སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

སྨོན་ཚིག །


སྨོན་ཚིག།
མི་མཇེད་ཞིང་གི་སྟོན་པ་གཉིས་པའི་མཚན། །
མི་བསྲུན་ཟིལ་གནོན་པདྨའི་ཐུགས་ཀྱི་སྲས། །
མི་རྗེ་དག་པ་ལྷ་ཡི་དགོངས་སྤྱོད་ཅན། །
མི་དབང་སེང་ཆེན་དགྲ་བླའི་རྒྱལ་པོས་སྐྱོངས། །

མི་ཡུལ་འདི་ཡི་ཐ་མའི་དག་ཞིང་ཞེས། །
མི་རིགས་གདོང་བ་དམར་པོ་གནས་པའི་ཡུལ། །
མི་ནུབ་གངས་རི་དཀར་པོའི་རྒྱལ་མཚན་ཏོག །
མི་ཡི་ཡུལ་ན་མཐོ་བ་གླིང་དཀར་སྟོད། །

མི་ལོ་སྟོང་ཕྲག་མང་པོའི་སྔ་རོལ་ནས། །
མི་ཡི་རིག་གནས་འཕེལ་རྒྱས་བྱུང་ཡུལ་ཞེས། །
མི་རྫུན་ལོ་རྒྱུས་བདེན་རྟགས་དགེ་མཚན་ཅན། །
མི་འགྱུར་བསིལ་ལྗོངས་སྣོད་བཅུད་རྟག་བརྟན་ཤོག །

མི་ཡི་ཐོག་མ་མེས་པོ་རིམ་བྱུང་གི།
མི་ལུགས་ཡ་རབས་སྲོལ་རྒྱུན་བཟང་པོའི་བཅུད། །
མི་ཡུལ་འདི་ན་མཚུངས་ཟླ་མ་མཆིས་པའི། །
མི་ཆོས་གཙང་མའི་ཕ་ཡུལ་རྟག་བརྟན་ཤོག །

མི་འགྲན་དབུ་རྨོག་བཙན་པོའི་བྱང་འོད་ཀྱིས། །
མི་ཡུལ་སུམ་གཉིས་མནན་པའི་བྱུང་རིམ་ཁྲོད། །
མི་སྐྱོང་གཞན་གྱི་སྒྱིད་ཤ་འདར་བ་ཡི། །
མི་བརྗེད་ལོ་རྒྱུས་བདེན་ལྗོངས་རྟག་བརྟན་ཤོག །

མི་འཇིགས་ས་གནོན་ཕྱག་རྒྱའི་གར་ལ་རོལ། །
མི་མཆོག་ཤཱཀྱ་ཐུབ་པའི་རིང་ལུགས་མཆོག །
མི་དང་དུད་འགྲོའི་ཚེ་སྲོག་འདྲ་མཉམ་ཅན། །
མི་དམན་ཆོས་ཀྱི་ཞིང་མཆོག་རྟག་བརྟན་ཤོག །

མི་ཡུལ་འཛམ་གླིང་ཆེན་པོའི་མཐའ་དབུས་ཀྱི། །
མི་སེམས་འཕྲུལ་གྱིས་བསླུ་ཚབས་ཆེ་བའི་དུས། །
མི་ཡི་ནང་སེམས་བདེ་བྱེད་ཚད་མའི་ཆོས། །
མི་ནུབ་དར་བའི་དགའ་ཚལ་རྟག་བརྟན་ཤོག །

མི་ཚེའི་སྙིང་པོ་འགྲན་རྩོད་དུག་རླུང་གིས། །
མི་བདེ་དུཿཁར་གཡེང་བའི་དུས་ཀྱི་མཐར། །
མི་འཇིགས་གསང་ཆེན་རྣལ་འབྱོར་བདེ་སྲུང་གོ།
མི་འཛད་རྫོང་གི་ལྟེ་གནས་རྟག་བརྟན་ཤོག །

མི་ལོ་གསར་བ་ཚེས་པའི་ཁ་གཡང་ཁྲོད། །
མི་བུ་གདོང་དྲུག་ཕུན་ཚོགས་སྡེ་བཞིས་འཚོ། །
མི་ཡུལ་ཆེན་པོ་འཚེ་མེད་ཞི་བདེར་སྤྱོད། །
མི་ཕྱུགས་དར་རྒྱས་བཀྲ་ཤིས་རྟག་བརྟན་ཤོག །

མི་ཡི་མགོན་པོ་མཁས་གྲུབ་བྱེ་བའི་ཚོགས། །
མི་ཡུལ་འཁྲུངས་གནས་བསིལ་ལྡན་སྐྱེ་འགྲོ་ཀུན། །
མི་སྡུག་ནག་པོའི་སྤྱོད་ལ་མི་གོལ་བར། །
མི་ཆོས་དཀར་པོའི་དཔལ་གྱིས་འཚོ་བར་ཤོག །

མི་མཆོག་ལྷ་ཡི་ལྷར་གྱུར་གོ་མཚོན་ཅན། །
མི་དབང་སེང་ཆེན་རྒྱལ་བློན་བདེན་ཚིག་བཞིན། །
མི་བུ་ཨ་ཡིག་དཀར་པོས་སྨོན་པ་ཡང་། །
མི་མཐུན་མེད་ཅིང་ཡིད་བཞིན་འགྲུབ་པར་ཤོག །

ཅེས་༡༧ ས་ཁྱིའི་ལོ་སར་ལ་སྨོན་ཚིག་ཏུ་ཕུལ་བ་དགེ།

 

 

 

 

ཀློག་གྲངས།:[648]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com