སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

གླིང་སྤྱི་དཔོན་རོང་ཚ་ཁྲ་རྒན་ངོ་སྤྲོད་བསྡུས་པ།

 

གླིང་སྤྱི་དཔོན་རོང་ཚ་ཁྲ་རྒན་ངོ་སྤྲོད་བསྡུས་པ།

ད་ལྟ་གླིང་གེ་སར་རྒྱལ་པོ་དང་། གླིང་སྒྲུང་ཞེས་ཡོངས་སུ་གྲགས་པ་དེ་ཉིད་ལ་ཐུན་མོང་ཚུལ་མཐོང་གི་ལོ་རྒྱུས་དངོས་དང་། ལོ་རྒྱུས་ས་བོན་དུ་བྱས་ནས་རྟོགས་པ་འུད་ཀྱིས་བརྗོད་པ། ནང་གི་ཉམས་རྩལ་དུ་ཤར་བ་ཐུན་མིན་བསམ་འདས་ཀྱི་རིགས་སོགས་རྣམ་པ་མི་འདྲ་བ་དུ་མ་ཞིག་ཡོད་པ་ལས། དངོས་བྱུང་ལོ་རྒྱུས་ཀྱི་དབང་དུ་བྱས་ན་གླིང་དཀར་པོའི་རྩ་བའི་ལོ་རྒྱུས་ཀྱི་མི་སྣ་ཆེས་གཙོ་བོ་ནི། གླིང་གེ་སར་གྱི་ཁུ་བོ་ལྡོང་སྤྱི་དཔོན་རོང་ཚ་ཁྲ་རྒན་ཞེས་པ་དེ་ཡིན་ལ། འདི་ཉིད་ལ་ལོ་རྒྱུས་འཕེལ་འགྲིབ་ཀྱི་དབང་གིས་འཁྲུངས་འདས་ཀྱི་ལོ་རྒྱུས་ངེས་གཏན་ཞིག་མཐོང་དཀའ་ཡང་། སྤྱི་ལོའི་དུས་རབས་བཅུ་བའི་སྟོད་དེ་བོད་ཀྱི་རབ་བྱུང་མ་ཚུགས་པའི་སྔོན་ཀྱི་ལོ་ངོ་དྲུག་ཅུ་བདུན་ཅུ་ཡས་མས་སུ་མདོ་ཁམས་རྫ་ཁོག་ཏུ་སྨུག་པོ་ལྡོང་གི་རུས་རྒྱུད་དུ་འཁྲུངས་པ་ཞིག་ཡིན་པ་ནི་གླིང་གེ་སར་ལོ་རྒྱུས་སྤྱི་འགྲོས་ཀྱིས་ངེས་ཐུབ་ལ། འདིའི་ཡབ་ཀྱི་ཐད་ནས་སྒྲུང་དང་ལོ་རྒྱུས་རྣམས་སུ་ལྡོང་ཆོས་འཕན་ནག་པོའི་སྲས་ཡིན་པར་འདོད་པ་དང་། ཡང་འགའ་ཞིག་གིས་ཆོས་འཕེན་ནག་པོའི་གདུང་སྲས་ཆུང་རྒྱུད་ཆོས་ལྷ་འབུམ་ཞེས་པ་དང་ཡུམ་རོང་བཟའ་གཉིས་ཀྱི་སྲས་སུ་འཁྲུངས་པར་འདོད་པ་སོགས་བཞེད་ལུགས་མི་འདྲ་བ་འགའ་མཆིས་མོད། གང་ལྟར་དཔའ་ཕོ་རྩལ། བློ་རིག་པ། ཐབས་ཤེས་རབ་ལ་མངའ་འབྱོར་བ་དང་། ཕོ་རུས་ལ་རྒྱ་ཆེ་ཞིང་ནང་བསམ་བློའི་དཔལ་ཡོན་དང་བློ་ཐབས་ཀྱི་འཇོན་ཐང་ཚད་ལྡན་ཅན་ཞིག་ཡིན་པས། གླིང་གེ་སར་རྒྱལ་པོས་གླིང་གི་སྤྱི་རྗེ་ལ་མངའ་དབང་མ་མཛད་པའི་ཡ་སྔོན་གླིང་ཚང་གི་ཕྱིའི་དགྲ་འདུལ། ནང་གི་གཉེན་སྐྱོང་། ཕུ་ནུའི་མགོ་འདྲེན་སོགས་ལ་བློ་སེམས་རྩེ་གཅིག་དང་སྤྱི་ཕན་གྱི་ལྷག་བསམ་ཆེན་པོས་འབད་མཁན་ཞིག་ཡིན་པའི་དབང་གིས་མཚན་ལ་སྤྱི་དཔོན་དང་། རོང་བཟའི་སྲས་ཡིན་པས་རོང་ཚ། ས་རྨ་རྫ་གཉིས་ཀྱི་བར་སྒང་ཁྲ་སྟོད་དུ་བཞུགས་མཁན་ཡིན་པས་ཁྲ། རླངས་སྟོན་ཨ་མི་བྱང་ཆུབ་ལས་ཚེ་དབང་ཐོབ་ཏེ་སྐུ་ཚེ་རིང་བ་དང་གླིང་དཔའ་བརྟུལ་སུམ་ཅུའི་རྒན་ཤོས་ཡིན་པས་རྒན་ཏེ། སྤྱི་དཔོན་རོང་ཚ་ཁྲ་རྒན་ཞེས་ལོ་རྒྱུས་དང་གཏམ་བརྒྱུད་རྟོགས་བརྗོད་ཡོངས་ཀྱི་སྐབས་རྩ་བའི་མི་སྣ་གཙོ་བོ་རུ་གྱུར་བ་དེ་ཡིན་ལ། ཁོང་གི་མཛད་རྗེས་ནི། གླིང་གེ་སར་སྐུ་སྤུན་ཚོ་མ་འཁྲུངས་པའི་སྔོན་གླིང་དཀར་པོའི་སྤྱི་དོན་ལ་ལྷག་བསམ་རྣམ་པར་དག་པས་འབད་དེ། གླིང་ཚང་གི་ཕ་ཇུས་མི་ནུབ་བརྟན་སྲུང་མཛད་ཡོད་པ་དང་། གླིང་རྗེ་གེ་སར་སྐུ་སྤུན་ཚོ་སྐུ་ན་ཕྲ་བའི་དུས་ལྷག་བསམ་རྣམ་དག་གིས་གཟིགས་སྐྱོང་དང་། དགྲ་འདུལ་སྲིད་སྐྱོང་། རྟ་ཞོན་ལུགས། མཚོན་གཡུག་ཚུལ། གཏམ་བཤད་ལུགས། ཚིག་རྩ་འཛིན་སྟངས་སོགས་ཀྱི་ཉམས་མྱོང་མཁོ་སྤྲོད། མི་ཆོས་གོམས་སྲོལ་སོགས་ཀྱི་སློབ་གསོས་བསམ་བློ་བསྐྱེད་བསྲིང་སྟེ་གླིང་སྡེའི་སྤྱི་རྗེ་ལ་མངའ་གསོལ། རྗེས་མ་ཡང་གླིང་གེ་སར་གྱི་མཛད་པ་འཕྲིན་ལས་གང་ཞིག་མཛད་ཀྱང་། སྤྱི་དཔོན་ཁོང་གི་བསམ་བློའི་སློབ་གསོ་དང་ཐབས་བཀོད་པ་ལ་མ་བརྟེན་ས་མེད་པ་ནི་གླིང་གི་ལོ་རྒྱུས་ངག་རྒྱུན་སྤྱི་དང་། རྣམ་ཐར་རྟོགས་བརྗོད་བསྟོད་སྒྲུང་རིགས་སྤྱི་མཐུན་ཡིན་པས་ཤེས་ཐུབ། ཁོང་གི་གཞིས་ཀ་གཙོ་བོ་ཁྲ་སྟོད་ཡིན་པ་དང་། མཁར་གྱི་མིང་ལ་ཁྲ་མཁར་གནམ་རྫོང་ཕྱུག་མོ་ཟེར། གླིང་སྡེས་ས་ཁོངས་རྒྱ་བསྐྱེད་དང་། རྨ་ཡུལ་དུ་ས་ཡང་འཛིན་སྐབས་རྨ་དྲོ་དྲོ་ལུ་གུའི་མཁལ་ཁུགས་ཏེ། ད་ལྟའི་རྭ་རྒྱའི་ཡུལ་ལྷ་ཨ་མྱེ་ཁྱུང་མགོན་གྱི་རྩར་མཁར་གནམ་རྫོང་གཉིས་པ་ཞིག་བཞེངས་ནས་བཞུགས་པའི་ལོ་རྒྱུས་ཀྱང་ཡོད། ཁོང་གིས་གླིང་མ་སྲི་ཆེ་བཞིའི་ནང་ཚན་བོད་བཟའ་བཀྲ་ཤིས་ལྷ་མཚོ་ཁབ་ཏུ་བཞེས། སྤྱི་དཔོན་གླེན་པ་ཆོས་རྒྱལ་དང་། གཡུ་འཕེན་སྟག་རྒྱལ། ལྷ་མོ་གཡུ་སྒྲོན། སྣང་ངུ་གཡུ་སྟག་སྟེ་སྲས་སྲས་མོ་བཞི་འཁྲུངས། ཁོང་གི་ལས་ནོར་རམ་ཕུག་ནོར་གྱི་གཙོ་བོ་ལྷ་མདའ་སྒྲོ་དཀར་ཞེས་པ་དང་། ཨ་ཁུའི་པོ་ཏི་དམར་ཆུང་ཞེས་འབྱུང་འགྱུར་ལུང་གིས་གསལ་བོར་བསྟན་ཡོད་པའི་བརྡ་ཆོས་དུམ་ཆུང་ཞིག་ཡོད་པ་དེ་ཡིན། ཁོང་གི་ཆིབས་རྟའི་མིང་ལ་ཤྭ་རྐྱང་དྲེལ་མགོ་དང་། ཁོང་གི་གླུ་ངག་གི་མིང་ལ་སྤྱི་དཔོན་དལ་བ་རིང་མོ་ཟེར། ཁོང་ནི་གཙོ་བོ་ལོ་རྒྱུས་ཀྱི་ཆགས་ཆེན་དང་། གཏམ་གྱི་བང་མཛོད། བློ་གྲོས་ཀྱི་ལྡེ་མིག་འགྲན་ཟླ་མེད་པ་ཞིག་ཡིན། ཡང་ཁོང་ཉིད་བྱམས་སྙིང་རྗེ་ལ་གོམས་ཤིང་དགེ་སྒྲུབ་སྡིག་སྤོང་ལ་སྙིང་རུས་ཆེ་བ་ཞིག་ཡིན་པར་མ་ཟད། སྤྱི་རབས་པས་ཁོང་རྒྱ་གར་གྱི་གྲུབ་ཆེན་ཀུ་ཀུ་རི་པ་དང་། པཎ་ཌི་ཏ་གསེར་གྱི་མདོག་ཅན་ཞེས་པ། བོད་ཀྱི་ལོ་ཙཱ་བ་བེེེ་རོ་ཙ་ན་སོགས་ཀྱི་རྣམ་སྤྲུལ་དུ་ངོས་འཛིན་ནོ། །

ཞེས་༢༠༡༤-༧-༢༣ ཉིན་དཔོན་སྐོར་སློབ་ཆུང་གི་དགེ་རྒན་སྟོན་པ་ལ་དགོས་མཁོ་བྱུང་བ་ལྟར་རྨ་རྒྱལ་གངས་མདུན་ནས་ཨ་དཀར་པོས་ཤེས་ཚོད་ཙམ་དཔྱད་གཞི་རུ་ཕུལ།

 

 

 

 

 

ཀློག་གྲངས།:[1237]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com