཞེས་བོད་ཀྱི་རབ་བྱུང་བཞི་བའི་ཤིང་ལུག་སྟེ། སྤྱི་ལོ ༡༢༣༥ལ་འཁྲུངས་པའི་དཔལ་ས་སྐྱའི་བླ་ཆེན་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལ་གསོལ་བ་བཏབ་ཡོད་པ་དང་། དེ་བཞིན་དུ་གསེར་གྲུབ་ཆེན་བདུད་ལྷ་དཔའ་བོ་ཞེས་པའི་གླུ་ནང་དུ། གནས་དཔལ་རི་ཚེ་ཡི་བྲག་ཕུག་ནསཿ གྲུབ་ཆེན་ཐང་སྟོང་རྒྱལ་པོ་མཁྱེནཿ ཞེས་གོང་དུ་བཤད་པའི་འགྲོ་མགོན་ཆོས་རྒྱལ་འཕགས་པ་གསལ་ཚུལ་སོགས་ལ་གཞིགས་ན།འདི་ཡང་བོད་ཀྱི་རབ་བྱུང་དྲུག་པའི་ལྕགས་གླང་། སྤྱི་ལོ ༡༣༦༡ལོར་གཙང་ལ་སྟོད་དུ་སྐུ་འཁྲུངས་པའི་བརྩོན་འགྲུས་བཟང་པོའམ་གྲུབ་ཆེན་ལྕགས་ཟམ་པ་ཐང་སྟོང་རྒྱལ་པོ་ལ་གསོལ་བ་བཏབ་ཡིན་ངེས་པ་འདི་རིགས་ཀྱིས་གཞལ་ན་ཡང་།ལྡོང་གསེར་བའི་ཉི་འབུམ་གྱི་རྣམ་སྤྲུལ་ཞིག་གི་མཛད་རྣམ་ལ་སྦྱར་བ་ཡིན་ཟེར་ན་མ་གཏོགས།གླིང་རྗེ་གེ་སར་སྐྱེས་བུ་མཆོག་དང་ལྡོང་གསེར་བའི་ཉི་འབུམ་དར་ཡག་དངོས་ཀྱི་སྐུ་དུས་ཀྱི་མཛད་རྣམ་བརྗོད་པ་ཞིག་མ་ཡིན་པ་ནི་གསལ་བོར་མངོན་འདུག་སྙམ། འོ་ན་སྒྲུང་རྙིང་ཤོས་སུ་གྲགས་པའི་ལྷ་གླིང་གབ་ཙེ་དགུ་སྐོར་ན་ཡང་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ཟེར་བ་ཞིག་བུད་མེད་དམ་ཟེར་ན། དེ་ནི་བདེན་མོད་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ཟེར་བ་ཙམ་གྱིས་ལྕགས་ཟམ་པ་བརྩོན་འགྲུས་བཟང་པོ་ཡིན་དགོས་པའི་ངེས་པ་མེད་ཚུལ་ཕྲན་གྱིས་གཞན་དུ་བཤད་ཡོད་ལ།ལྷ་གླིང་གི་ནང་དུ་གྲུབ་ཆེན་དེའི་སྐོར་མང་ཙམ་མངོན་པར་བྱས་ཡོད་པར་གཞིགས་ན། སྒྲུང་མཁན་དེས་ཐང་སྟོང་རྒྱལ་པོ་ཟེར་བ་དེ་གྲུབ་པ་ཐོབ་པའི་སྐྱེས་བུ་ས་སྟོང་ཐང་སྟོང་ནས་ལྟ་བའི་རྒྱལ་པོའི་རང་ཞལ་སྐྱོང་མཁན་གྱི་རྣལ་འབྱོར་བ་ཞིག་ལ་ངོས་བཟུང་ཡོད་པ་མ་གཏོགས།ལྕགས་ཟམ་སོགས་མཛད་པ་རྣམ་ཐར་གྱི་ཟུར་ཙམ་ཡང་མངོན་པར་བྱས་མི་འདུག་པ་སོགས་ཀྱིས་ཤེས།ཡང་གཅིག་བསམ་ན་ལྷ་གླིང་སྐབས་ཀྱི་གྲུབ་ཆེན་ཐང་སྟོང་རྒྱལ་པོ་ཞུ་བ་ནི། རླངས་ཀྱི་གྲུབ་ཆེན་ཨ་མི་བྱང་ཆུབ་འདྲེ་བཀོལ་ལ་འབོད་པ་ཡིན་ནམ་སྙམ་པ་འདུག་མོད།ཕྱིས་སུ་དབྱེ་ཞིབ་མ་བྱས་པར་སྒྲུང་བ་རེ་རེ་གཉིས་རེས་གླིང་སྒྲུང་དུ་ཐང་སྟོང་རྒྱལ་པོ་ཞེས་རྒྱུན་འབྱམས་སུ་བྲིས་པ་གོར་མ་ཆགས། སྤྱིར་གླིང་གེ་སར་གྱི་སྒྲུང་ནི་བོད་ཡུལ་སྟོད་སྨད་བར་གསུམ་ནས་སྒྲིག་འཛུག་སོགས་མེད་པར་ལོ་ངོ་སྟོང་ལ་ཉེ་བའི་ནང་གང་འདོད་འདོད་དུ་བྲིས་པའི་དཔའ་བོའི་བསྟོད་པ་ཁོ་ནར་སོང་གཤིས་འདི་ཡིན་དང་འདི་མིན་གྱི་དབྱེ་བ་གཞི་ནས་བྱེད་རྒྱུ་མེད་མོད། འོན་ཀྱང་གཡུ་རོང་བསེ་རྫོང་ལྟ་བུ་ནི་གླིང་སྒྲུང་གི་སྤྱི་འགྲོས་ཀྱིས་ས་གནས་ག་གེ་མོའི་ལོ་རྒྱུས་གབ་ཏེ་བྲིས་པ་ཨེ་ཡིན་སྙམ་པའི་དཔྱད་སྒོ་འདུག་ན། འདི་རིགས་ལ་སྤྱིའི་ཆ་ནས་དབྱེ་ཞིབ་ཅུང་ཙམ་མ་བྱས་ཚེ་ཉེ་ལམ་གླིང་གེ་སར་དང་རྗེས་ཤུལ་ལ་ཞིབ་འཇུག་བྱེད་རྒྱུ་དྲན་མཁན་སྐོར་ཞིག་གིས་གཡུ་རོང་བསེ་རྫོང་ན་ཞེས་ཁུངས་ལུང་དུ་འདྲེན་མཁན་འགའ་མཐོང་རྒྱུ་འདུག ། འདི་ལྟར་སོང་ན་གླིང་སྐྱེས་བུའི་རྣམ་སྒྲུང་གི་མ་རྐང་གི་མི་སྣ་དང་། ལོ་ཚིགས་ཀྱི་གནད་ལ་འགལ་བ་ཇེ་ཆེ་ཇེ་རྡིག་ཏུ་འགྲོ་བར་དོགས་ནས་ཀུན་ལ་དཔྱད་གཞི་ཙམ་ལགས། འགལ་བ་ཤོར་ཚད་ལྷ་མི་གཉིས་ལ་སྙིང་ནས་འཆགས། ཞེས་གླིང་དགའ་བ་སྨིན་དབུས་ཨ་དཀར་ཞེས་རི་བོང་གནམ་བརྡིབ་ཀྱི་སེམས་ཁུར་ཅན་དེས་བཀླགས་ཟིན་དུ་༢༠༡༧ -༨-༦ལ་བྲིས།

ཟུར་ཞུ། གླིང་སྒྲུང་ཞིབ་འཇུག་པ་སྨན་ཤུལ་རིན་ཆེན་རྡོ་རྗེས་<<གླིང་གེ་སར་ས་མིང་ཞིབ་འཇུག་གི>>དེབ་ཀྱི་ཤོག་ངོས། ༢༤༩ རུ་ཡང་། གཡུ་རོང་བསེ་རྫོང་འདི་གླིང་གེ་སར་དངོས་ཀྱི་རྟོགས་བརྗོད་ཡིན་མིན་ཐད་ནས་གསལ་བཤད་དོགས་སློང་མཛད་ཡོད་པས་གཟིགས་འཚལ།

ཉེ་ལམ་་གཡུ་རོང་འཁྲུགས་པའི་སྒྲུང་འདི་རྒྱལ་རོང་བླ་མ་རིག་བདེའི་གསུང་རེད་ཟེར་བའི་དཔྱད་གཞི་ཞིག་ཐོས་པས་རྒྱུས་ལོན་འཚལ།

 

 

ཀློག་གྲངས།:[133]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com