སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

གླིང་དཀར་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་ལ་བསྟོད་ཅིང་འདོད་དོན་དུ་གསོལ་བ་གངས་དཀར་བརྟན་མའི་ཞལ་ལུང་ཞེས་བྱ་བ།

 

           གླིང་དཀར་པོའི་རྟེན་གཙོ་ཁྲོ་ཡི་ལས་མགོན་ནག་པོ་དངོས་ཀྱི་སྐུ་བརྙན།  

༈ གླིང་དཀར་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་ལ་བསྟོད་ཅིང་འདོད་དོན་དུ་གསོལ་བ་

         གངས་དཀར་བརྟན་མའི་ཞལ་ལུང་ཞེས་བྱ་བ།

                         ལྡོང་ནོར་སྡེ།  

རང་སྣང་ས་སྤྱོད་དག་པ་གླིང་དཀར་སྟོད། །བདེ་ཆེན་པདྨོ་དྲྭ་བའི་ཞིང་ཁམས་འདིར། །སྣང་སྲིད་དག་མཉམ་གང་ཤར་མཆོད་པའི་སྤྲིན། །དད་གསུམ་ཟོལ་མེད་འཇའ་འོད་འཁྱིལ་བའི་ཀློང་། །ཁམས་གསུམ་ཟིལ་གནོན་རིན་ཆེན་དང་པོའི་ཁྲིར། །གླིང་དཀར་ས་སྐྱོང་དགྲ་ལྷ་རྩེ་རྒྱལ་ཆེ། །སྐུ་མདོག་རབ་དཀར་འཁོར་ལོས་བསྒྱུར་བའི་ཚུལ། །ཞལ་གཅིག་ཕྱག་གཉིས་དགྱེས་སྒེག་གཟི་བྱིན་འབར། ། ཕྱག་གཡས་བསམ་ཆོད་རལ་གྲི་གཡོན་གསེར་འཁོར། །དར་དཀར་ལ་ཐོད་ཚེ་གོས་ཟབ་བེར་གསོལ། །རིན་ཆེན་རྒྱན་སྤྲས་རྒྱལ་པོ་རོལ་སྟབས་བཞུགས། །དྲེགས་ལྡན་ལྷ་མིའི་འཁོར་ཚོགས་རྒྱ་མཚོས་བསྐོར། ། དབྱིངས་ནས་སྤྱན་འདྲེན་ཡེ་ཤེས་ལྷ་ཚོགས་ཀུན། །དམ་ཚིག་པ་དང་གཉིས་མེད་བརྟན་པར་བཞུགས། །རྩ་གསུམ་ལྷ་ཡི་ངོ་བོར་གུས་ཕྱག་འཚལ། །ཕྱི་ནང་གསང་བ་དེ་བཞིན་ཉིད་ཀྱིས་མཆོད། ། འགལ་འཁྲུལ་ནོངས་པ་གང་མཆིས་སྙིང་ནས་འཆགས། །གསང་གསུམ་མཛད་པའི་དཔལ་ལ་རྗེས་ཡི་རངས། །གདུལ་བྱའི་ལྷག་མ་སྐྱོང་བར་སྙིང་ནས་སྐུལ། །འཕྲིན་ལས་རྣམ་བཞིའི་བྱེད་པོར་མངའ་གསོལ་ལོ། །ཕྱི་ལྟར་སེང་ཆེན་ལྷ་ཡི་རྒྱལ་ཚབ་ཆེ། །ནང་ལྟར་རིག་འཛིན་ནཱ་ག་ཛུ་ནའི་གར། །གསང་བ་བྱང་ཆུབ་སེམས་དཔའ་ས་ཡི་སྙིང་། །ལྷ་སྲས་དཔའ་བོ་དགྲ་ལྷ་རྩེ་རྒྱལ་བསྟོད། །སྔོན་ཚེ་ཚོ་དྲུག་གླིང་དཀར་སྟོད་པ་ཡི། །སྐུ་མཁར་མི་འགྱུར་སེང་འབྲུག་སྟག་རྩེ་ནས། །འཛམ་གླིང་སེང་ཆེན་ནོར་བུ་དགྲ་འདུལ་གྱིས། །གླིང་དཀར་རྒྱལ་ཐམ་མཐོང་བ་ཟིལ་གནོན་དང་། །ལས་ཐམ་རིན་ཆེན་འབར་བའི་གཙོ་བྱས་པའི། །སྲིད་དང་དམག་དང་ཁྲིམས་ཀྱི་ཆེ་བའི་རྟགས། །རྒྱལ་སྲིད་དྲག་དཔུང་བློན་འབངས་མངའ་རིས་བཅས། །ཁྱེད་ལ་གཏད་ཅིང་གསེར་ཁྲིར་མངའ་གསོལ་མཛད། །དེ་ཚེ་གླིང་དཀར་ཕུ་ནུ་གཙོ་བྱས་པའི། །དཔའ་ཐུལ་བརྒྱད་ཅུ་རྒྱལ་ཁག་བཅོ་བརྒྱད་ཀྱི། །ཆེ་དགུའི་གཙུག་ན་ཁྱོད་ཉིད་གཅིག་པུ་ཡི། ། ཞབས་སེན་འོད་དཀར་ཟླ་བའི་ལང་ཚོར་འགྲན། །སྨུག་པོ་ལྡོང་གི་རྒྱལ་རྒྱུད་གཙང་མ་ལས། །ཁྱོད་ནི་འབུམ་པའི་རྒྱལ་རབས་བཅུ་དགུ་པ། །ཁྱོད་སྲས་དགྲ་ལྷ་དར་རྒྱས་ནས་བཟུང་སྟེ། །ད་ལྟའི་བར་དུ་གདུང་རབས་ལྔ་བཅུར་སྨིན། །ཁྱོད་ཀྱི་སྐུ་གསུང་ཐུགས་ཡོན་འཕྲིན་ལས་ཀྱི། །སྤྲུལ་པའི་རྣམ་རོལ་གྲངས་ཀྱིས་མི་མཚོན་ཡང་། །ཕྱོགས་འདིར་ཀུན་བཟང་བསྟན་པའི་རྒྱལ་མཚན་སོགས། །བསྟན་དང་འགྲོ་བའི་དཔལ་དུ་ཨེ་མ་རྨད། །སྔ་དར་བསྟན་ལ་བདུད་བཞི་རྩད་ནས་བཅོམས། །རྫོང་ཆེན་བཅོ་བརྒྱད་རྫོང་ཕྲན་ཉེར་ལྔ་ཕབ། །འཛམ་གླིང་ཕན་བདེ་སྒྲུབ་པའི་རོལ་མོ་ཡིས། །ས་གསུམ་གཉིད་ལས་བསླང་པ་དེང་འདིར་དྲན། །ད་ལྟ་ཕྱི་དར་བསྟན་པའི་དུས་མཚམས་འདིར། །འཛམ་གླིང་ཞི་བདེ་གངས་ལྗོངས་བསྟན་འགྲོའི་ཁུར། །སེང་ཆེན་བླ་མས་ཁྱོད་ལ་གཏད་ཡོད་པས། །ཐུགས་བསྐྱེད་དམ་བཅའ་མ་གཡེལ་ལྷ་ཡི་སྲས། །གང་ཞིག་ཁྱོད་ལ་རེ་བའི་བསམ་པ་ཅན། །མཆོག་དམན་དྲག་ཞན་སེར་སྐྱ་བུད་མེད་དང་། །རྒན་དར་གཞོན་བྱིས་གང་དང་སུ་ཡིན་ཡང་། །ཀུན་གྱི་བསམ་དོན་ཡིད་བཞིན་འགྲུབ་པར་མཛོད། །ཉི་མ་རླབས་ཆེན་རྟ་ཞོན་རྒྱུ་བར་བྱེད། །ཁུར་ལ་མི་འཇིགས་ས་གཞིས་འཇིག་རྟེན་འདེགས། །དཔའ་ཆེན་ཁྱོད་ཀྱི་ཐུགས་བསྐྱེད་སྨོན་ལམ་མཐའ། །གདུལ་བྱ་རྒྱ་མཚོའི་གསོས་སུ་སྨིན་པར་མཛོད། །  འདི་ནི་མགར་བཟའ་ཆོས་སྒྲོན་གྱི། །སྐྱེ་བར་ལུང་གིས་ཉེར་ཟིན་པའི། །མཁའ་འགྲོ་ཀུན་བཟང་ལྷ་མོ་ཡིས། །ཆེད་དུ་བསྐུལ་བའི་བཞེད་སྐོང་དུ། །ལྡོང་རིགས་སྔགས་གཟུགས་གྱི་ན་པས། །གངས་དཀར་བརྟན་མ་དྲག་རྒྱལ་མའི། །བརྡ་དོན་ཇི་བཞིན་མ་ནོར་བྲིས། །ས་ཁྱི་ས་ཟླའི་བཅུ་དྲུག་ལའོ། ། སརྦ་མངྒ་ལཾ། །

 

 

 

 


ཀློག་གྲངས།:[831]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com