སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

གླིང་དཀར་རྒྱལ་བློན་ཞལ་འཛོམས་ཀྱི་འཁྲབ་གཞུང་བསྡུས་པ་རྟེན་འབྲེལ་རོལ་མོ།

 

༄༅། །གླིང་དཀར་རྒྱལ་བློན་ཞལ་འཛོམས་ཀྱི་འཁྲབ་གཞུང་བསྡུས་པ་རྟེན་འབྲེལ་རོལ་མོ།

ཆོས་སྐུའི་བུ་མཆོག་འཁོར་གསུམ་ཅན། །

ལོངས་སྐུའི་མི་ཕོ་རྟ་མཆོག་ཅན། །

སྤྲུལ་སྐུའི་གཙོ་བོ་རྩལ་དྲུག་ཅན། །

མི་རྗེ་གེ་སར་སྐྱེས་བུ་རྒྱལ། །

དེ་ཡང་ཁྲབ་ཡོལ་རོལ་ཆ་སོགས་རྒྱན་བཀོད་གྲུབ་རྗེས། རོལ་དབྱངས་ལྷོད་ཆགས་པོའི་ཀློང་ནས་ས་བཟང་པོ་སྨོན་ལམ་ལ་ཁར་གླིང་དཀར་པོའི་ལས་གུར་མཐོང་སྨོན་དཀར་པོ་ཕུབ་པའི་སྒོ་མདུན་རྒྱན་བཀོད་གྲལ་བཤམས་ཕུན་སུམ་ཚོགས་པ་དང་བཅས་འཁྲབ་ཡོལ་ཕྱེས་པ་ན། ལྡོང་གསེར་བའི་དཔོན་པོ་ཉི་འབུམ་དར་ཡག་འཁོར་གཡོག་ཉུང་བསྡུས་བཞུགས་ཡོད་པ་དང་། དེར་ཉི་འབུམ་གྱིས་བློན་ཨ་ཁོད་ལ།

ཡ། བློན་ཨ་ཁོད་ཆེན་པོ། དེ་རིང་བཀྲ་ཤིས་པའི་ཉི་མ་འདིར། ངེད་ཆེ་རྒྱུད་གསེར་བ་ཤོག་གིས་གླིང་དཀར་རྒྱལ་བློན་རྣམས་གསོལ་མགྲོན་ལ་གདན་ཞུས་ཏེ། གླིང་དཀར་པོའི་སྤྱི་ལྷ་རྨ་གཉན་ཡུལ་ལྷའི་ཚོགས་ལ་བསང་མཆོད་དང་། རྒྱལ་བློན་ཞལ་འཛོམས་ཀྱི་དགའ་སྟོན་བྲོ་གར་ལ་རོལ་བཞིན་གླིང་སྤྱིའི་བསྟན་སྲིད་དང་འབྲེལ་བའི་གྲོས་མོལ་སོགས་དགོས་པར་སྣང་བས་དེ་ལུགས་འགྲུབ་པར་མཛོད། ཅེས་གསུངས་པ་ན། གསེར་བའི་བློན་པོ་ཨ་ཁོད་ཀྱིས་ལགས་སོ་བརྗོད་པ་དང་འཁྲབ་ཡོལ་བརྒྱབ། གཡས་ཕྱོགས་ནས་བློན་ཨ་ཁོད་མི་རྐྱང་རྟ་རྐྱང་གིས་ཕེབས་ཏེ། མཁར་རྔའི་སེང་སྒྲ་བཅས། ཀྭིའི་གླིང་ཡུལ་བསྟོད་སྨད་བར་གསུམ་གྱིས་གསོན་ཅིག །ངེད་ཆེ་རྒྱུད་གསེར་བ་ཤོག་གིས་བཀྲ་ཤིས་པའི་དུས་ཚེས་བཟང་པོར། ས་བཟང་པོ་སྨོན་ལམ་ལ་ཁར། སྐུ་སྐྱེས་མཆོག་སེང་ཆེན་རྒྱལ་པོ་དབུ་བྱས། གླིང་དཀར་པོའི་གྲོས་དབང་དཔའ་རྟུལ་བློན་ཚོགས་ཐམས་ཅད་གསོལ་སྟོན་ལ་གདན་ཞུས་ཏེ། འཛམ་གླིང་ལ་ཕན་པའི་སྐུ་རུམ་ལྷ་བསང་གཏོང་རྒྱུ་དང་། དགའ་སྟོན་རྟེན་འབྲེལ་གྱི་སྒོ་མོ་ཕྱེ་རྒྱུ་ཡིན་པས་མཐོ་དམན་དྲག་ཞན་མེད་པས་མ་གོ་མེད་པར་གྱིས་ལ་ཕེབས་ཤིགཅེས་འུར་བཞིན་རྟ་འགྲོས་ཀྱིས་ཕར་འགྲོ་སུར་འགྲོའི་སྐབས། ཆེ་རྒྱུད་ཀྱི་བློན་ཆུང་ཚོས་ལྷ་བསང་གི་རྒྱུ་ཆ་གྲ་སྒྲིག་བྱ། དེ་ནས་རོལ་དབྱངས་བཅས། གཡོན་སྒོ་ནས་གླིང་དཀར་པོའི་རྒྱལ་བློན་ཐམས་ཅད་བཀྲ་སྤུངས་སེ་འོད་ཁྲིགས་སེར་གྲལ་བསྒྲིགས་ཏེ་ཕེབས། འཁྲབ་ཡོལ་གྱི་མདུན་ཕྱོགས་སུ་ཕེབས་སྐབས་ཁྲབ་ཡོལ་ཕྱེས་པ་དང་། གདོང་གསེར་བའི་ཉི་འབུམ་འཁོར་གཡོག་སྒོར་ཕེབས་ཏེ་བློན་ཨ་ཁོད་བཅས་ཀྱིས་གླིང་རྒྱལ་བློན་གཙོ་གྲས་ལ་དར་གཏོང་བ་དང་ཁམས་བཟང་ཞུ་བ་སོགས་ལྷན་རྒྱས་བློན་འཁོར་བཅས་བསང་ཁྲིའི་ཁོར་ཡུག་བསྐོར་བ་ན། གསེར་བ་དཔོན་སེང་ཆེན་རྒྱལ་བློན་གྱི་སྐུ་མདུན་ཕྱོགས་སུ་ཕེབས་ནས་ཡིན་ལུགས་ཀྱི་གླུ་འདི་ལེན་ནོ། ། གླུ་ཨ་ལ་ལ་མོའི་ཨ་ལ་ལེན། །གླུ་ཐ་ལ་ལ་མོའི་ཐ་ལ་ལེན། །བླ་མ་པདྨ་འབྱུང་གནས་སོགས། ། སྐྱབས་གནས་དཀོན་མཆོག་གསུམ་པོ་མཁྱེན།། འགྲོ་སྣང་ཆོས་ལ་འགྱུར་བར་ཤོག ། ས་འདིའི་ས་ངོ་མ་ཤེས་ན།། གླིང་དཀར་ས་ཡི་ཐིག་ལེ་དེ།། ས་བཟང་སྨོན་ལམ་ལ་ཁ་རེད།། ང་འདྲ་གསེར་བའི་དཔོན་པོ་ལ།། ཉི་འབུམ་དར་ཡག་ལྡོང་གི་བུ།། སེང་ཆེན་རྒྱལ་པོའི་དབུ་བྱས་པའི།། སྤྲུལ་བའི་དཔའ་རྟུལ་དཔོན་བློན་རྣམས།། དེ་རིང་བཀྲ་ཤིས་ཉི་མ་འདིར།། ངེད་ཆེ་རྒྱུད་གསེར་བའི་གདན་ཞུས་ཡིན།། འཛམ་གླིང་སྤྱི་ལ་ཕན་པ་ཡིས།། དཀར་ཕྱོགས་དགྱེས་པའི་ལྷ་བསང་ཕུལ།། རྒྱལ་བློན་དགྱེས་པས་གསོལ་སྟོན་རོལ།། མ་སྲི་དགའ་བའི་གླུ་བྲོ་མཛོད།། གླིང་ཇུས་སྐྱོང་ལུགས་ཐུགས་གྲོས་མཛོད།། ཨེ་རེད་རྒྱལ་བློན་དཔའ་བོའི་སྡེ།། འདིར་བཞུགས་ཐུགས་ལ་དེ་ལྟར་ཞོག ། ཅེས་གསུངས་པ་དང་ལྷན། ཕ་སྤྱི་དཔོན་རོང་ཚ་ཁྲ་རྒན་མདུན་ལ་བུད་དེ།

འོ་ལགས་སོ། །སྨུག་པོ་ལྡོང་གི་ཆེ་མགོ ། ཆེ་རྒྱུད་གསེར་བའི་དཔོན་པོ་སྐུ་འཁོར་གྱིས་གླིང་རྗེ་རྒྱལ་བློན་གདན་ཞུས་ཏེ། ལྷོ་འཛམ་གླིང་བདེ་བའི་སྤྱི་རིམ་ལ་དམིགས་པའི་ལྷ་བསང་གཏོང་རྒྱུ་དང་། ནང་གི་རྟེན་འབྲེལ་ལ་དམིགས་པའི་དགའ་སྟོན་གླུ་གར་གྱི་སྟ་གོན་འདི་ཤིན་ཏུ་ལེགས་པས། ཆུང་རྒྱུད་འབུམ་པའི་དགྲ་བླ་སོགས་དཀར་པོ་ལྷ་ཡི་སྡེ་ཚོགས་ཀྱིས་ལྷ་བསང་སྒྲོན། འབྲིང་རྒྱུད་གཡུ་ཁྲི་གུང་སྔོན་སོགས་སྔོན་པོ་ཀླུ་ཡི་སྡེ་ཚོགས་ཀྱིས་མཆོད་སྤྲིན་སྤུངས། ཆེ་རྒྱུད་ཉི་འབུམ་དར་ཡག་སོགས་སེར་པོ་གཉན་གྱི་སྡེ་ཚོགས་ཀྱིས་ཕུད་རྒོད་བྲོན།

སྐུ་རྗེ་སེང་ཆེན་སྐྱེས་བུ་དང་། ཁྲི་གཅེས་འདན་མ་ཡབ་སྲས་ཀྱིས་ཐུགས་སྨོན་གནོངས་ཤིག །ཅེས་གསུངས་པ་དང་། གླིང་སྟོད་སྨད་བར་གསུམ་གྱི་དཔོན་པོ་ཚོས་ལྷ་བསང་ཕུལ་བ་ན། འདན་སྲས་ཆུང་གཡུ་འོད་འབུམ་མེ་མཆོག ། མི་སྔོན་རྟ་སྔོན་ཀླུ་ཕྲུག་ས་ཁར་ཐོན་འདྲ། དབུ་དར་ཕྲུ་རྒྱལ་མཚན་སྤུངས་སེ། བསང་ཁར་ཕེབས་ཏེ། ཕྱག་གིས་གླིང་དཀར་པོའི་ལས་དར་གཡོབ་བཞིན། ལྷ་བསང་གཏོང་བའི་གླུ་འདི་ལྷ་ངག་ལྡེམ་ཕྲུག་ལ་དྲངས་ནས་གསུངས་སོ། ། ལྷ་ཀི་ཀི་ལ་བསྭོ་བསྭོ་བསྭོ། ། ཀི་བསོད་དགྲ་བླའི་འབོད་པ་ཡིན།། དེ་རིང་བཀྲ་ཤིས་ཉི་མ་ལ། ། གླིང་རྒྱལ་བློན་ལྷ་ཞལ་འཛོམས་ས་ནས། ། འདན་སྲས་ཆུང་གཡུ་འོད་འབུམ་མེ་ངས། ། རྣམ་དག་བདུད་རྩིའི་བསང་མཆོད་འབུལ། ། དུས་གསུམ་རྒྱལ་པའི་སྤྱི་གཟུགས་ཆེ། ། བླ་མ་པདྨ་འབྱུང་གནས་སོགས། ། རྩ་རྒྱུད་བླ་མ་ཐམས་ཅད་མཆོད། ། རྡོ་རྗེ་གཞོན་ནུ་ལ་སོགས་པའི། ། ཡི་དམ་རྒྱལ་བ་ཞི་ཁྲོ་མཆོད། ། བདུད་འདུལ་དྲག་མོ་ལ་སོགས་པའི། ། མ་མོ་མཁའ་འགྲོའི་ལྷ་ཚོགས་མཆོད། ། ལྷ་ཀླུ་གཉན་གསུམ་ལ་སོགས་པའི། ། དཀར་ཕྱོགས་སྐྱོང་བ་ཐམས་ཅད་མཆོད། ། གཉན་སྟག་དམར་པོ་ལ་སོགས་པའི། །སྨུག་པོ་ལྡོང་གི་དགྲ་བླ་མཆོད།། རྨ་རྒྱལ་རྡོ་རྗེ་དགྲ་འཇོམས་སོགས།། རྨ་ཡུལ་གླིང་གི་གཞི་བདག་མཆོད། ། མདོར་ན་སྣང་ཞིང་སྲིད་པ་ཡིས། ། དགྲ་བླ་ཝེར་མ་གཞི་བདག་དང་། ། དཀར་པོ་གླིང་ལ་འགོ་བ་རྣམས། ། རྣམ་དག་བསང་གི་མཆོད་པར་འབོད། ། གླིང་རྗེ་གེ་སར་རྒྱལ་བློན་གྱིས། ། ཏིང་ངེ་འཛིན་ལས་འཁྲུངས་པ་ཡི། ། རྣམ་པ་ཀུན་བཟང་མཆོད་པའི་སྤྲིན། ། ངོ་བོ་ཟག་མེད་ཡེ་ཤེས་རྫས། ། མཉམ་ཉིད་བདེ་བ་ཆེན་པོས་སྟོབས། ། རྟེན་ཅིང་འབྲེལ་བ་ལས་བྱུང་བའི། ། ཆོས་ཉིད་ཟབ་མོའི་རི་མོ་བཞིན། ། འཛམ་གླིང་བདེ་ཞིང་སྐྱིད་པ་དང་། ། སྒོས་སུ་དཀར་པོ་གླིང་གི་སྡེའི། ། ཆོས་སྲིད་བསྟན་པའི་རྒྱལ་མཚན་ཕྱོར། ། མི་འདོད་འགལ་རྐྱེན་སྟོབས་ཀྱིས་ཆོམས། ། ལས་རླུང་དབང་ཐང་དགུང་ལ་བསྟོད། ། ཡིད་ལ་དམིགས་པའི་ལས་དོན་རྣམས། ། གེགས་མེད་ཡིད་བཞིན་མྱུར་འགྲུབ་མཛོད། ། བཅོལ་བའི་ལས་ལ་མ་གཡེལ་ཞིག །བདག་ནི་རིག་འཛིན་བརྒྱུད་པའི་སྲས།། སྨྲས་པ་བཞིན་དུ་འགྲུབ་པར་ཤོག། ཀཱི་ཀཱི་བསྭོ་བསྭོ་ལྷ་རྒྱལ་ལོ། ། ཞེས་གསུངས་པ་དང་ལྷན། རྒྱལ་བློན་ཐམས་ཅད་ཀྱིས་ལྷ་རྒྱལ་བརྗོད་ཅིང་ལྷ་བསང་བསྐོར། མཚམས་སུ། སྒྲ་རོལ་བཅས། རྒྱལ་བློན་རྣམས་སྔར་ཕེབས་ཀྱི་རིམ་པ་ལྟར་བསང་ལ་གཡས་སྐོར་གཅིག་གིས་ཁྲི་སྟེགས་ཀྱི་ཕྱོགས་སུ་ཡར་ཕེབས་ཤིང་། ཐམས་ཅད་ཆིབས་ལས་བབས་པ་ན། ལྡོང་གསེར་བའི་ཉི་འབུམ་དར་ཡག་མདུན་ཕྱོགས་སུ་ཕེབས་ཏེ། ཕྱག་གིས་དར་བཅས་གྲལ་བཀོད་ཀྱི་གླུ་འདི་ལེན།

གླུ་ཨ་ལ་ལ་མོའི་ཨ་ལ་ལེན། ། གླུ་ཐ་ལ་ལ་མོའི་ཐ་ལ་ལེན། ། ལྷ་ཆེན་ཚངས་པ་དཀར་པོ་འབོད། ། གཉན་ཆེན་སྐུ་ལྷ་གེར་མཛོད་འབོད། ། གླུ་རྒྱལ་གཙུག་ན་རིན་ཆེན་འབོད། ། ཡུལ་ལྷ་རྨ་རྒྱལ་སྤོམ་ར་འབོད། ། དཀར་པོ་གླིང་གི་བསྟན་པ་སྐྱོངས། ། ས་འདིའི་ས་ངོ་མ་ཤེས་ན། ། ལྷ་གུར་དཀར་པོའི་སྒོ་མདུན་རེད། ། ང་འདྲ་ང་ངོ་མ་ཤེས་ན། ། ཆེ་རྒྱུད་གསེར་བའི་དཔོན་པོ་ལ། ། ལྡོང་གི་ཉི་འབུམ་དར་ཡག་ཡིན། ། དེ་རིང་བཀྲ་ཤིས་ཉི་མ་ལ། ། གླིང་དཀར་རྒྱལ་བློན་འཁོར་དང་བཅས། ། ཆེ་རྒྱུད་གསེར་བའི་མགྲོན་བཟང་ལ། ། ཆིབས་བསུ་གདན་བཀོད་འདི་འདྲ་ཡོད། ། དབུས་མི་འཇིགས་གསེར་གྱི་ཁྲི་ཕངས་ལ། ། མི་དབང་སེང་ཆེན་རྒྱལ་པོ་བཞུགས། ། གཡས་ཀྱི་གཡུ་ཁྲི་སྔོན་པོ་ལ། ། འདན་སྲས་གཡུ་ཡི་མེ་ཏོག་བཞུགས། ། གཡོན་གྱི་དངུལ་ཁྲི་དཀར་པོ་ལ། ། འབུམ་པའི་དགྲ་བླ་རྩེ་རྒྱལ་བཞུགས། ། གོང་གྲལ་གཡས་ཀྱི་འབོལ་གདན་ལ། ། ཁུ་བོ་སྤྱི་དཔོན་རྒྱལ་པོ་དང་། ། སྐྱ་ལོའི་སྟོན་པ་རྒྱལ་མཚན་བཞུགས། ། གོང་གྲལ་གཡོན་གྱི་འབོལ་ཁྲི་ལ། །ཡབ་ཆེན་སེང་བློན་རྒྱལ་པོ་དང་། ། ཁུ་བོ་ཁྲོ་ཐུང་རྒྱལ་པོ་བཞུགས། ། གཡས་གྲལ་སྟག་གི་རི་མོ་ལ། ། གསེར་བའི་ཉི་འབུམ་ང་དང་གཅིག །ཁྲི་དཔོན་གཡུ་ཁྲི་གུང་སྔོན་གཉིས། ། མུ་སྤྱང་རིན་ཆེན་དར་ལུ་སོགས། ། དཔོན་རྒྱུད་གྲལ་ཐོབ་ལྟར་དུ་སྡོད། ། གཡོན་གྲལ་གཟིག་གི་ཐིག་ལེ་ལ། ། བློན་ཆེན་འདན་མ་བྱང་ཁྲ་གཅིག ། སྒ་བདེའི་ཆོས་སྐྱོང་བེར་ནག་གཉིས།། དཔའ་ལྷ་མི་སྤྱང་དཀར་པོ་སོགས། ། རྒྱབ་གྲལ་གཡས་ཀྱི་དང་པོ་ལ། ། སྡིག་གཅོད་ཤན་པ་མེ་རུ་གཅིག ། གཡུ་ལྷ་བུ་ཡི་ཐོག་འགྱུར་གཉིས། ། དུང་སྐྱོང་སྟག་ལྷ་ཁྲི་དཀར་གསུམ། ། ཨ་སྟག་དཔའ་བའི་གླུ་མོ་སོགས། ། བཀའ་བློན་དཔའ་རྒོད་ཐོབ་ལྟར་བཞུགས། ། རྒྱབ་གྲལ་གཡོན་གྱི་དང་པོ་ལ། ། མ་ཡུམ་འགོག་བཟའ་ལྷ་མོ་གཅིག ། རྒྱལ་ཡུམ་སེང་ལྕམ་འབྲུག་མོ་གཉིས། ། ནེའུ་ཆུང་དབྱིངས་ཕྱུག་རྒྱལ་མོ་སོགས། ། མ་སྲུ་དུང་སྨན་འཁོར་བཅས་བཞུགས། །དེ་མིན་གླིང་དཀར་ལྷ་ཡི་སྡེ། ། དགའ་བའི་དགྱེས་འཛུམ་ཤིགས་སེ་བཞུགས། ། གསེར་བ་ཤོག་གིས་བཤམས་པ་ཡི། ། འདོད་ཡོན་མཆོད་པའི་སྟོན་མོར་རོལ། ། ཟག་མེད་ཐུགས་ཀྱི་དགྱེས་བསྐྱེད་དུ། ། བདེ་སྟོང་མཆོད་པའི་གླུ་བྲོ་འབུལ། ། སྤྱན་གཟུགས་མཆོད་པའི་དཔལ་ལ་རོལ། ། ཆེ་བའི་རྒྱལ་བློན་ཐམས་ཅད་ཀྱིས། ། གླིང་དཀར་ལྷ་ཡི་སྡེ་བ་ཡིས། ། ཆོས་སྲིད་བསྟན་པ་སྐྱོང་བའི་ཚུལ། ། འདི་གྱིས་ཐུགས་བཀོད་ལ་སོགས་པ། ། ཅི་ཡོད་དོན་དང་ལྡན་པར་མཛོད། ། འདིར་ཕེབས་ཐུགས་ལ་དེ་ལྟར་ཞོག །ཅེས་གསུངས་པ་ན།

རྒྱལ་བློན་ཐམས་ཅད་དབུ་དར་ཕྲུའི་གར་སྟབས་ལེང་ངེར། ཉི་འབུམ་གྱི་གྲལ་བཀོད་ལྟར་གདན་ལ་འཁོད། ཉི་འབུམ་གྱིས་བཞུགས་གདན་འཇགས་བརྗོད་པ་ན་གྲལ་ལ་བཞུགས། དེར་བློན་ཨ་ཁོད་ཀྱིས་ཐལ་བརྡ་བཅས་གསོལ་ཇ་མཆོད། ཅེས་བསྒྲགས་མ་ཐག་གཡས་གཡོན་ནས་ཞལ་ཏ་བ་རྣམས་བདེ་མྱུར་གར་སྟབས་ཀྱིས་ཕེབས་ཏེ། རིམ་པ་ལྟར་ཇ་ཆང་དྲངས་པ་ན། སེང་ཆེན་རྒྱལ་པོས་དབུ་མཛད་དེ་ཕྱག་སྲིན་གྱིས་ཇ་ཕུད་མཆོད། ཐམས་ཅད་ཀྱིས་གསོལ་མགྲོན་ལ་རོལ། སྐབས་དེར་ཁྲོ་ཐུང་གྲལ་ལས་བཞེངས་ཏེ། གྲལ་ནང་གི་མགྲོན་བཤམས་ཀྱི་བཟང་ངན་ལ་མིག་ཉུལ་བཅས། ཧ་ཧ་ཧ། ཡ་འོ་ན་གླིང་དཀར་རྒྱལ་བློན་ཚོ། །དེ་རིང་བཀྲ་ཤིས་ཉི་མ་ལ། །ཆེ་རྒྱུད་གསེར་བའི་མགྲོན་བསུ་འདིར། །ཆང་སྐྱེམས་འབར་བཟི་ཁ་ཡོད་ཞན་འདྲ། །སྨན་མཛེས་མའི་གླུ་གར་མེད་པ་ན། །འཇམ་ཐང་ངེར་གླང་རྒན་ཆུ་འཐུང་འདྲ། །གདོང་ཆེ་རྒྱུད་གསེར་བའི་ན་ཆུང་ཚོ། ། གར་སྟངས་སྟབས་ཡོད་ན་རན་ལེ་གདའ། ། ཞེས་ཉམས་འགྱུར་སྣ་ཚོགས་སྐབས། ཡང་བློན་ཨ་ཁོད་ཀྱིས་ཕྱག་བརྡ་བཅས། ཞབས་བྲོ་མཆོད་ཅེས་བསྒྲགས་པ་ན། གཡས་གཡོན་ནས་བྲོ་བ་རྣམས་ཕེབས་ཏེ་རྩ་གསུམ་ལྷ་ཚོགས་དགྱེས་པའི་བྲོ་གར་སྣ་ཚོགས་ཀྱིས་ལྷ་མི་དགྱེས་པའི་སྒོ་ཆེན་ཕྱེས། དཔོན་པོ་ཁྲོ་ཐུང་གཙོས་དཔའ་རྟུལ་དཔོན་བློན་ཐམས་ཅད་ཀྱིས་ཐུགས་དགྱེས་པའི་ཉམས་འགྱུར་སྣ་ཚོགས་ངོམས། དེར་གླུ་བྲོ་མཇུག་དྲིལ་བ་ན། དབུས་གསེར་ཁྲི་སེར་པོའི་ཁྲི་སྟེགས་ནས་སེང་ཆེན་དགྲ་བླའི་རྒྱལ་པོས་གྲེ་བྱང་བཅས།

ཡ་འོ་ན་གླིང་དཀར་རྗེ་བློན་རྣམས། །དེ་རིང་བཀྲ་ཤིས་པའི་ཉི་མ་འདིར། །ཆེ་རྒྱུད་གསེར་བའི་ཉི་འབུམ་གྱིས། །འཛམ་གླིང་བདེ་བའི་སྤྱི་བསང་དང་། །ལྷ་སྡེ་དགྱེས་པའི་གསོལ་སྟོན་ལེགས། །གླིང་རྗེ་གེ་སར་རྒྱལ་པོ་ལ། །གཏམ་དང་སྐད་ཆ་ཉུང་ཙམ་ཡོད། །གསུངས་ཏེ་ཐུགས་བཀོད་ཀྱི་གླུ་འདི་ལྟར་གསུངས་སོ། ། གླུ་ཨ་ལ་ལ་མོ་ཨ་ལ་ལེན། ། གླུ་ཐ་ལ་ལ་མོའི་ཐ་ལ་ལེན། ། གནས་སྤྱི་གཙུག་ཉི་ཟླའི་གདན་སྟེང་ནས། ། དྲིན་ཆེན་རྩ་བའི་བླ་མ་མཁྱེན། ། འབྲེལ་ཚད་ཐར་ལམ་ཐོབ་པར་ཤོག །ས་འདིའི་ས་ངོ་མ་ཤེས་ན། ། ལྷ་གུར་དཀར་པོའི་ནང་བཅུད་ཀྱི། ། གསེར་ཁྲི་རྔམ་པའི་ཡང་སྟེང་སྟེ། ། ང་འདྲ་གླིང་རྗེ་གེ་སར་རྒྱལ། ། ནག་ཕྱོགས་གདུག་པའི་ཁ་གནོན་དང་། ། དཀར་ཕྱོགས་བསྟན་པའི་རྒྱལ་མཚན་ཡིན། ། དེ་ནས་གླིང་དཀར་ལྷ་སྡེ་ཡི། ། ཆེ་ལ་འདན་སྲས་འཇང་སྲས་དང་། ། འབུམ་པའི་སྣང་རྒྱས་དཀར་པོས་གསོན། ། གཉན་ལ་འདན་མ་ཤན་པ་དང་། ། དཔའ་ལྷ་མི་སྤྱང་དཀར་པོས་གསོན། ། ཉི་མ་དེ་རིང་ཕན་ཆོད་ཀྱང་། ། གླིང་དཀར་ལྷ་ཡི་སྡེ་བ་ལ། ། དགྲ་བྱུང་ན་མདུང་མོ་མཉམ་ཕྱུང་གིས། ། གྲོགས་ཕྱུང་ན་གྲི་རྩེས་འདྲ་གོས་མཛོད། ། སངས་རྒྱས་བསྟན་ལ་མི་མོས་པའི། ། ནག་ཕྱོགས་དགྲ་འདྲེ་གར་ཡོད་ལ། ། གནམ་ལྕགས་ཐོགས་མདའ་ལྷུང་ལྷུང་གྱིས། ། དཀར་ཕྱོགས་བསྟན་པ་འཛིན་པ་ལ། ། ཁ་འཛིན་སྡོངས་གྲོགས་གཡེལ་མེད་གྱིས། ། གོང་དཔོན་པོས་ཁྲིམས་ལུགས་རྒྱུ་འབྲས་གྱིས། །འོག་འབངས་སྡེས་ཁྲིམས་བསྲུངས་གུས་བརྩི་གྱིས། ། ལས་རྒྱུ་འབྲས་མིག་གི་གནོང་ལྟར་སྲུངས། ། ལམ་དགེ་བཅུ་དམ་པའི་གསུངས་བཞིན་བརྩིས། ། ཚེ་འདི་ལས་ཕྱི་མ་རྒྱང་ཐག་རིང་། ། དཔོན་འདི་ལས་ཆོས་རྒྱལ་བཀའ་ཁྲིམས་བཙན། ། དོན་དེ་ཕྱིར་དགེ་སྒྲུབ་སྡིག་སྤངས་མཛོད། ། གླིང་དཀར་པོའི་སྤྱི་དོན་སེམས་ལ་ཟུངས། ། བཀའ་འདི་འདྲ་སུ་ཡིས་དང་ལེན་ལ། ། ང་གེ་སར་རྒྱལ་བློན་འབྲལ་བ་མེད། ། ཚེ་འདི་དང་ཕྱི་མར་བདེ་འགྲོ་རྙེད། ། དེ་མཆོག་གསུམ་བདེན་པའི་མཐུ་བྱིན་དང་། ། ང་སེང་ཆེན་སྐྱེས་བུའི་སེམས་སྐྱེད་ཡིན། ། དེ་མིན་གནས་སྐབས་ཅི་ཞུ་མེད། ། འདིར་བཞུགས་ཐུགས་ལ་དེ་འདྲ་ཞོག ། ཅེས་ཉམས་དང་བཅས་གསུངས་པ་ན། དེར་བཞུགས་ཡོངས་ཀྱིས་མགྲིན་གཅིག་ཏུ་ལགས་སོ་བརྗོད། འདི་དུས་འབྲུག་མོ་ནེའུ་ཆུང་གཉིས་ལ་ཞལ་ཏ་མ་དར་འཛིན་པ་འགས་བསྐོར་ཏེ་ཁྲ་སྡེམ་མེ། འཛུམ་ཤིགས་སེར་ཕེབས་ནས། འབྲུག་མོ་དང་ནེའུ་ཆུང་ཟུང་གིས་རྒྱལ་པོ་གེ་སར་དང་། འདན་སྲས་གཉིས་ལ་དར་དངོས་ཕུལ་བ་དང་ལྷན། གཞན་པ་ཐམས་ཅད་ཀྱིས་དཔའ་བརྟུལ་ཚོགས་ལ་དར་གཏོང་། དེར་ནེའུ་ཆུང་འབྲུག་མོ་གཉིས་ཀྱིས་ཕྱག་ཏུ་མདའ་དར་རེ་རེ་ཐོགས་ཏེ། ནེའུ་ཆུང་ལུ་གུས་ཚར་ཡག་གིས་ཤིས་བརྗོད་ལྷ་ཡི་བདེན་ཚིག་དབྱངས་རྟ་ཅོ་ཀའི་དྲུག་འགྱུར་ལ་དྲངས་ནས་གསུངས་སོ། ། ཨོཾ་ཆོས་སྐུ་ཀུན་ཏུ་བཟང་མོ་མཁྱེན། ། ཨ་ལོངས་སྐུ་རྗེ་བཙུན་སྒྲོལ་མ་མཁྱེན། ། ཧཱུཾ་སྤྲུལ་སྐུ་ཡེ་ཤེས་མཚོ་རྒྱལ་མཁྱེན། ། སྨན་ནེའུ་ཆུང་ངག་ལ་བདེན་མཐུ་སྩོལ། ། རྟགས་རྟེན་འབྲེལ་སྒོ་མོ་ཡག་པར་ཤོག ། གླིང་རྒྱལ་བློན་ཞལ་འཛོམས་གྲྭལ་དབུས་ནས། ། ང་ནེའུ་ཆུང་ལྷ་མོས་ཤིས་བརྗོད་ལ། ། སྒ་སྐྱ་ལོའི་བུ་མོས་རམ་འདེགས་ཡོད། ། ལྷ་སྒྲོལ་མ་དཀར་སྔོན་བདེན་ཚིག་ཡིན། ། གླིང་དཀར་རྒྱལ་བློན་སྐུ་འཁོར་གྱི། ། ཆབ་སྲིད་དབུ་རྨོག་བརྟན་པར་ཤོག ། སྐུ་ཚེའི་ཁྲབ་རྫོང་སྲ་བར་ཤོག །གཞན་དོན་རླུང་རྟ་མཐོ་བར་ཤོག ། རང་དོན་ཐུགས་བཞེད་ལྷུན་འགྲུབ་ཤོག ། གླིང་ཡུལ་སྟོད་སྨད་བར་གསུམ་གྱི། ། སྡེ་བཞིའི་མངའ་ཐང་འཕེལ་བར་ཤོག ། སྐུ་བཞིའི་ལམ་སྣ་ཟིན་པར་ཤོག ། སྙན་གྲགས་འཛམ་གླིང་ཁྱབ་པར་ཤོག ། མ་འོངས་འཁོར་བ་མ་སྟོང་བར། ། སེང་ཆེན་རྒྱལ་བློན་མཛད་འཕྲིན་ལ། ། ཉམས་དང་རྒུད་པ་མི་འབྱུང་བར། ། འགྲོ་བའི་རྒྱན་དུ་བརྟན་པར་སྨོན། ། སྨོན་པ་བཞིན་དུ་འགྲུབ་པར་ཤོག ། འདིར་བཞུགས་ཐུགས་ལ་དེ་ལྟར་ཞོག ། ཅེས་གསུངས་པའི་མཇུག་ནས་འཁྲབ་ཡོལ་དལ་བུས་འཐེན་ཏེ། རོལ་དབྱངས་ཀྱིས་མཇུག་བསྡུ་བར་བྱའོ། །

ཅེས་བོད་རབ་རྒྱན་མེ་སྤྲེལ་ལོའི་ཟླ་༥་བའི་ཚེས་༧ཏེ། ༢༠༡༦ལོའི་ཟླ་༧པའི་ཚེས་༡༡ཉིན། སྨིན་ཐང་མཆོག་སྤྲུལ་རྡོ་རྗེ་བརྟན་གྱིས་འདི་འདྲ་དགོས་ཞེས་གསུང་ངོ་མ་ལྡོག་པའི་སྐབས་གློ་བུར་ཡིད་ལ་གང་དྲན་དུ་ཤར་བྲིས་བྱས་ཏེ་ཕུལ་བ་པོ་ནི་སྨིན་དབུས་ཨ་དཀར་པོའོ། ། བཀྲ་ཤིས་པར་ཤོག །


 

 

ཀློག་གྲངས།:[823]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com