སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

ཧོར་ཇག་པ་མི་བདུན་གྱི་གཙོ་བོ་གུར་ནག་རྒྱལ་པོ་བཏུལ་བ། ཁག་གཉིས་པ།

ཁག་དང་པོའི་འཕྲོ།   

དེ་ནས་གླིང་ཡུལ་དུ་ཆོས་ཀྱི་འཁོར་ལོ་བསྐོར་ནས་རྒྱང་རིང་གི་སློབ་མ་འགྲོ་འོང་བྱེད་མཁན་ནི་འབུམ་ཕྲག་ཟིན་པ་དང་ལྷག་པར་རྒྱ་གར་ཆོས་རྫོང་ལ་ཉེ་བའི་སྣང་སྲིད་ཀྱི་སློབ་མ་ནི་གྲངས་ལས་འདས་པ་ཞིག་གིས་ཁམས་གཞན་དུ་ཕེབས་རྒྱུའི་ཞུ་བ་ཕུལ་བ་དང་བོད་གླིང་ལྷ་སྲུང་གཉེན་ཆེན་དཔའ་བོ་མཁའ་འགྲོ་རྣམས་ཀྱིས་ནི་མི་ཕེབས་རྒྱུའི་རེ་བ་ཞུ་མཁན་མང་བ། དེ་བཞིན་རྒྱ་དཀར་ནག་གི་སློབ་མ་རྣམས་ཀྱིས་ཀྱང་སོ་སོའི་ཡུལ་ཁམས་སུ་དངོས་སུ་ཕེབས་གྲུབ་ཐབས་དང་ཡང་ན་རྫུ་འཕྲུལ་གྱིས་ཕེབས་གྲུབ་རྒྱུའི་གདན་འདྲེན་ཞུ་མཁན་ནི་གྲངས་མེད་པ་བྱུང་བ་དང་། གྲུབ་པ་དངོས་སུ་ཐོབ་པའི་སློབ་ཆེན་གསུམ་སྟོང་། བླ་མ་སེང་ཆེན་དངོས་དང་མཉམ་པའི་གྲུབ་ཐོབ་བརྒྱ།གཞན་དོན་ནུས་པའི་སློབ་ཆེན་ལྔ་བརྒྱ། རང་མགོ་ཐོན་པའི་སློབ་མ་འབུམ་གཅིག་བཅས་བྱུང་བ་རེད། །དེ་ནས་བླ་མ་སེང་ཆེན་རིན་པོ་ཆེ་རྡོ་རྗེའི་ཏིང་ངེ་འཛིན་ལ་བཞུགས་པའི་སྐབས་ནམ་གྱི་ཕྱི་ཡོལ་ཙམ་ན་མདུན་གྱི་ནམ་མཁའ་དྲ་བ་འོད་ལྔའི་ཀློང་ནས་རྡོ་རྗེ་རྩེ་དགུ་པའི་ལྟེ་བ་ལས་ཧཱུྃ་ཡིག་མཐིང་ནག་འཕྲོས་ཏེ་སྟོང་གསུམ་འོད་ཀྱིས་གསལ་བ་དང་ཧཱུྃ་ཡིག་དེ་ལས་འོད་ཟེར་འབུམ་ཕྲག་དུ་མ་འཕྲོས་ནས་སངས་རྒྱས་འབུམ་ཕྲག་དུ་མའི་ཞལ་གཟིགས་པ་དང་གཙོ་ལྷ་རྡོ་རྗེ་གྲོ་ལོད་རྒྱ་སྟག་རྔམ་པའི་སྟེང་ནས་མ་འགག་པར་གསལ་བ་མཛད་ནས། ལུང་བསྟན་གྱི་མགུར་འདི་གསུངས་སོ། ། ཨོཾ་མ་ཎི་པངྨེ་ཧཱུྃ། ཨེ་མ་སྤྲོས་མེད་དག་པའི་ཆར། །ཐ་སྙད་བརྡ་སྟོན་རྟེན་འབྲེལ་ཆེ། །བོད་ཡུལ་སྐྱེས་བུ་འགྲོ་དོན་ཅན། །སྙན་གྱི་དབང་པོ་བདག་ལ་གསོན། །ཁྱོད་ནི་རྒྱལ་བ་རིགས་གསུམ་མགོན། །གདུལ་དཀའ་འདུལ་ཕྱིར་མི་གཟུགས་བྱོན། །མི་ལོ་སུམ་བརྒྱ་བཅུ་གསུམ་རིང་། །ཞི་དྲག་ཐབས་ཀྱིས་འགྲོ་བ་འདུལ། །ལྟ་ལོག་བདུད་ཀྱི་སྡེ་དཔུང་བཅོམ། །མདོ་སྔགས་བསྟན་པའི་སྒྲོན་མེ་སྤར། །སྣང་སྲིད་ལྷ་མིའི་ནོར་གཡང་རྣམས། །སྙིགས་མའི་འགྲོ་བའི་ཕྱིར་དུ་བཏོན། །དགེ་བཅུའི་ཁྲིམས་ཀྱི་དར་སྲོལ་བཙུགས། །གནས་ཆེན་བསྐོར་བའི་འགག་རྡོ་གཏོར། །དེང་སང་ཐེག་ཆེན་ཆོས་འཁོར་བསྐོར། །འབྲེལ་ཚད་སྨིན་གྲོལ་ལམ་ལ་བཀོད། །བཀའ་དྲིན་སྐྱོང་བར་ངོ་མཚར་རྨད། །ཕྲིན་ལས་ནམ་མཁའི་མཐའ་དང་མཉམ། །འོན་ཀྱང་སངས་རྒྱས་འགྲོ་དོན་ནི། །ཇི་སྲིད་འཁོར་བ་མ་སྟོངས་བར། །རྒྱལ་བའི་འགྲོ་དོན་རྫོགས་མཐའ་མེད། །ལྟ་བ་ལོག་པའི་བདུད་རིགས་རྣམས། །འདུལ་བའི་གཉེན་པོ་མ་སང་རྗེ། །བདུད་ཆེན་དབང་བཙན་བཏུལ་ཟིན་རུང་། །ཞོར་བདུད་བཏུལ་བའི་རྟིང་པ་ལ། །གུར་ནག་ཁྲི་རྗེ་ཧོར་ནས་བྲོས། །སྟོད་ཕྱོགས་སྲིད་པའི་གངས་རྒྱབ་ཏུ། །ཐེའུ་རང་འབྱུང་པོ་རྒྱུ་བའི་ཡུལ། །སྟོད་ཧོར་སྟོང་སྡེ་ལྔ་ཙམ་ཆགས། །ད་ལྟར་སྟོབས་ཤུགས་ཆུང་ན་ཡང་། །ད་ལྟ་མ་བཏུལ་བཞག་པས་ན། །མ་འོངས་ཚེ་ལོ་བཅུ་པའི་དུས། །སྙིགས་མའི་འགྲོ་བ་སྡུག་ལ་སྦྱར། །བསྟན་པའི་ལྷག་མ་ནག་བསྲུབས་བཏང་། །ཡ་མིན་བླ་མའི་ངན་སྔགས་ལ། །བརྒྱ་ཤི་སྟོང་ལངས་དབུགས་ཐོབ་དང་། །རྫས་སྣ་དགུ་ལ་སྦྱོར་སྡེབས་གྱིས། །གུ་ལམ་ནག་པོའི་སྔགས་བཏབ་ནས། །འཕྲུལ་མི་སྲོག་མེད་བཟོ་ཐབས་སྔགས། །ཤི་འདྲེའི་སྟོབས་ཤུགས་རྒྱུ་བའི་སྔགས། །མ་ཡིག་གུར་ནག་ཁོ་ལ་ཡོད། །འཕྲུལ་མི་འབུམ་ཚོ་སུམ་ཅུ་ལ། །ངན་སྔགས་བཏབ་ཅིང་སྨོན་ལོག་བརྒྱབ། །ལྕགས་ནག་སྦྲམ་བུའི་ནང་དུ་བཅུག།ངན་སྔགས་མཁན་པོ་ཁྲ་མིག་གིས། །གཡེངས་མེད་བསྒྲུབ་པ་བྱེད་བཞིན་ཡོད། །ཧོར་གྱི་ཇག་པ་མི་བདུན་དེ། །མི་དྲུག་ལུས་ངན་འཕོས་ཟིན་ཡང་། །གཙོ་བོར་གུར་ནག་གསོན་པོར་ཡོད། །དབང་ཐང་འཕེལ་བ་རྫོགས་ན་ཡང་། །མ་ཤི་རོ་ལ་དབུགས་ཐོག་ཙམ།།འདུལ་རྒྱུ་ཡོད་པས་དེ་རུ་ཕེབས། །དཔུང་ཆེན་དམག་མང་འགྲོ་ས་མེད། །ཡོད་ཀྱང་གུར་ནག་མ་གཏོགས་པར། །གཞན་མིན་དཔུང་ཆེན་འཐབ་ཡ་མེད། །རྫུ་འཕྲུལ་ཁོ་ནས་བཏུལ་ཆོག་ཡིན། །དཀོན་མཆོག་གསུམ་གྱི་ཐུགས་རྗེ་ཡིས། །ཁོས་མི་ནོར་གྲོལ་ལམ་རྙེད་ཀྱང་སྲིད། །དེ་ཐུལ་རྗེས་བདུད་ཀྱི་རྟིང་པ་བུད། །དེ་ནས་ལོ་གསུམ་འདས་པའི་རྗེས། །མི་བཞུགས་རྒྱ་གར་ཡུལ་དུ་ཕེབས། །མ་ར་ཏི་ཀའི་ཀེའུ་ཚང་དེ། །རིགས་གསུམ་མགོན་པོས་བྱིན་གྱིས་རླབས། །སྔོན་བྱོན་གྲུབ་ཆེན་ཐམས་ཅད་ཀྱིས། །ཚེ་ཡི་རིག་འཛིན་བསྒྲུབ་པའི་ཕུག།ཁྱེད་དེར་ཕེབས་ཞག་བདུན་ཚེ་བསྒྲུབ་མཛོད། །ཁྱེད་མི་ཤིགས་ཚེ་ལ་མངའ་བརྙེས་ཀྱང་། །མ་འོངས་རྒྱུད་འཛིན་བུ་སློབ་ཀྱིས། །གེ་སར་རྒྱལ་པོའི་ཚེ་བསྒྲུབ་ཀྱིས། །དུས་མིན་མི་འཆི་བར་ཆད་སེལ། །ཚེ་ཟད་པ་ཡང་ཚེ་རིང་འགྱུར། །བདུད་ཀྱིས་མི་ཚུགས་ཕྲིན་ལས་རྒྱས། །བསྟན་པ་རྒྱུད་འཛིན་བདུད་ལས་རྒྱལ། །དེ་ནས་འཇིག་རྟེན་མི་བཞུགས་པར། །སྤྲུལ་པའི་དཀྱིལ་འཁོར་བསྡུ་བར་ཉེ། །སངས་རྒྱས་འཇིག་རྟེན་མི་བཞུགས་ཀྱང་། །ཐུགས་རྗེས་སེམས་ཅན་མི་གཏོང་བས། །ཕྲིན་ལས་འགྲོ་དོན་རྒྱུན་ཆད་མེད། །ཅེས་བཀའ་བསྩལ་ནས་རྒྱལ་བའི་དཀྱིལ་འཁོར་རྣམས་འོད་དུ་ཞུ་ནས་རང་ཉིད་ཀྱི་ཐུགས་ཀར་ཐིམ་པ་དང་རང་ཉིད་ཀྱང་ཡི་དམ་རྡོ་རྗེ་གྲོ་ལོད་དང་གཉིས་སུ་མེད་པར་གྱུར་རོ། །དེ་ནས་ནམ་གསལ་བ་དང་། མདུན་གཡོག་སྐྱ་ལོའི་སྣང་སྲས་གཡུ་སྟག་དང་མི་ཆུང་སྲས་པོ། དཔལ་བཟང་ཁྱུང་ལྷ་འབྲུག་རྒྱལ་གཉིས་ལ་བཀའ་བསྩལ་བར་རྒྱལ་བའི་ལུང་བསྟན་ལྟར་ང་ནི་མངའ་རིས་གངས་སྒོ་བརྒལ་ཏེ་ཧོ་ཨ་ཡན་ཇག་པ་གུར་ནག་འདུལ་བར་འགྲོ་དགོས་པའི་དབང་དྲག་འབར་བའི་ཕྱིར་དང་བདུད་ཀྱི་རིགས་རྣམས་མ་ལུས་ཚར་གཅོད་པའི་དགོས་ཆེད་དང་རྟེན་འབྲེལ་གྱི་དབང་གིས་རྡོ་རྗེ་ཅང་ཤེས་ལ་སྒ་ཆས་རྒྱོབ་ཤོག ཞག་བདུན་གསུམ་ཉེར་གཅིག་ལས་མི་འགོར་བས་དེ་ཡི་རིང་ལ་གླིང་ཕྱི་ནང་གི་དཔའ་ཐུལ་དང་སློབ་མ་རྣམས་ལ་མཚམས་དྲག་བཅད་ཡིན་ཁུལ་གྱིས་གསང་བ་བྱའོ། །མཁྱེན་པ་ཅན་རྣམས་ཀྱིས་མཁྱེན་ཡང་ཅི་གསུང་མི་སྲིད་ཅེས་བཀའ་བསྩལ་བ་དང་ཁོང་གཉིས་དད་སྐྱོ་གཉིས་ལྡན་གྱི་སྒོ་ནས་མ་གསང་ན་རྒྱལ་བའི་བཀའ་དང་འགལ། གསང་ན་འཛམ་གླིང་མུན་སེལ་སྒྲོན་མེ་ཁམས་གཞན་དུ་ཕེབས་ཤུལ་དུ་བཞུགས་ཡོད་མདོག་གིས་གསང་རྒྱ་བྱ་རྒྱུར་འགན་ལྕི་བསམ་ནས་དར་ཉིན་མོ་བདེ་ལེགས་སྲིད་ན་རིང་བ་ཞིག་རྗེ་བླ་མའི་མདུན་དུ་ཕུལ་ཏེ་ཕྱག་མང་དུ་འཚལ་ནས་གླུ་ཞུས་འདི་ལྷ་ངག་འགྱུར་མེད་ལ་དྲངས་ནས་མགྲིན་གཅིག་ཏུ་ཕུལ་བ། ཨོཾ་མ་ནི་པངྨེ་ཧཱུྃ། ཨ་ལ་ཨ་ལ་ཨ་ལ་རེད། །ཐ་ལ་ངག་གི་འགུགས་ལུགས་རེད། །ཆོས་སྐུ་ལོངས་སྐུ་སྤྲུལ་སྐུ་གསུམ། །གསོལ་བ་སྙིང་གི་དཀྱིལ་ནས་འདེབས། །བྱིན་རླབས་ཐུགས་རྗེའི་ཀློང་ནས་སྩོལ། །མ་དག་འཁོར་བའི་སེམས་ཅན་རྣམས། །ཡང་དག་བྱང་ཆུབ་ཐོབ་པར་ཤོག།ཡིད་དད་བརྒྱས་འཇའ་གུར་འཁྲིགས་པའི་ཀློང་། །རྣམ་འདྲེན་བཞི་པ་གསེར་མདོག་མཚན། །དགྲ་བཅོམ་འཕགས་པའི་ཚོགས་ཀྱིས་བསྐོར། །བཀའ་དྲིན་ཅན་ལ་གསོལ་བ་འདེབས། །རྒྱལ་བ་ཉིད་ཀྱི་བསྟན་པ་འདི། །མི་ནུབ་བསྐལ་བརྒྱར་དར་བར་ཤོག །བསིལ་བ་ཚལ་དང་ཧཱུྃ་ཆེན་གྲག།འཇིགས་བྱེད་ཚལ་དང་བདེ་ཆེན་བརྡལ། །དུར་ཁྲོད་ཆེན་པོ་མཆེད་བརྒྱད་ལ། །གནས་ཤིང་རྒྱུ་བའི་དམ་ལྡན་རྣམས། །གསོལ་འདེབས་དོན་གཉིས་ལྷུན་གྲུབ་ཤོག།གླིང་ཡུལ་སྤྲུལ་སྐུའི་ཞིང་ཁམས་ནས། །ཞིང་སྐྱོང་བདག་ཉིད་སྤྲུལ་པའི་སྐུ། །གེ་སར་ལྷ་ཡི་བླ་མ་མཁྱེན། །འདི་ཕྱིའི་ས་ལམ་བར་ཆད་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་སྩོལ། །ས་འདིའི་ས་ངོ་མ་ཤེས་ན། །མཐོང་སྨོན་བདེ་མཆོག་སྤྲུལ་སྐུའི་ཞིང་། །རྗེ་འཛམ་གླིང་ཉི་མའི་སྐུ་མདུན་རེད། །ང་འདྲ་ང་ངོ་མ་ཤེས་ན། །སྣང་སྲས་དང་ནི་དཔལ་བཟང་གཉིས། །ཕ་རིང་བུ་རིང་རང་རིང་གསུམ། །འབྲལ་མེད་སྐུ་མདུན་བཅར་མཁན་ཡིན། །དད་པ་དམ་ཚིག་འགྱུར་མེད་གཙང་། །གླུ་འདིའི་གླུ་ངོ་མ་ཤེས་ན། །ལྷ་ངག་འགྱུར་མེད་དད་གླུ་ཡིན། །འཇའ་འོད་སྣ་ལྔའི་ལྡིང་ཁང་དབུས། །རྗེ་སངས་རྒྱས་མི་གཟུགས་ཞི་མ་ཁྲོ། །མགོན་པདྨའི་རྒྱལ་ཚབ་རིགས་གསུམ་མགོན། །སྐྱབས་ཀུན་འདུས་བླ་མ་རིན་པོ་ཆེ། །འབངས་མོས་གུས་ཅན་ལ་གསན་དུ་གསོལ། །དཔག་བསམ་ཤིང་གི་རྩེ་མོ་ནས། །ཁྱུང་ཆེན་ཁམས་གཞན་འཕུར་བས་ན། །བྱ་ཕྲན་རང་གནས་ཟིན་ལེ་མིན། །ལྷུན་སྟུག་གངས་རི་མཐོན་པོ་ནས། །དུང་སེང་རྩལ་གྱིས་མཆོངས་ཤུལ་དུ། །འདམ་སེང་རང་གནས་ཟིན་ལེ་མིན། །ཙནྡན་ནགས་ཀྱི་གཞི་དཀྱིལ་ནས། །རྒྱ་སྟག་རི་གཞན་མཆོངས་པས་ན། །གཟིག་ཐང་རང་གནས་ཟིན་ལེ་མིན། །འཛམ་གླིང་མུན་སེལ་གེ་སར་རྗེ། །གློ་བུར་མ་བཞུགས་ཕེབས་པའི་ཤུལ། །མི་བཤད་གསང་ནས་སྡོད་ཕོད་མེད། །གླིང་གི་དཔའ་ཐུལ་རྒས་གཞོན་དང་། །སློབ་མ་ཁྲི་འབུམ་མང་པོ་ལ། །གསང་རྒྱ་བྱས་ནས་བཀག་ཕོད་མེད། །ཡབ་ཆེན་སེང་རློན་རྒྱལ་པོ་དང་། །ཁུ་བོ་སྤྱི་དཔོན་ཚེ་འཛིན་དང་། །གྲུབ་ཆེན་ཨ་ཁུ་ཁྲོ་རྒྱལ་དང་། །མ་ཡུམ་འགོག་བཟའ་དབུ་མཛད་པའི། །བགྲེས་སོང་རྣལ་འབྱོར་ཕོ་མོ་ལ། །མི་བཤད་གསང་ཕོད་གཏན་ནས་མེད། །དཔའ་ལ་དགའ་བདེ་འདན་མ་གསུམ། །ཐུགས་ཟིན་བུ་ཆེན་རྣམ་གསུམ་དང་། །སྟོད་གླིང་སྨད་གླིང་བར་གླིང་གི །ཁྲིམས་འཛིན་སྡེ་ཆེན་དཔོན་བློན་དང་། །ཡང་སྒོ་གསར་སྐྱེས་རྒྱུད་འཛིན་ལ། །སྦ་གསང་བྱ་ཕོད་གཏན་ནས་མེད། །རྩ་བའི་བླ་མའི་བཀའ་དོན་དེ། །ལྡོག་སྟེ་ཡར་ཞུས་མི་འཚམས་ཀྱང་། །མི་ཞུ་ཀ་མེད་མང་པོའི་དོན། །མ་སང་སྐྱེས་བུའི་སྐུ་རིང་དུ། །མཐའ་རྫོང་ཆེན་པོ་བཅོ་བརྒྱད་དང་། །རྫོང་ཕྲན་རྫོང་ཆུང་མང་པོ་ཕབ། །ཡར་ཁམས་བྱང་ཙམ་མ་གཏོགས་པར། །རྒྱལ་སྲས་ཉི་ཟླ་སྐར་གསུམ་ལ། །དཔའ་ཐུལ་རྒྱུ་སྐར་ཁྲ་མོས་བསྐོར། །འབུམ་དམག་ཆུ་འཛིན་སྟུག་པོས་བསྐོར། །དངོས་ཅན་སྟོབས་དང་སྨོན་ལམ་དབང་། །ཐོགས་པ་མེད་པའི་ཐུགས་རྗེ་ཡིས། །མ་རུངས་བདུད་ཀྱི་གཡུལ་ལས་རྒྱལ། །གཏེར་གཡང་དངོས་གྲུབ་ཐམས་ཅད་བཏོན། །ལམ་ལོག་ངར་འཛིན་བདུད་རིགས་རྣམས། །ངན་འགྲོའི་གནས་ནས་ཁ་ལོ་བསྒྱུར། །མདོ་སྔགས་བསྟན་པའི་རྒྱལ་མཚན་ནི། །སྲིད་པའི་རྩེ་མོར་མཐོན་པོར་བསྒྲེངས། །སྙན་གྲགས་ས་སྟེང་མ་ལུས་ཁྱབ། །དྲག་པོའི་དགྲ་མཐའ་ཆོད་ཟིན་གསུང་། །མི་ལོ་བཞི་བཅུའི་ཚུན་ཆད་དུ། །རྒྱལ་བློན་དམ་པའི་ཆོས་སྒོར་ཞུགས། །འཁོར་གསུམ་དྲག་ཆས་མཛོད་དུ་བཞག།ཡང་བསྐྱར་ལྷ་ཡི་བཀའ་ལུང་ལ། །གུར་ནག་འདུལ་བའི་དུས་བབ་གསུང་། །ཧོར་གླིང་འཁྲུགས་ནས་ད་ལྟའི་བར། །ལོ་ཧྲིལ་བརྒྱ་དང་བཅུ་བདུན་འདས། །ད་དུང་གུར་ནག་བསྡད་ཡོད་ན། །ཤི་མེད་ལྕགས་སྲོག་ཐོབ་པ་འདྲ། །ཧོར་བདུད་ནག་པོ་ཁ་དར་འདིས། །དེ་སྔོན་གླིང་ལ་ཉེས་བསགས་ཆེ། །ངེད་ཀྱིས་རྟེན་འབྲེལ་མི་བསྲུབས་ཀྱང་། །དཔུང་དམག་གུར་ནག་འདུལ་བའི་གྲོགས། །ལྷ་བློན་ཁྲ་གླག་སྤྱང་གསུམ་འདི། །དགུང་ལོ་མཐོ་བས་བགྲེས་ཉམས་ཆེ། །འོན་ཀྱང་ཚེ་ཡི་རིག་འཛིན་བརྙེས། །དཔོན་སློབ་མཉམ་དུ་ཕེབས་ན་བསམ། །ཡང་ན་སྟག་རོང་ཁྲོ་རྒྱལ་ཁོང་། །ཐུགས་རྗེ་ནུས་པ་འགྲན་ཟླ་བྲལ། །སློབ་དཔོན་ཁྱེད་དང་ངོ་བོ་མཉམ། །ཁུ་མཚན་ཉི་ཟླ་ཟུང་འབྲེལ་གྱིས། །གུར་ནག་མུན་པ་གསལ་ན་བསམ། །ཡང་ན་སྐྱེས་མཆོག་དམ་པའི་འཁོར། །གསར་སྐྱེས་རྒྱལ་སྲས་བཅུ་གསུམ་ལ། །ཧྲག་ཐུས་དམག་གིས་བསྐོར་ཏེ་ཕེབས། །རྒྱལ་བ་རྡོ་རྗེ་སྐུ་བརྙན་ལ། །བདུད་ཀྱིས་འཇིག་པ་མི་མངའ་ཡང་། །ཧོར་བདུད་ནག་པོ་ཁ་ནག་འདིས། །སྔར་ཡང་གླིང་ལ་གྱོང་ཆེན་བཏང་། །གཞན་མིན་དགྲ་ལས་དོགས་པ་ཆེ། །མཐའ་བཞིའི་བདུད་ཀྱི་སྡེ་དཔོན་རྣམས། །གཅིག་མེད་རྩ་བ་སྟོང་པའི་རྗེས། །ཕུང་རྒན་གུར་ནག་ད་དུང་ལྷག།དཔའ་རྩལ་ཅན་གྱི་ཕུ་ནུ་དང་། །མཐུ་སྟོབས་ཅན་གྱི་ཁུ་བོ་དང་། །ཡང་ན་དཔུང་རྒོད་གང་འཚམ་ཞིག།འཁོར་གྱིས་བསྐོར་ནས་ཕེབས་པར་ཞུ། །དོན་མ་ཁྲོལ་ཞུ་ནོར་མཐོལ་ལོ་བཤགས། །བཀའ་གྱེན་ལྡོག་ངག་འཆལ་བཟོད་པར་གསོལ། །ཅེས་ཞུས་ཏེ་ཕྱག་མང་དུ་བཙལ་བས་དུས་གསུམ་ཀུན་མཁྱེན་བླ་མ་སེང་ཆེན་རིན་པོ་ཆེས་ཞལ་འཛུམ་བཞིན་པར་ཡ་ཉོན་དང་དད་ལྡན་གཅེས་ཕྲུག་གཉིས་གསུངས་ནས་མགུར་འདི་གསུངས་སོ། །ཨོཾ་མ་ཎི་པངྨེ་ཧཱུྃ། ཨ་ལ་ཨ་ལ་ཨ་ལ་རེད། །ཐ་ལ་ངག་གི་འགུགས་ལུགས་རེད། །རང་སྣང་ལྷུན་གྲུབ་དཔལ་རི་ནས། །རྒྱལ་ཀུན་བདག་ཉིད་པདྨ་འབྱུང་། །གྲུབ་ཐོབ་རིག་འཛིན་རྒྱ་མཚོའི་ཚོགས། །གསོལ་འདེབས་འོད་སྐུར་གྲོལ་བར་ཤོག །ཡི་དམ་རྗེ་བཙུན་སྒྲོལ་མ་ལ། །ཡེ་ཤེས་མཁའ་འགྲོའི་ཚོགས་ཀྱིས་བསྐོར། །གསོལ་བཏབ་མོད་ལ་རྐྱེན་ངན་ཞི། །བསྒྲུབ་ལ་མཆོག་གི་དངོས་གྲུབ་སྩོལ། །རི་རབ་བྱང་ཕྱོགས་ལྕང་ལོ་ཅན། །གཏུམ་དྲག་ཡེ་ཤེས་རང་འཕྲོས་ཞིང་། །འབྱུང་པོ་ཀུན་འདུལ་གསང་བའི་བདག།མ་རུངས་འགོང་པོ་རྡུལ་ལྟར་རློགས། །རི་བོ་ཏ་ལའི་ཕོ་བྲང་ནས། །སྙིང་རྗེའི་གཏེར་ཆེན་སྤྱན་རས་གཟིགས། །ཉམ་ཐག་སྙིགས་དུས་འགྲོ་ལ་གཟིགས། །ཁམས་གསུམ་འཁོར་བ་དོང་ནས་སྤྲུགས། །ཀུན་གྱིས་བྱང་ཆུབ་ཐོབ་པར་ཤོག།རྔ་ཡབ་མ་ལ་རྡོ་རྗེ་གདན། །བདག་ཅག་སྟོན་པ་ཤཱཀྱ་ཐུབ། །དུས་གསུམ་བདེ་གཤེགས་ཡོངས་ཀྱིས་བསྐོར། །ཐུགས་རྗེས་རིགས་དྲུག་འགྲོ་ལ་གཟིགས། །གནས་ངན་བར་དོ་དྲུག་ལས་སྐྱོབ། །གསལ་སྟོང་ཆོས་སྐུའི་དགོངས་པ་ཤར། །འཁྲུལ་སྣང་རང་སར་ཞི་བར་ཤོག།དམ་ལྡན་སྲུང་མ་རྒྱ་མཚོའི་ཚོགས། །སྔོན་གྱི་དམ་ཚིག་མ་འདའ་བར། །སེམས་ཅན་བསམ་སྤྱོད་ཆོས་ལ་བསྒྱུར། །བསམ་གཏན་བསྒོམ་པའི་བར་ཆད་སོལ། །ས་འདིའི་ས་ངོ་མ་ཤེས་ན། །མཐོང་སྨོན་གཡང་གི་ར་བ་ཡི། །བདེ་མཆོག་སྤྲུལ་པའི་ཕོ་བྲང་རེད། །ང་འདྲ་ང་ངོ་མ་ཤེས་ན། །གླིང་གི་བླ་མ་གེ་སར་རྗེ། །འབྲེལ་ཚད་དོན་ལྡན་གྲུབ་ཐོབ་ཡིན། །དེ་ནས་ཉེ་གནས་སྐལ་ལྡན་གཉིས། །རྒྱུ་མཚན་ཞུས་པར་སྐྱོན་མེད་ཀྱང་། །ང་ལ་བཤོལ་འདེབས་རྨོངས་པའི་རྟགས། །ང་ཡི་སྐུ་ནི་འཇམ་དཔལ་དབྱངས། །སྐྱེ་འགག་གཉིས་མེད་རྡོ་རྗེའི་སྐུ། །ང་ཡི་གསུང་ནི་ཐེག་ཆེན་ཆོས། །འགག་མེད་གསུང་ནི་ཆོས་ཉིད་ཀློང་། །ང་ནི་འགྱུར་མེད་ཐུགས་ཀྱི་བདག།མཐུ་སྟོབས་ནམ་མཁའི་ཁམས་དང་མཉམ། །བདུད་ཀྱི་འཇིགས་པ་ཡེ་ནས་བྲལ། །ཧོར་སེར་དགྲ་ཆེན་ཁ་ནག་ཀྱང་། །ལས་སྨོན་སྟོབས་ཀྱིས་ཕམ་པར་བྱས། །ཤུལ་དུ་ལྷག་པའི་གུར་ནག་ཁོ། །ཉམས་པ་དགུ་ཡི་མཐའ་ལ་ཐུག།ཧོར་ལྷ་ཐེལ་མོ་བྲན་དུ་བཀོལ། །དཔུང་བཙན་མངའ་འབངས་གླིང་གིས་འཕྲོགས། །ལྟ་བ་ལོག་པའི་གུར་ནག་ཁོས། །ཧོར་ཡུལ་སྤངས་ཏེ་ཁམས་གཞན་བྲོས། །ཕྱི་འབྱུང་བཞིའི་ནུས་པ་རྒས་ལ་གུད། །ནང་རིག་པའི་མར་མེ་འདའ་བར་ཉེ། །ཚེ་འདིར་མ་བཏུལ་བཞག་པས་ན། །མ་འོངས་ཚེ་ལོ་བཅུ་པའི་དུས། །སྙིགས་དུས་སེམས་ཅན་སྡུག་ལ་སྦྱར། །བསྟན་པའི་ལྷག་མ་ནག་བསྲུབས་བཏང་། །སྨོན་ལོག་འཁྲུལ་མིས་ས་སྟེང་གང་། །དེ་དུས་ཤི་ཚད་དམྱལ་བར་ལྟུང་། །དེ་འདྲའི་རྐྱེན་ངན་མི་འབྱུང་ཕྱིར། །གུར་ནག་འདྲེན་པའི་དུས་བབ་གསུང་། །དུས་བབ་ལས་དེ་ཐོགས་མེད་འགྲུབ། །ཐོགས་མེད་ཐུགས་རྗེས་རོལ་གར་ལ། །ལ་ལམ་ས་ཐག་རིང་ཐུང་མེད། །སྟོབས་ཟད་རི་ཤོར་ཇག་པ་ལ། །གླིང་དཀར་དཔུང་ཆེན་དགོས་དོན་མེད། །འདུལ་སྐལ་ལྡན་པའི་གེ་སར་ལས། །ཁུ་མཚན་མཉམ་འགྲོགས་དགོས་པ་མེད། །མགོན་སྐྱབས་དཀོན་མཆོག་གསུམ་པོ་ཡོད། །ཕྲིན་ལས་དཔལ་མགོན་སྲུང་མས་བསྒྲུབ། །བཀུར་སྟི་ཡེ་ཤེས་མཁའ་འགྲོས་བྱེད།།ཞབས་ཞུས་ལྷ་ཀླུ་གཉེན་གྱིས་བསྒྲུབ། །འཇིགས་པ་མི་དགོས་ཡིད་ལ་ཞོག །བདུན་གསུམ་ཉེར་གཅིག་དུས་ཚོད་ནང་། །མཚམས་དྲག་ཡིན་པར་བཀའ་བསྒྲགས་གྱིས། །དེའི་རིང་གླིང་དཀར་སློབ་འབངས་སྡེར། །རྐྱེན་བགེགས་བར་ཆད་མི་འབྱུང་བར། །ངས་ནས་ལུང་བསྟན་ཡིད་ཆེས་གྱིས། །ཞེས་བཀའ་བསྩལ་བ་དང་གསོལ་དཔོན་གཉིས་ནི་ཡི་རང་སྟེ་མངོན་པར་བསྟོད་དོ། །མདོ་རྗེ་ཅང་ཤེས་ཁ་དཀར་ལ་རིན་ཆེན་ནོར་བུས་སྒ་ཆས་བརྒྱན། སྐུ་རྗེ་སེང་ཆེན་མཆོག་གིས་དགྲ་ལྷའི་གོ་མཚོན་སྣ་དགུ་བཞེས་ཏེ་བྱང་སྒོ་ནས་ཐོན་མ་ཐག་གཟའ་དང་དམ་ཅན་སྐྱེས་བུ་ཆེན་པོ་སྔགས་སྲུང་ཨེ་ཀ་ཛ་ཊ་བཅས་སྲུང་མ་རྣམས་ཀྱིས་ཆིབས་ཁ་བསྒྱུར་ནས་འོད་ཕུང་གི་དཀྱིལ་ནས་སུས་ཀྱང་མི་མཐོང་བར་རྫུ་འཕྲུལ་གྱིས་ཕེབས་སོ། །དེ་ནས་གསོལ་དཔོན་གཉིས་ཀྱིས་གཟིམ་ཆུང་སྒོ་བརྒྱབ་སྟེ་མཚམས་དྲག་བཅད་ཡིན་ཞེས་གསལ་བསྒྲགས་བྱས་སོ། །དེ་ནས་སྐད་ཅིག་གིས་སྟོད་མངའ་རིས་གངས་སྒོ་ཕྱི་མ་བརྒལ་ནས་ཕེབས་སྐབས་ཚེ་རིང་མཆེད་ལྔ་གཉེན་ཆེན་ཐང་ལྷ་སྨན་བཙུན་ཆེན་མོ་རྡོ་རྗེ་གཡུ་ཡི་སྒྲོལ་མ། དེ་བཞིན་བོད་སྐྱོང་སྲུང་མའི་ཚོགས་རྣམས་ཀྱིས་སོ་སོའི་རང་རྟགས་མཚོན་བཞིན་བསུ་མ་ཞུས་ཏེ་སེང་གེའི་འོ་མ་སོགས་རོ་བརྒྱ་བཅུད་ལྡན་གྱིས་དང་ཕུད་འདྲེན་པ་ཕ་རོལ་བདུད་ལས་རྣམ་པར་རྒྱལ་བའི་གནམ་ལྕགས་ཀྱི་ཁྲབ་རྨོག་དང་སྣང་སྲིད་ཀྱི་བསམ་འཕེལ་མང་པོ་ཕུལ་བ་ལྷན་ཅིག་ཏུ་དགྲ་ཕྱོགས་སུ་ཕེབས། དེ་ནས་བོད་དང་ཞང་ཞུང་གཉིས་ཀྱི་མཚམས་ལས་བརྒལ་ནས་སྲིན་ཡུལ་ཟངས་དམར་ཐང་ནས་ཕོ་འདྲེ་ནག་པོ་ཤ་གཟན་དེ་མི་ནག་རྟ་ནག་ཚུབས་སེ་རྔ་ཕྲུ་ནག་པོས་ཉི་འོད་སྒྲིབ་པ་གཡས་སུ་འཕྲུལ་ཞགས་ནག་པོ་ཀླད་ལ་བསྐོར་བ་གཡོན་ན་མི་སྙིང་དམར་པོ་ཁྲག་འཛག་ཐོགས་པ་འཁོར་དུ་སྲོག་ལེན་འདྲེ་རྒོད་སྟོང་གིས་བསྐོར་བ་དེ་རླུང་འཚུབ་ཀྱི་དཀྱིལ་ནས་གདོང་དུ་བྱུང་བ་དང་མ་སང་སྐྱེས་བུ་ཆེན་པོའི་ཕྲག་གཡས་གསེར་གྱི་རྡོ་རྗེ་ནམ་མཁའི་དབྱིངས་སུ་གསོར་ནས་སྤྱན་དམར་བཟླུམ་པོ་མཁའ་ལ་གཟིགས་ཏེ་མགུར་འདི་ཐོག་ཟེར་རིང་མོར་དྲངས་ནས་གསུངས་སོ། །ཨོཾ་མ་ཎི་པངྨེ་ཧཱུྃ། ཧཱུྃ་ཧཱུྃ་ཕཊ་ཕཊ་མ་ར་ཡ། །དབང་དྲག་འབར་བའི་གཞལ་ཡས་ནས། །ཆེ་མཆོག་དམར་ནག་མེ་ཕྲེང་ཅན། །བཞེངས་ཤིག་བཞེངས་ཤིག་དབྱིངས་ནས་བཞེངས། །རྒྱལ་འགོང་དམ་བསྲི་འདུལ་ཕྱིར་བཞེངས། །དར་ཡམས་ངན་པ་བཟློག་ཕྱིར་བཞེངས། །ཕོ་འདྲེ་རྒྱལ་གདོན་སྲོག་ལེན་ཐུལ། །མོ་འདྲེ་ཚེ་ལེན་སྲོག་གཅོད་ཐུལ། །བསྐལ་པའི་མེ་དཔུང་རབ་འཁྲུག་ཀློང་། །ཡེ་ཤེས་མཁའ་འགྲོ་སེང་གེའི་གདོང་། །ཕྱག་གཡས་གྲི་གུག་ནམ་མཁར་འཕྱར། །དགྲ་བགེགས་འབྱུང་པོ་དུམ་བུར་གཏུབ། །གཡོན་པས་ཐོད་པ་ཁྲག་བཀང་འཛིན། །རྦེད་འདྲེ་རྦོད་གཏོང་བྱས་ཁ་བཅས། །མ་ལུས་ཐུགས་རྗེས་བསྲེག་མཛད་མ། །ད་ལྟ་ཉིད་དུ་སྐུ་བཞེངས་ཤིག།བསྟན་ལ་གནག་པའི་དགྲ་བོ་རྣམས། །མྱུར་དུ་བསྒྲལ་འདྲེན་དུས་ལ་བབ། །བསྟན་པའི་ལས་མགོན་ཁྱེད་རྣམས་ཀྱིས། །བདུད་རྒྱུད་མ་ལུས་རྩད་ནས་ཆོད། །རྣམ་ཤེས་སྐྱེ་མེད་ཀློང་དུ་བསྲེས། །གཡུ་ལོ་བཀོད་པའི་ཞིང་ཁམས་ནས། །རྒྱལ་ཀུན་སྐྱེད་ཡུམ་རྗེ་བཙུན་མ། །གསོལ་བ་འདེབས་སོ་བར་ཆད་སོལ། །བསྒྲུབ་ལ་མཆོག་གི་དངོས་གྲུབ་སྩོལ། །བཀའ་སྲུང་དམ་ཅན་རྒྱ་མཚོ་ལ། །གསོལ་འདེབས་ལས་བཞིའི་ཕྲིན་ལས་བསྒྲུབས། །ས་འདིའི་ས་ངོ་མ་ཤེས་ན། །སྲིན་ཡུལ་ཟངས་ཐང་དམར་པོ་རེད། །ང་འདྲ་ང་ངོ་མ་ཤེས་ན། །འབྱུང་པོ་ཀུན་འདུལ་གསང་བའི་བདག །ཉོན་མོངས་ཀུན་འཇོམས་འཇམ་དཔལ་དབྱངས། །འཁོར་བ་དོང་སྤྲུགས་སྤྱན་རས་གཟིགས། །གཅིག་བསྡུས་རྒྱལ་བ་རིགས་གསུམ་མགོན། །གླུ་འདིའི་གླུ་ངོ་མ་ཤེས་ན། །བདུད་འདུལ་ཐོག་ཟེར་རིང་མོ་ཡིན། །དེ་ནས་ལས་ངན་འཇིགས་པའི་གཟུགས། །ཐོག་མེད་དུས་ནས་མ་ཤེས་རྨོངས། །ཞེ་སྡང་དབང་གིས་མེ་དཔུང་འབར། །ང་རྒྱལ་དབང་གིས་རྒྱ་མཚོ་ཁོལ། །ཕྲག་དོག་དབང་གིས་ན་བུན་འཁྲིགས། །རྒྱུན་དུ་སྒོ་གསུམ་སྡིག་ལ་སྤྱོད། །སངས་རྒྱས་བསྟན་ལ་ལོག་པར་ལྟ། །ཉེས་མེད་སེམས་ཅན་སྡུག་ལ་སྦྱར། །འཁོར་བའི་གནས་ལས་ཐར་དུས་མེད། །དེ་རིང་ང་ཡིས་བསྒྲལ་འདྲེན་བྱེད། །ཅེས་གསུངས་ནས་རྡོ་རྗེ་འཕངས་འཕྲལ་མི་རྒས་པོ་ཉམ་ཐག་པ་ཞིག་ཏུ་གྱུར་ནས་རྒྱལ་བའི་མདུན་དུ་བཅར་ནས་ཀྱེ་རྒྱལ་བ་ཐུགས་རྗེ་ཅན་སྲོག་གི་སྙིང་པོ་ཁྱོད་ལ་འབུལ། དེང་ནས་བྱང་ཆུབ་མ་ཐོབ་བར། །བླ་མ་ཁྱེད་ལ་སྐྱབས་སུ་མཆི། །སངས་རྒྱས་ཆོས་ཀྱི་འབྱུང་གནས་རྗེ། །འཕགས་པའི་དགེ་འདུན་བླ་མ་རྗེ། །ཀུན་འདུས་རྒྱལ་བ་རིགས་གསུམ་མགོན་ལ་སྐྱབས་སུ་མཆིའོ་ཞེས། གསོལ་བ་བཏབ་པས་བླ་མ་གེ་སར་གྱི་ཕྱག་གཡས་ཁོ་ཡི་སྤྱི་བོར་བཞག་སྟེ་བྱང་ཆུབ་སེམས་ཀྱི་གདམ་པ་གནང་ནས་བདུད་འདུལ་དབང་ཕྱུག་ཏུ་མིང་དུ་བཏགས་ནས་ཡེ་ཤེས་མགོན་པོའི་འཁོར་དུ་བཀའ་བགོས་ཏེ་མ་འོངས་པའི་དུས་ན་ཀླུ་བདུད་དམ་མེད་རྣམས་དང་རྒྱལ་འགོང་འདྲེ་རྒོད་རྣམས་ཀྱིས་སེམས་ཅན་ལ་གནོད་འཚེ་བྱེད་པ་དང་ལྷག་པར་དུ་ཆོས་བྱེད་གང་ཟག་རྣམས་ཀྱི་ཚེ་སྲོག་འཕྲོགས་པ། བསྒྲུབ་ལ་བར་དུ་གཅོད་པའི་དུས་དེར་སྤྱིར་སངས་རྒྱས་ཀྱི་བསྟན་པ་བསྲུང་། སེམས་ཅན་ལ་བདེ་སྐྱིད་སྤེལ། ཡང་སྒོས་སུ་རིགས་གསུམ་རྒྱལ་བའི་ཕྲིན་ལས་སྒྲུབས། བཀའ་དང་དམ་ལས་མ་འདའ་བ་གྱིས་ཤིག་ཅེས་བཀའ་བསྩལ་བ་དང་། སྲིན་ལུང་ཚྭ་ཐང་བརྒལ་ནས་ཕེབས་པའི་སྟོད་ཧོར་གྲོང་སྡེ་ཟིན་པ་དང་སྐད་ཅིག་གིས་ཤན་པ་མེ་རུ་རྩེ་ལ་སྤྲུལ་ཏེ་ཕེབས་པ་དང་ཤར་ལྷོའི་ས་སྲུང་རྣམས་དང་འཕྲད་པའི་ཚེ་རྒས་ཉམས་ཆེན་པོ་བསྟན་ནས་རྟ་དམར་ཆུང་ལས་བབ་མ་ལྷུང་གིས་ཚུལ་བསྟན་ནས་རིམ་པས་ཉེ་སར་བཅར་ནས་གླུ་འདི་འབྲས་རིང་ཆུ་བོ་དལ་འབབ་ཀྱི་རྟ་ལ་དྲངས་ལ་བླངས་སོ། །

 འཕྲོ་རྗེས་མར་གཟིགས། 

 མུ་འགོད། 

 

 

ཀློག་གྲངས།:[545]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com