སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི།བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་།དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར།དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས།བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་།དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ།ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ།གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད།འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས།གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་།གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ།གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ།མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་།ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན།དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ།།ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་ སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

བསྟན་སྤྲུལ་དགེ་ལེགས་འོད་ཟེར་གྱིས་གེ་སར་ལ་མཐོང་ཆེན་མཛད་ཚུལ།

བསྟན་སྤྲུལ་དགེ་ལེགས་འོད་ཟེར་གྱིས་གེ་སར་ལ་མཐོང་ཆེན་མཛད་ཚུལ།

རབ་བརྟན་དགེ་ལེགས་ཕུན་ཚོགས།

འགྲོ་མགོན་བཀའ་བརྒྱུད་པའི་བསྟན་པའི་གསལ་བྱེད་དམ་པ་དཔལ་ཟུར་མང་ཀརྨ་བཀའ་བརྒྱུད་ཀྱི་རིང་ལུགས་འཛིན་པའི་གདན་སའི་གཙོ་བོ་ནང་ཆེན་ཟུར་མང་ལྷུན་འགྲུབ་གླིང་གི་གདན་རབས་ཉེར་ལྔ་པ་དང་བསྟན་སྤྲུལ་སྐུ་ཕྲེང་བཅུ་གཅིག་པ་ཀརྨ་བསྟན་འཛིན་དགེ་ལེགས་འོད་ཟེར་ཕྱོགས་ལས་རྣམ་རྒྱལ་འཕྲིན་ལས་ཀུན་ཁྱབ་ནི། རབ་བྱུང་བཅུ་དྲུག་པའི་ཤིང་སྤྲེལ་༡༩༤༤ལོར་མདོ་སྨད་རྒྱམ་རྒྱལ་རྡོ་ཐི་གངས་དཀར་གྱི་མདུན་རོལ་ནེའུ་ལེ་བྲག་རྩ་རུ་སྐུ་འཁྲུངས། དགུང་ལོ་བཅུ་བཞིའི་ཐོག་སྐྱབས་རྗེ་གར་དབང་དགུ་པ་གར་སྤྲུལ་རིན་པོ་ཆེ་ཀརྨ་ངེས་དོན་ཆོས་སྐྱོང་རྡོ་རྗེའི་སྐུ་མདུན་ནས་མི་ཕམ་འཇམ་པའི་རྡོ་རྗེ་ནས་རིམ་པར་བརྒྱུད་པའི་གེ་སར་གྱི་དབང་དང་བཀའ་གཏད་གསན། གླིང་རྗེ་སེང་ཆེན་སྐྱེས་བུས་བྱིན་གྱིས་བརླབས་པའི་མཚན་མ་ལ་དགུང་ལོ་བཅུ་གཉིས་བཅུ་གསུམ་ཡར་མར་ནས་གེ་སར་སྐྱེས་བུ་ཆེན་པོ་བཀའ་འཁོར་ཡོངས་ཀྱི་ཐུགས་དམ་བསྐང་བའི་ཆོ་ག་དང་། དག་སྣང་གང་ཤར་དུ་བྲིས་པ། དགྲ་འདུལ་རྒྱལ་པོའི་གསོལ་མཆོད་སོགས་གསུང་ཆོས་ངོ་མཚར་བ་བརྩམས་པར་མཛད། དགུང་གྲངས་བཅོ་བརྒྱད་པར་རང་དགོན་ཟུར་མང་ནས་གེ་སར་གྱི་དབང་དང་བཀའ་གཏད་གནང་། དེ་སྐོར་སྐུ་ལ་ཧོར་ཆས་གསོལ། དབུ་སྐྲ་ལྟག་བསླས་མཛད་ནས་བྱོན། དུས་འགྱུར་ཆེན་མོའི་སྐབས་ཟི་ལིང་ཐང་དཀར་མོར་བཙོན་ཁང་དུ་ལོ་འཁོར་བཅོ་ལྔ་ཙམ་བཞུགས་དགོས་བྱུང་ཚེ། ཐུགས་དམ་ལ་བོག་ཆེན་པོ་ཐོན་པ་བྱུང་ཞིང་། སྐབས་དེ་ནས་བསྟན་འགྲོའི་དོན་ཆེན་བསྒྲུབ་པ་ལ་དགོས་པ་ཁྱད་པར་ཅན་དུ་གཟིགས་ཏེ་འཛམ་གླིང་གེ་སར་རྒྱལ་པོའི་རྟོགས་བརྗོད་ཧོར་འདུལ་གཡུལ་ལས་རྣམ་རྒྱལ་པོད་བཞི་ཡོད་པ། བརྗོད་དོན་ལ་དངོས་ཤུགས་ཅི་རིགས་པར་འདུས་བྱ་ཐམས་ཅད་མི་རྟག་པ་སྒྱུ་མ་རྨི་ལམ་ལྟ་བུ་དང་། བསླུ་མེད་ཀྱི་ལས་འབྲས་ལ་ཡིད་ཆེས་དགོས་ཚུལ། ཆོས་ཅན་ཇི་སྙེད་པ་ཚུལ་མཐོང་སྣང་ཚུལ་ཙམ་དུ་བདེན་ཀྱང་སྟོང་པར་གནས་པ། དག་པ་སྐུ་དང་ཞིང་ཁམས་ཀྱི་བཀོད་པ་ཞི་བ་ཆེན་པོ་རྟག་བརྟན་དམ་པར་གནས་པ། འཁོར་འདས་ཀྱི་སྣང་བ་ཐམས་ཅད་རིག་པ་གཅིག་གི་ངོ་བོ་ལས་མ་འདས་པའི་ཚུལ་དུ་རྟོགས་ནས་སྣང་བཞིའི་བགྲོད་པ་མཐར་ཕྱིན་དགོས་ཚུལ་དང་། ཧོར་སོགས་ཕྱིའི་དམག་དཔུང་རང་སེམས་དུག་ལྔའི་འཁྲུལ་སྣང་། བསྟན་བཤིགས་ནང་གི་དམག་དཔུང་དམ་སྡོམ་ཉམས་པའི་རང་གཟུགས། སྤྱིར་ཆགས་སྡང་གི་རྣམ་རྟོག་ཐམས་ཅད་ཡེ་གྲོལ་ཡིན་ཚུལ་སོགས་སྣང་བ་དཔེ་རུ་ཤར། དཔེ་གདམས་ངག་ཏུ་ཤར་སོང་བ་ལྟ་བུ་ཞིག་ཡོད། ཧོར་འདུལ་དེའི་མཇུག་བྱང་དུ། འཛམ་གླིང་གེ་སར་རྒྱལ་པོའམ། གླིང་རྗེ་སེང་ཆེན་ནོར་བུ་དགྲ་འདུལ་ཞེས་འབོད་པ་དེ་ཉིད་ཀྱི་རྣམ་ཐར། ཧོར་འདུལ་གཡུལ་ལས་རྣམ་རྒྱལ་ཞེས་བྱ་བ་འདི་ཉིད། ཡོངས་སུ་གྲགས་པའི་རྩོམ་པ་པོ་ཤར་མགོ་ལོག་རོང་མ་སྒྲུང་མཁན་ནོར་བུ་ལྷ་དར་དང་། སྡེ་དགེའི་སྒྲུང་མཁན་ཆེན་མོ་ཚེ་རིང་དོན་འགྲུབ། ལྷོ་ཟླ་རྒྱུད་དུ་གྲགས་པའི་སྒྲུང་མཁན་པདྨ་ལྷ་མཆོག་སོགས་ཡོངས་གྲགས་རྩོམ་པ་པོ་གསུམ་དང་། ཕུལ་བྱུང་དམ་པའི་རྣམ་ཐར་ཆ་ཚང་བ་ལ་ལེགས་པར་བརྟགས་ཤིང་དཔྱད་ནས། ཀུན་ལས་བཏུས་པའི་ཧོར་འདུལ་འདི་རྨ་ཀླུང་དལ་གྱིས་འབབ་པའི་ཆུ་ངོགས་ནས་མགོ་བརྩམས་ཏེ། གསེར་ལྡན་དལ་གྱིས་འབབ་པའི་གཡས་ཕྱོགས། མདོ་ཁམས་ཟལ་མོ་སྒང་གི་གཡོན་ཟུར། ཡུལ་སྐྱོང་ཆེན་པོ་རྒྱམ་རྒྱལ་རྡོ་ཐི་གངས་དཀར་གྱིས་སྐྱོང་བའི་ཡུལ་ལྗོངས། སྔོན་བྱོན་དམ་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་གནས། སྲིད་གསུམ་སྐྱེ་དགུ་མ་ལུས་པ་འདུས་པའི་གྲོང་ཁྱེར། འདན་སྐྱུ་ར་ནོར་བུའི་ལྷ་ལུང་གི་མར་གཤམ། བཀྲ་ཤིས་ནོར་བུའི་དར་ཐང་དང་། གཞན་ཡང་རྩི་ཡོས་དལ་གྱིས་འབབ་པའི་ས་ཕྱོགས་ལྷུན་འགྲུབ་དཔལ་གྱི་གདན་ས་ཆེན་མོ་བཅས་ནས་དགེ་ལེགས་འོད་ཀྱི་སྣང་བ་ཕྱོགས་བརྒྱར་འཕྲོས་པའི་སྡེས་བྲིས་པ་འདི་ཡིས་བོད་ལྗོངས་བདེ་སྐྱིད་ཕན་བདེའི་འོད་སྣང་བསྐལ་བརྒྱར་བཞད་པའི་རྒྱུར་གྱུར་ཅིག །ཅེས་གསུངས་སོ། །གཞན་ཡང་ཟི་ལིང་ན་ཁྲི་མུན་དུ་བཞུགས་སྐབས་དེར་གེ་སར་རྡོ་རྗེ་ཚེ་རྒྱལ་གྱི་སྒྲུབ་ཐབས། གེ་སར་གྱི་བསྟོད་གསོལ་སོགས་གསུང་ཆོས་འགའ་ཨར་འདམ་གྱི་ཤོག་ཁུག་དང་ཇ་ཤོག་སེར་པོའི་ངོས་སུ་ཕྱག་བྲིས་གནང་འདུག །སྐུ་གཤེགས་ཁ་ཞིག་ལ་ལྷ་ལྕམ་གྱམ་ཤེལ་ཧོར་གཙང་བཟའ་དོན་འགྲུབ་མཚོ་མོས་ཞུ་ཕོད་ཅུང་ཕུལ་བས། ང་ནི་ཁྱོད་ལ་ཤ་ཚ་བྱུང་། །རྒྱ་ཚ་ཞལ་དཀར་བཞུགས་དུས་སུ། །རག་བཟའ་ཕེབས་སོ་བྱོན་ནོ་ཟེར། །རྒྱ་ཚ་ཞལ་དཀར་གཤེགས་དུས་སུ། །རག་བཟའ་སླེབས་སོ་འདུག་གོ་ཟེར། །ཞེས་གསུངས་མཛད་ཚུལ་བཅས་སྐྱབས་རྗེ་དམ་པ་འཁོར་ལོའི་མགོན་པོ་ཀརྨ་བསྟན་འཛིན་དགེ་ལེགས་འོད་ཟེར་ཕྱོགས་ལས་རྣམ་རྒྱལ་འཕྲིན་ལས་ཀུན་ཁྱབ་དཔལ་བཟང་པོའི་རྣམ་ཐར་མདོར་བསྡུས་སུ་སྨོས་པ་རིན་ཆེན་ནོར་བུའི་ཕྲེང་བ་ཞེས་བྱ་བར་གསལ། ཞིང་དུ་གཤེགས་ཁར་ཧོར་གཙང་བཟའ་ལ་བསྩལ་བའི་གསུང་འདིས་ནི་དོན་གྱིས་ན་རྗེ་བཙུན་བླ་མ་ཉིད་ལྡོང་འབུམ་པའི་ཁྲི་དཔོན་འབུམ་པའི་དུང་ཟླ་དཀར་པོ་དང་ཧོར་གཙང་བཟའ་ཉིད་འབྲུ་རག་རྒྱལ་པོའི་སྲས་མོ་ཕ་ཆེན་རག་བཟའ་དགེ་མཚོའི་རྣམ་སྤྲུལ་དུ་ཞལ་གྱིས་བཞེས་པར་འདུག །གེ་སར་དགྲ་བླའི་རྒྱལ་པོ་དང་གྲུབ་ཆེན་དཔའ་བརྟུལ་རིག་པ་འཛིན་པ་རྣམས་ཀྱི་བྱིན་རླབས་ཡེ་ཤེས་ཀྱི་དགོངས་ཀློང་རྟོགས་གྲོལ་དུས་མཉམ་གྱིས་སྟེར་བའི་སྨིན་བྱེད་དབང་བསྐུར་གྱི་ཆོ་ག་འབྲེལ་ཚད་དོན་ལྡན་འདོད་པའི་རེ་སྐོང་བྱ་བ་མཛད་ཅིང་། དེར་ཐོག་མར་དབང་གི་ལོ་རྒྱུས་བཤད་པའི་སྐབས་སུ། རྩ་གསུམ་ཀུན་འདུས་སློབ་དཔོན་པདྨ་འབྱུང་གནས་དེ་ཉིད་གངས་ཅན་བོད་ཀྱི་ལྗོངས་སུ་བྱོན་ཏེ་ལྷ་འདྲེ་སྡེ་བརྒྱད་མ་རུང་པ་མཐའ་དག་དམ་ལ་བཞག་ནས་སངས་རྒྱས་ཀྱི་བསྟན་པ་ཉིན་མོའི་དཔལ་ལ་འགྲན་པར་མཛད་ན་ཡང་། དེ་ལ་བར་དུ་གཅོད་པའི་སྨོན་ལོག་བདུད་རྗེ་དགའ་རབ་དབང་ཕྱུག་དང་བདུད་ཕོ་བདུད་མོ་འབྱུང་པོ་མ་རུང་པ་རྣམས་མཐའི་རྒྱལ་ཁབ་རྣམས་སུ་རྒྱལ་བློན་འབངས་འཁོར་དུ་བརྫུས་ནས་ཡོད་ཚུལ་དང་། དེ་དག་གིས་སངས་རྒྱས་ཀྱི་བསྟན་པ་ལ་ཉེ་བར་འཚེ་བའི་དུས་དེར། སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྗེའི་ནུས་སྟོབས་ཨོ་རྒྱན་མཚོ་སྐྱེས་རྡོ་རྗེའི་ཐུགས་ཀར་ཐིམ་སྟེ་རྒྱལ་བ་རིགས་ལྔས་དབང་བསྐུར། རིགས་གསུམ་མགོན་པོས་བྱིན་གྱིས་བརླབས། དེ་ནས་གུ་རུ་ཐོད་ཕྲེང་རྩལ་གྱི་ཐུགས་ཀ་ནས་ལྷ་ཕྲུག་ཐོས་པ་དགའ་བར་སྤྲུལ་ནས་གནས་ཡུལ་ཞིང་ཁམས་རབ་འབྱམས་སུ་སྤྲུལ་བསྒྱུར་སྣ་ཚོགས་པ་མཛད་ནས་མཐར་སྤྲུལ་གཞི་གཅིག་ཏུ་བསྡུས། ལྷ་ཀླུ་མིའི་འགྲོ་བ་ཡོངས་ལ་དགོངས་པ་གཏད། དུས་གསུམ་རྒྱལ་བ་རབ་འབྱམས་བཀའ་བགྲོས་ནས་འདུལ་བྱ་བདུད་པོ་མ་རུང་པ་གོ་མཚོན་ཐོགས་པ་ལ། འདུལ་བྱེད་སྐྱེས་བུ་དཔའ་ཆེན་ལག་ན་ཤེས་རབ་རལ་གྲི་མདའ་གཞུ་ཐོགས་པ། ཉོན་མོངས་མི་ཤེས་གཡུལ་ངོ་སེལ་བ། དཔའ་བོ་བདུད་དགྲ་བདུད་དཔུང་འདུལ་ཞིང་། བདུད་བཞིའི་འཇིགས་པ་སེལ་བར་བྱེད་པ། རྫོགས་པའི་སངས་རྒྱས་རྣམས་ཀྱི་སྤྲུལ་པ། འཇིག་རྟེན་པ་རྣམས་ཀྱི་འདྲེན་པ། ཐུབ་བསྟན་རིས་སུ་མེད་པ་ཐམས་ཅད་ཀྱི་སྦྱིན་བདག་འོས་པ། བྱམས་པ་ཆེན་པོས་སྙིང་རྗེའི་གོ་ཆ་བགོས་ནས་འདུལ་དཀའ་འདུལ་བའི་སྙིང་སྟོབས་ལ་ཞུམ་པ་མེད་པ། སྐུ་དགྱེས་པའི་གར་གྱིས་སྲིད་གསུམ་ཟིལ་གྱིས་གནོན་པ། གསུང་རྔམ་པའི་འབྲུག་སྒྲས་ཁམས་གསུམ་དབང་དུ་སྡུད་པ། ཐུགས་འོད་གསལ་གྱི་ཀློང་ནས་མཁྱེན་བརྩེའི་ཟླ་བ་རྒྱས་པའི་མི་མཆོག་སེང་ཆེན་ནོར་བུ་དགྲ་འདུལ་ཞེས་བྱ་བའི་སྐུར་བཞེངས་པ་དང་། མ་ཟད་དེའི་བཀའ་འཁོར་ན་གནས་པའི་དཔའ་བརྟུལ་ཕུ་ནུ་དྭངས་སྨན་རྣམས་ཀྱི་ལོ་རྒྱུས་དང་། གླིང་རྗེ་གེ་སར་རྒྱལ་པོ་དེ་ཉིད་གང་དུ་འཁྲུངས་པའི་ཡུལ། སྐུ་འཁྲུངས་པའི་གདུང་རུས། ནམ་གྱི་ཚེ་འཁྲུངས་པའི་དུས། ཇི་ལྟར་འཁྲུངས་པའི་ཚུལ་བཅས་གསལ་བ་དང་། མི་རྗེ་དོན་འགྲུབ་ཝེར་མ་དཀར་པོའི་སྨིན་བྱེད་དབང་གི་བརྒྱུད་པ་གང་ནས་བྱུང་བ་ལའང་། རྒྱལ་བ་དགོངས་བརྒྱུད། རིག་འཛིན་བརྡའ་བརྒྱུད། གང་ཟག་སྙན་ཁུང་གི་བརྒྱུད་པ། གཏེར་ཆོས་སྨོན་ལམ་གྱི་བརྒྱུད་པ། མཁའ་འགྲོ་གཏད་རྒྱའི་བརྒྱུད་པ་བཅས་བརྒྱུད་པ་ཇི་ལྟར་བྱུང་བའི་ཁུངས་བཅས་གསལ་བར་བསྟན་པར་མཛད། རྗེ་ཉིད་ཀྱིས་སྐུ་ཚེ་གང་པོར་གླིང་རྗེ་གེ་སར་སྐྱེས་བུ་ཆེན་པོའི་རྣལ་འབྱོར་ལ་སྒོམ་སྒྲུབ་རྩེ་གཅིག་ཏུ་གནང་སྟེ་སེང་ཆེན་བླ་མས་རྗེས་སུ་བཟུང་ཚུལ་ཡང་དབང་ཆོག་དེའི་མཇུག་བྱང་དུ། འཛམ་གླིང་ནོར་བུ་དགྲ་འདུལ་རྩལ་གྱིས་རྗེས་སུ་བཟུང་བའི་དུས་མཐའི་རྨོངས་པ་བ་དགེ་ལེགས་འོད་ཟེར་གྱིས་རིག་འཛིན་གོང་མ་རྣམས་ཀྱི་ཐུན་མོང་མ་ཡིན་པའི་ཕྱག་བཞེས་ལས་བཏུས་ཤིང་། མཁའ་འགྲོ་ཆོས་སྐྱོང་རྣམས་ལ་གསོལ་བ་བཏབ་ཅིང་མཆོག་དངོས་བརྒྱུད་འཛིན་རྣམས་ཀྱིས་འགྲུབ་པའི་དགེ་མཚན་མཐོང་བ་ལ་བརྟེན། ཞེས་གསུངས་སོ། འདི་ནི་རབ་བརྟན་དགེ་ལེགས་ཕུན་ཚོགས་ཀྱི་གེ་སར་སྐོར་གྱི་གསུང་རྩོམ་ལས་བཤུས་སོ།།

 

 

 

 

ཀློག་གྲངས།:[908]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com