སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

གླིང་གེ་སར་སྐྱེས་བུའི་རྣམ་ཐར་རིན་ཆེན་ནོར་བུའི་དོ་ཤལ།

 

གླིང་རྗེ་གེ་སར་སྐྱེས་བུ་དོན་གྲུབ་ཀྱི་རྣམ་ཐར་

བསྡུས་པ་རིན་ཆེན་ནོར་བུའི་དོ་ཤལ་བཞུགས།

ན་མོ་གུ་རུ་སེངྷ་མ་ཎི་རཱ་ཛ་ཡེ། སྣང་མཐའི་ཡེ་ཤེས་པདྨའི་ཐུགས་ཀྱི་སྲས། །རིགས་གསུམ་སྒྱུ་འཕྲུལ་ཁྲི་སྲོང་སྤྲུལ་བའི་གར། །གླིང་དཀར་རྒྱལ་མཆོག་ནོར་བུ་དགྲ་འདུལ་ཞེས། །མི་རྗེ་ལྷ་ཡི་དགོངས་སྤྱོད་ཅན་ལ་འདུད། །བྱིན་རླབས་གཏེར་མཛོད་བླ་མ་སེང་ཆེན་རྗེ། །དངོས་གྲུབ་ཀུན་སྩོལ་ཡི་དམ་གེ་སར་རྒྱལ། །འཕྲིན་ལས་གཡེལ་མེད་དོན་གྲུབ་དགྲ་བླའི་གཙོ། །ཀུན་བཟང་ཨ་དཀར་འོད་ཀྱི་ཝེར་མ་དྲན། །གང་ཉིད་གདོད་ནས་བྱང་ཆུབ་མཆོག་བརྙེས་ཀྱང་། །སྙིགས་མའི་འགྲོ་ལ་ཐུགས་བརྩེ་རྗེས་ཆགས་ཏེ། །འཛམ་གླིང་འདི་རུ་གསང་གསུམ་འཕྲིན་ལས་ཀྱིས། །འགྲོ་དོན་མཛད་ཚུལ་རྣམ་ཐར་བརྗོད་ལས་འདས། །དེ་ཡི་ནང་ཚན་བསིལ་ལྡན་གངས་རིའི་ལྗོངས། །སིལ་འཐོར་དུཿཁས་གདུང་སྐབས་གླིང་ཡུལ་དུ། །མི་དབང་བདུད་འདུལ་དཔའ་བོའི་གར་བཟུང་བའི། །ངོ་མཚར་མཛད་བཟང་བཀའ་དྲིན་ལྷག་ཏུ་ཆེ། །དང་པོ་དགའ་ལྡན་དག་པ་ལྷ་ཡུལ་དུ། །བདེ་མཆོག་ཚངས་པ་དཀར་པོའི་སྐུར་སྣང་བའི། །སྲས་ཀྱི་མཆོག་གྱུར་ཐོས་པ་དགའ་བའི་ཚུལ། །ཀུན་བཟང་དགོངས་པའི་ཀློང་ན་ཉམས་རེ་དགའ། །དེ་ཚེ་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྣམས། །དགོངས་དབྱངས་གཅིག་གིས་མི་ཡུལ་བདུད་སྲིན་ཚོགས། །འདུལ་ལ་ཚངས་སྲས་བུ་ཏོག་ཁྱེད་གཅིག་ཅེས། །བཀའ་ཡི་མེ་ཏོག་བདེ་ཆེན་འཁོར་ལོར་བསྩལ། །གང་དུ་འཁྲུང་བའི་ཡུལ་དང་ཡབ་ཡུམ་དང་། །ཕུ་ནུ་དཔའ་གྲོགས་གདུལ་བྱའི་ཡུལ་གྱུར་ཀུན། །མ་འདྲེས་གསལ་བོར་གཟིགས་པ་དུ་མ་ཡིས། །འགྱུར་མེད་རྡོ་རྗེའི་ལུང་གི་རོལ་མོ་བསྒྲགས། །འགྲོ་མགོན་པདྨའི་དབང་སྐུར་བྱིན་གྱིས་རླབས། །རིགས་ལྔའི་མཁའ་འགྲོས་ཐབས་གྲོགས་ཞལ་གྱིས་བཞེས། །ལྷ་གཉན་ཀླུ་སོགས་དཀར་ཕྱོགས་སྐྱོང་རྣམས་ཀྱིས། །མི་ཡུལ་འགྲོ་དོན་གྲོགས་དན་གཡར་དམ་མཛད། །སྔོན་སྨོན་ཐུགས་བསྐྱེད་དུས་སུ་བབས་པ་བཞིན། །མདོ་ཁམས་གནས་མཆོག་ལྕི་སོས་ཡག་གི་མདོར། །ལྡོང་རིགས་གླིང་གི་སེང་བློན་རིགས་སྲས་སུ། །མཚན་དཔེའི་མཛེས་ཞལ་འགྲོ་བའི་དཔལ་དུ་བཞད། །ལྷ་ཡི་ཐུགས་སྲས་མི་ཡི་བུ་མཆོག་དང་། །གཉན་གྱི་བླ་རྡོ་ཀླུ་མོའི་གཅེས་ཕྲུག་ཅིག །དཀར་པོ་གླིང་གི་རྒྱན་དུ་འཁྲུངས་སོ་ཞེས། །བདུད་རྣམས་རབ་བསྔངས་ལྷ་རྣམས་རྒྱལ་རྔ་བརྡུངས། །དེ་དང་ལྷན་གཅིག་མཚོ་སྐྱེས་རྡོ་རྗེ་དང་། །གྲུབ་རྒྱལ་མ་དང་རླངས་སྟོན་ཆེན་པོ་སོགས། །ཚེ་དབང་གྲུབ་བརྙེས་རིག་པ་འཛིན་རྣམས་ཀྱིས། །རྡོ་རྗེའི་སྐུ་ཁྲུས་ཚེ་དབང་ཤིས་བརྗོད་བསྩལ། །འཁྲུངས་མ་ཐག་ནས་ཡུམ་ལ་ཞལ་མཆིད་བཅས། །འཇིགས་མེད་སྐུ་ལུས་ཀྲོང་ངེར་ཇོ་རེ་རུ། །བཞུགས་ཚུལ་སོགས་ཀྱིས་མཚན་གྱི་ཐོག་མ་ནི། །ཕུ་བོ་ཞལ་ལུས་ལྷ་སྲས་ཇོ་རུ་གསོལ། །སྐུ་ན་ཞག་གྲངས་གསུམ་ལས་མ་རྫོགས་གོང་། །བདུད་ཀྱི་སྟོབས་མཚོན་བྱ་ནག་སྤུན་གསུམ་གྱིས། །ཐོ་འཚམ་མཛད་ཚེ་ཏིང་འཛིན་འཕྲུལ་འཁོར་གྱིས། །བདུད་བླ་སར་ཕབ་གཡུལ་རྒྱལ་རྟེན་འབྲེལ་འགྲིགས། །ཁུ་བོ་ཁྲོ་ལུས་ཕྲག་དོག་ལས་བརྩམས་ཀུན། །ལྟ་སྣང་མ་གཏོགས་འཕྲིན་ལས་སྒོ་འབྱེད་ཀྱི། །མཐུན་རྐྱེན་ཉིད་གྱུར་ལྕི་ཕུག་བྲག་ནག་ནས། །མུ་སྟེགས་རཱ་ཛ་བཏུལ་ཏེ་མནན་གཏད་མཛད། །རྫུ་འཕྲུལ་གར་དགུས་ཁྲོ་རྒྱལ་ཡིད་བསླུས་ནས། །དམ་སྲིའི་ངན་སེམས་སྐྱུག་བཅུག་དམ་བཅའ་བླངས། །གཡང་གི་སྒྱེ་དང་ལྕང་དཀར་བེར་ཀ་སོགས། །ཐུན་མོང་དངོས་གྲུབ་རྫས་རྣམས་བདག་གིར་བཞེས། །རྒྱ་བཟའི་གདུག་སེམས་རླུང་ཚུབ་ཞི་བའི་ཆེད། །ཡུམ་སྲས་གཉིས་པོས་ལྕི་ཡི་སྨན་ལུང་བརྒྱུད། །ས་བཙན་སྦྲུལ་མགོར་ཕེབས་ཏེ་མ་རུང་རྣམས། །ཨར་ལ་གཏད་ཕྱིར་བརྟུལ་ཞུགས་སྲིན་སྤྱོད་བསྐྱངས། །མཚོ་རྒྱལ་སྒྱུ་འཕྲུལ་དབྱིངས་ཕྱུག་ནེའུ་ཆུང་མས། །དགྲ་བླའི་ཕྱག་ཆ་ཡོངས་ཀྱི་དང་པོ་མཆོག། འུར་རྡོ་ཕ་བོང་སྟོང་ཁོར་ལེགས་ཕུལ་བས། །མི་བསྲུན་ཟིལ་ནོན་རྟེན་འབྲེལ་སྒོ་འཕར་ཕྱེས། །ཐབས་ཀྱི་འུར་ལ་ཤེས་རབ་རྡོ་སྦྱར་ཏེ། །སེ་ཡུ་རི་ནས་བསེ་རག་རྒོ་འདྲེ་སོགས། །ཡུལ་གྱི་ཕྱུགས་ཐན་ཐམས་ཅད་མཐར་བྱས་ནས། །མཚན་འཛིན་བྲལ་མཚོན་རྒོ་ཞྭ་བེའུ་སླག་གསོལ། །གོ་ཚང་ནགས་ནས་སྟག་རོང་རྔོན་པ་བདུན། །བསད་ཚུལ་སྒྱུ་མས་སྒ་བཟའི་མིག་བསླུས་སྟབས། །གེ་ཐུང་དཔོན་གྱིས་ཁྲིམས་ལས་ལ་གཏུགས་སྐབས། །བཀའ་བློན་འདན་མས་ལྷ་སྲས་དེ་ཉིད་མཇལ། །མཛད་འཕྲིན་མངའ་ཁོངས་མཐའ་རྒྱ་བསྐྱེད་པའི་ཡུལ། །རྨ་ཡུལ་དབང་དུ་མཛད་པའི་དགོས་ཆེད་ཀྱིས། །སྤྱི་དཔོན་རོང་ཚའི་བློ་གྲོས་འཕྲུལ་ཐབས་ལྟར། །ཡུམ་སྲས་མཐའ་རུ་སྤྱུག་པ་དང་དུ་བླངས། །འབུམ་པ་དཔོན་དང་སྐྱ་ལོ་ཡབ་སྲས་ཀྱིས། །རྟེན་འབྲེལ་ལེགས་པའི་སྐྱེལ་ཐུང་དཀར་པོར་འགྲོགས། །སྐྱིད་ཀྱི་ཉི་མ་ཡང་ཤར་ལ་རྩེ་བརྒྱུད། །རྨ་སྨད་གཡུ་ཡི་ལུང་བར་དལ་གྱིས་ཕྱོགས། །རྗེ་ཡི་མགུར་ལྷ་རྨ་རྒྱལ་སྤོམ་ར་སོགས། །དཀར་ཕྱོགས་ལྷ་རྣམས་དགའ་བའི་འདུ་འགོད་ཀྱིས། །སྦས་པའི་ལྷ་ཕྲུག་མི་ཡི་མེ་ཏོག་ཅིག །གཡུ་ལུང་སུམ་མདོའི་མཛེས་སྡུག་དཔལ་དུ་བསུས། །རྨ་ཤོད་སྲུང་བཞིའི་དགེ་མཚན་མངོན་པའི་སར། །སྦྲིས་ཆུང་བསེ་རུ་བདེ་མཆོག་དཀྱིལ་འཁོར་བཀོད། །རང་བྱུང་ས་བཅུད་གྲོ་མའི་ཚོགས་སྟོན་བཤམས། །ཡུམ་སྲས་བག་ཕེབ་ལྷ་སྣང་རྣལ་དུ་འབྱོར། །མཁན་ལུང་རི་དྲུག་སོགས་ལ་དབང་བྱེད་པའི། །བསེ་རག་ཨབ་བདུད་ཚུལ་དུ་རྒྱུ་བའི་གཙོས། །སྣང་དང་མི་སྣང་འདྲེ་བདུད་ཐེའུ་རང་ཀུན། །འུར་ཁྲ་གནམ་ལྕགས་འབར་བས་དབལ་གྱིས་བཅོམ། །སྟོད་ཀྱི་ལ་དྭགས་སྨད་ཀྱི་སྟོང་ཁུན་པའི། །ཚོང་འགྲུལ་ལམ་ལ་བར་དུ་གཅོད་པ་ཡི། །ཟ་འདྲེ་ཧོར་ནག་ཇག་ཚོགས་ཨར་ལ་གཏད། །རྨ་ཡུལ་བདེ་འཇགས་གསེར་ལམ་རིང་མོ་བསྐྲུན། །དཀར་པོའི་ཕྱོགས་ལ་གཟན་སེམས་རྒྱུན་ཆགས་མཁན། །མི་འདྲེ་ཐོག་རྨོག་རལ་ཆེན་འུར་རྡོས་བསྒྲལ། །ཧོར་ལུང་མཐིལ་ལ་ལྕང་དཀར་བེར་ག་ཡིས། །འཆོར་མེད་བཀའ་རྟགས་རྡོ་རྗེའི་ཆིབས་ལམ་ཕབ། །ཟོ་དོར་རྨ་གཉན་གངས་རིའི་ཁོར་ཡུག་ནས། །སྣ་ཚོགས་འཕྲིན་ལས་གཟི་འོད་ཆེར་འཕྲོས་པས། །རྨ་ཡུལ་ས་བདག་ཇོ་རུ་རྒྱལ་པོ་ཞེས། །ཆེ་བའི་རང་སྒྲ་ཐ་གྲུ་ཡོངས་ལ་ཁྱབ། །མགོན་པོ་ཀླུ་སྒྲུབ་བློ་ཡི་རྫི་བོ་རུ། །བཞེངས་པའི་ཁུ་བོ་རོང་ཚ་ཁྲ་རྒན་དང་། །འབུམ་པ་དཔོན་བློན་གསང་འབྲེལ་ལམ་བུར་བརྟེན། །ཕོ་རྩལ་སྣ་དགུའི་རྩེད་འཇོར་རང་བྱན་ཆུད། །བདེ་མཆོག་རི་ལ་རྫུ་འཕྲུལ་གཤོག་པས་འཕུར། །བླ་མ་བྱང་ཆུབ་ཆེན་པོའི་དགོངས་ཀློང་ལས། །ཕྱི་དང་ནང་དང་གསང་བའི་དབང་ཁྲིད་མནོས། །མཆོག་དང་ཐུན་མོང་དངོས་གྲུབ་ཆེན་པོ་བརྙེས། །ཁྲོ་ཐུང་དཔོན་ལ་ཉམས་སད་རྩེད་མོར་འགྲོགས། །འདན་གྱི་ནས་རྫོང་ཨ་སྐྱིད་ལུག་རྫོང་སོགས། །མིག་འཕྲུལ་སྒྱུ་མའི་རྩལ་གྱིས་དྲངས་བྱས་ཏེ། །ཕྱོགས་ཀྱི་ཕྱྭ་གཡང་འགུག་པའི་སྒོ་འཕར་ཕྱེས། །ལྷ་ཀླུ་གཉན་ལ་གྲོགས་བཅོལ་དར་གྱི་སར། །སྤྲུལ་མཁར་སེང་འབྲུག་སྟག་རྩེ་ལྷུན་གྲུབ་མཛད། །རྒྱ་བོད་ཚོང་བར་ལས་བཅོལ་གཡུ་ལུང་མདོར། །ཇ་མཁར་རིང་མོའི་བཀོད་པ་འབད་པས་བསྐྲུན། །གང་ཚེ་ཚོ་དྲུག་ལྷ་ཡི་སྡེ་བ་སྤྱིའི། །སྣང་ཡིད་དབང་དུ་བསྡུ་བའི་སྟ་གོན་དུ། །དགྲ་བླ་ཝེར་མས་ཁ་བ་ཕབ་རྐྱེན་གྱིས། །ས་གཡར་ཞུ་ཡུལ་ཆེ་བ་དང་དུ་བླངས། །ཕུ་བོ་འབུམ་པའི་ངོ་སྐལ་ཡིན་ཟོལ་གྱིས། །ཚོ་བ་དྲུག་གི་དཔོན་བློན་སྡེ་འབངས་ལ། །རྨ་ཡུལ་ས་བགོས་དར་དཀར་མདུད་པ་ཡིས། །ཕུ་ནུ་སུམ་ཅུ་དམ་ཚིག་གཅིག་ཏུ་བཅིངས། །ལྡོང་རུས་དཀར་པོས་རྨ་ཀློང་སྟོད་སྨད་མནན། །ཡུམ་ཆེན་འགོག་བཟའི་ཐུགས་རྩ་དྲོད་ཀྱིས་གང་། །ཚ་རོང་གནམ་རྒྱལ་མི་ཉག་གཡུ་རྒྱལ་སོགས། །ཉེ་ཁོར་དམུ་རྒོད་ཕལ་ཆེར་ཚར་གཅོད་མཛད། །ལེགས་ཉེས་ལམ་སྟོན་ནེ་ནེ་གནམ་སྨན་མས། །གླིང་དཀར་ཆོས་སྲིད་གསེར་གྱི་འཁོར་ལོ་ལ། །མངའ་དབང་བསྒྱུར་བའི་དུས་ལ་བབ་ཚུལ་དང་། །ཇི་ལྟར་སྒྲུབ་པའི་ལུང་གི་བརྡ་མཛོད་བཀྲལ། །རྟ་མགྲིན་སྤྲུལ་བའི་ལྷ་བྱ་ཡིན་ཟོལ་གྱིས། །སྟག་རོང་དཔོན་ལ་གླིང་སྲིད་འདོ་བ་རྟའི། །བང་ལ་བསྐུག་ན་དགོས་འདོད་རང་འཁོར་ཞེས། །ལུང་བསྟན་རྫུན་མས་སྣང་སེམས་གཡོ་བར་མཛད། །རྟེན་འབྲེལ་ལ་དགོངས་སྒྱུ་ཐབས་སྣ་ཚོགས་ཀྱིས། །སེང་ལྕམ་འབྲུག་མོའི་སྒོ་གསུམ་དབང་དུ་བསྡུས། །མ་རྒྱུད་མཁའ་འགྲོ་གྲོགས་སུ་ལེགས་སྦྲན་ཏེ། །དབང་ཆེན་སྒྱུ་འཕྲུལ་ཚེ་རབས་ལས་རྟ་བཀུག ། རྨ་སྟོད་རྩེ་ལྷ་དགྱེས་པའི་གནས་འདབས་ནས། །དམ་ལྡན་ཕུ་ནུའི་ཆིབས་གྲལ་བསྒྲིག་ཉེ་དུས། །སྒྲོལ་དཀར་སྒྱུ་འཕྲུལ་མཛེས་ལྡན་སེང་ལྕམ་གྱིས། །སྦ་ལྕག་ཕུལ་ཏེ་མགྱོགས་ཆེན་གསང་སྒོ་ཕྱེས། །ལྡོང་གི་ཕ་ནོར་ལས་ཀ་བཅོ་བརྒྱད་གཙོས། །གླིང་སྲིད་མཚོན་རྟགས་གུ་ར་རྫ་ལ་བཤམས། །དགོངས་པ་དེར་ཕྱོགས་ཕུ་ནུ་གྲུབ་ཆེན་ཚོར། །ཉམས་སད་སྣ་དགུས་རྟེན་འབྲེལ་ལེགས་ཉེས་བརྟག །ནེའུ་ཆུང་བརྡ་བསྟོད་རྡོ་རྗེའི་རོལ་མོར་འགྲོགས། །དེལ་ཆེན་སྟག་མགོའི་འཁུ་ལྡོག་གདུག་རྩུབ་དང་། །ཁྲོ་སྒུར་ངན་སྨྲས་གཡང་ལེན་རོལ་རྩེད་ངང་། །གློག་དམར་འཁྱུག་པའི་རང་རྩལ་མངོན་དུ་མཛད། །སྣ་བདུན་ནོར་བུའི་ཆེ་རྟགས་མངོན་མཐོ་བའི། །ལུགས་གཉིས་གསེར་བཟང་མི་འགྱུར་རྡོ་རྗེའི་ཁྲིར། །ཚངས་ཆེན་འགྱིང་བའི་རང་ཚུགས་དོད་པོ་ལ། །འཇིགས་མེད་དགྲ་བླའི་གོ་མཚོན་སྣ་དགུས་མཛེས། །དེ་ཚེ་འོག་མིན་ཞིང་གི་ལྷ་རྣམས་ཀྱིས། །ཤིས་ཚིག་དང་བཅས་ཁྲོ་རྒྱལ་ཐུགས་བསྐུལ་བས། །གེ་སར་རྒྱལ་པོ་ཞེས་བྱའི་མཚན་གྱི་སྒྲ། །ས་གསུམ་མྱ་ངན་མེད་པའི་དཔལ་དུ་གྲགས། །ཁྲོམ་ཆེན་ཟིལ་གྱིས་གནོན་པའི་མགུར་དབྱངས་ཀྱིས། །ཁྲི་དཔོན་གསུམ་དང་བཀའ་ཡི་བློན་ཆེན་གསུམ། །ཡང་བརྟུལ་བདུན་སོགས་བློན་འབངས་སོ་སོ་ལ། །ལས་བསྐོས་བཀའ་བསྒྲགས་མངའ་གསོལ་ཆེ་བསྟོད་མཛད། །རླངས་སྟོན་སྤྱན་དྲངས་ཆོས་འཁོར་རིམ་གསུམ་ཞུས། །གླིང་སྡེའི་རྣམ་དཀར་ལོ་འདབ་ཆེས་ཆེར་བསྐྲུན། །རྨ་ལུང་ཤེལ་གྱི་བྲག་ནས་ཟབ་གཏེར་བཞེས། །སྣོད་བཅུད་རྒུད་པ་སེལ་བའི་རིམ་གྲོ་བསྒྲུབས། །རྨ་རྒྱལ་སྤོམ་རར་འཛམ་གླིང་སྤྱི་བསང་ཕུལ། །གླིང་དཀར་དགྲ་བླ་དགྱེས་པའི་རྟེན་མཁར་བཙུགས། །བྱང་གི་གུ་ར་གཟིག་འཕེན་ལ་སོགས་བཏུལ། །སེང་ཆེན་རྒྱལ་པོ་ཞེས་བྱའི་སྙན་པ་རྒྱས། །གུང་སྨན་ལུང་བཞིན་དྲག་པོའི་ལས་མཐའ་ཡིས། །མ་རུང་འདུལ་ཕྱིར་བདུད་འདུལ་སྟོབས་པོ་ཆེ། །བསྙེན་སྒྲུབ་སྐབས་སུ་ངམ་རིང་ཀླུ་བཙན་གྱིས། །ཐོ་འཚམ་བྱས་རྐྱེན་བདུད་འདུལ་ལས་ལ་བཞེངས། །སེམས་ཅན་སྤྱི་དོན་གླིང་དཀར་སྒེར་དོན་དུ། །འབུམ་པ་དཔོན་དང་རྒྱལ་ཡུམ་སེང་ལྕམ་ལ། །བཤོལ་ལན་ཞལ་གདམས་ཕྲེང་བ་བསྟར་བྱས་ཏེ། །ན་ཁྲ་གོང་ནས་ནག་པོ་བདུད་ལ་ཕེབས། །ཨ་སྟག་དྲག་མོ་ཐབས་ཀྱི་སྦྱོར་བས་བཀུག ། ཚེ་ཕྲུག་བསྒྲལ་ཅིང་བྱང་སྔོན་དབང་དུ་བསྡུས། །ཁྲོམ་ཤོག་དམེ་བཟའི་བློ་འཕྲུལ་ལ་འགྲོགས་ཏེ། །གཏི་མུག་ཀླུ་བཙན་ཆོས་དབྱིངས་ལྷ་མདས་བསྒྲལ། །ངམ་རིང་ས་གནད་ལྕགས་ར་རྩེ་དགུའི་རྩེར། །ལྟ་སྣང་བཏང་སྙོམ་བཞུགས་པའི་ཟོལ་བྱས་ཏེ། །དམིགས་མེད་ཏིང་ངེ་འཛིན་གྱི་ངར་ཤུགས་ཀྱིས། །བདུད་སྡེ་ཟིལ་གྱིས་མནན་ནས་ཡུན་རིང་བཞུགས། །དེ་ཚེ་ཐེའུ་རང་བླ་བུའི་འདོད་པ་འབར། །གླིང་ཡུལ་དམག་གིས་བཀང་ནས་ངན་སྤྱོད་བརྒྱས། །ཕུ་ནུ་བཀྲོངས་ཤིང་རྒྱལ་ཡུམ་འཕྲོགས་རྐྱེན་གྱིས། །ཞི་བའི་དབྱིངས་ནས་དྲག་པོའི་ལས་སུ་བཞེངས། །སྣ་ཚོགས་སྤྲུལ་བས་སྟོང་འཁྱམ་སྣ་ནག་གཙོས། །ཧོར་བླ་གདུག་འདྲེ་སྣ་དགུ་དམ་བཏགས་ཏེ། །དགྲ་བླའི་དཔའ་རྫོང་སྦས་པའི་རྫུར་ཞུགས་ནས། །ད་ར་ཁ་དགུའི་ཀླུང་ཁམས་རྡོག་པས་མནན། །སྟོང་ཉིད་སྒྲོན་ནེའི་ཐབས་མཆོག་ལྡེ་མིག་གིས། །དཔའ་བར་འགྲོ་བའི་ཏིང་འཛིན་འཕྲུལ་སྒོ་ཕྱེས། །འདོད་ཆགས་གུར་དཀར་སོར་རྟོག་གསེར་སྒས་བཏུལ། །ཧོར་ཡུལ་དབང་བསྡུས་རྣམ་དཀར་ལས་ལ་སྦྱར། །ས་དམ་སྨུག་པོའི་བདུད་དཔུང་འཇོམ་པའི་ཆེད། །ལྷ་དམག་རུ་སྣ་དཱ་འུའི་ཕྱོགས་སུ་དྲངས། །ཞེ་སྡང་ཐོག་རྒྱལ་མེ་ལོང་ཡེ་ཤེས་ཀྱིས། །བསྒྲལ་ནས་འཇང་ཡུལ་དགེ་བཅུའི་དཔལ་ལ་བཀོད། །མོན་པས་ཙཱ་རིའི་གནས་ལམ་བཀག་རྐྱེན་གྱིས། །དཔུང་གི་གཡུལ་བཤམས་ཨ་དྲག་རུ་དར་བསྙིལ། །ཕྲག་དོག་ཤིང་ཁྲི་བྱ་གྲུབ་ཡེ་ཤེས་ཀྱི། །མེ་ལ་བསྲེགས་ཤིང་ལྷོ་ལུང་ཆོས་ཀྱིས་བསྐྱངས། །དཀར་པོ་གླིང་ལ་ཆེད་དུ་གཟན་པ་ཡི། །བདུད་ཆེན་རུ་བཞི་འཇིགས་མེད་སྟོབས་ཀྱིས་བཏུལ། །བཀའ་བློན་ཆེ་བཞི་འཕྲིན་ལས་ཁ་ལོར་བསུས། །དམག་གི་རྒྱལ་པོ་ནོར་བུ་དགྲ་འདུལ་གྲགས། །གཞན་ཡང་དཀར་པོའི་ཕྱོགས་ལ་མི་མོས་པའི། །ནག་པོའི་ཚོགས་རྣམས་ཚར་གཅོད་རྗེས་འཛིན་དང་། །མཐའ་ཡི་ནོར་གཏེར་དབང་དུ་བསྡུ་བའི་ཆེད། །གཡུལ་གྱི་མཛད་པ་དང་དུ་བླངས་པ་མང་། །གྱད་ཀྱི་རིགས་ལ་ནག་པོའི་སྙིང་ཁམས་ཅན། །ནུབ་ཕྱོགས་སྟག་གཟིག་གོ་ལི་རྒྱལ་པོ་བཏུལ། །ནོར་གྱི་ཕྱྭ་གཡང་སྒང་པ་བོད་ལ་བཀུག། མགུལ་ལྷའི་ཚོགས་ལ་ནོར་གཏེར་གཉེར་ཁ་བཅོལ། །སོག་གི་གཡུལ་ངོར་རུ་བཞིའི་མཚོན་རྩེ་བཤམས། །ཉིང་ཁྲི་དབང་བསྡུས་མང་རྗེ་ཁྲི་བཙན་བསྒྲལ། །སེར་པོའི་ཡུལ་ཆེན་དཀར་འཇམ་ཡུག་གཅིག་མཛད། །མགྱོགས་ཆེན་འདོ་བའི་ཁྱུ་གཡང་གླིང་ལ་ཕབ། །ཚེ་རིང་མཆེད་ལྔའི་ལུང་བཞིན་དཔའ་བོའི་དཔུང་། །ཨ་གྲག་ཡུལ་ཕབ་སྒོང་བའི་མི་དགུ་སོགས། །བདུད་བློན་ཚོགས་བཅོམ་ཉི་གྲགས་རྗེས་སུ་བཟུང་། །སྒང་གི་རིན་ཆེན་གཟི་རྫོང་བོད་ལ་ཕབ། །དཔུང་ཆེན་རུ་གཉིས་བྱང་ཡུལ་སྟོད་ལ་དྲངས། །ནག་ཕྱོགས་སྟག་རྩེ་རྒྱལ་བློན་ཆམ་ལ་ཕབ། །གདོང་གྲུམ་ཨ་རྒོད་ལ་སོགས་གྲོགས་ལ་བཀུག །རིན་ཆེན་བྱུར་དམར་གཏེར་རྫོང་གཡང་དུ་བླངས། །ཞང་ཞུང་ཡུལ་ལ་ལྷ་དམག་རུ་སྣ་བསྒྱུར། །བདུད་སེམས་ལྡན་རྣམས་དྲག་མཚོན་ངར་ལ་དྲངས། །ལྷུན་འགྲུབ་གྲགས་པའི་བློ་སྣ་ནང་ལ་བཀུག །ཞང་ཡུལ་བདེར་བཀོད་མུ་ཏིག་གཏེར་རྫོང་བླངས། །སྨོན་ལོག་རྒྱལ་བློན་ཨར་ལ་གཏོད་ཆེད་དུ། །དྲག་རྩུབ་རུ་སྣ་ཁ་ཆེའི་ཡུལ་ལ་གཏད། །ཁྲི་བརྟན་བཏབ་པ་ལན་མེད་སོ་ལ་བསྐྱོན། །ཁ་ཡུལ་བདེར་བཀོད་རིན་ཆེན་གཡུ་རྫོང་ཕབ། །བདུད་ནག་བུ་ལྔའི་ལྔ་ཕུང་གཞོམ་ཆེད་དུ། །དཔའ་བོའི་དཔུང་སྟོབས་ལ་དྭགས་སྟོད་ལ་གཟས། །དགའ་བོ་གཞོན་ནུ་གཤིན་རྗེའི་གྲོང་ལ་བརྫངས། །གངས་རིའི་ཤེལ་རྫོང་སྒང་པ་བོད་ལ་ཕབ། །ཡ་མེད་གཤིན་རྗེ་ས་ཁར་ཐོན་འདྲ་བའི། །ནག་པོའི་ཕྱོགས་འཛིན་དཔའ་སྙིང་དགུ་སྐོར་ཅན། ར་བཙན་རྒྱལ་བློན་དྲག་གཏུམ་དཔུང་གིས་བཅོམ། །སྦེ་ཡུལ་ཆོས་ལ་བསྒྱུར་ནས་ར་གཡང་བླངས། །ཕུང་བདུད་ལག་དམར་ལ་སོགས་གདུག་སྤྱོད་ཀྱིས། །རྣམ་དཀར་ལས་ལ་དགྲ་བ་དཔུང་གིས་བརླགས། །སུམ་རྒྱལ་ག་འུར་མི་རྟག་ངོ་སྤྲོད་བཏབ། །ཁྱུང་དཀར་མཛོ་གཡང་རྨ་ཡུལ་རྒྱན་དུ་དྲངས། །མཐིང་དང་གཡུལ་བཀྱེས་ནག་པོའི་ཕྱོགས་རྣམས་བཏུལ། །སྟག་རྒོད་རྔམ་བཙན་ཞི་བའི་ཐབས་ཀྱིས་བཀུག །རིན་ཆེན་གཏེར་བླངས་ཤང་ཤང་ཡུལ་དུ་ཕེབས། །སྨན་གྱི་རྫོང་ཕབ་མདོ་སྒྲོན་གྲོགས་ལ་བསུས། །སྨོན་ལོག་གདོན་གཟུགས་དངོས་རྒྱུག་ཧ་ཡང་སྡེའི། །སྦྱོར་ངན་གདོང་ལ་འབུམ་དཔུང་ཆེན་པོ་དྲངས། །གཡུལ་འཐབ་དྲག་བྱས་ཉི་མ་རྒྱལ་མཚན་བསྒྲལ། །སྨུག་ཆུང་དྲེལ་གཡང་ཉམས་པ་མེད་པར་མཛད། །འཇིགས་རུང་མེ་གླིང་དམར་པོར་དབང་སྒྱུར་བའི། །དངོས་མེད་དམ་སྲིའི་རྒྱལ་བློན་ཆམ་འབེབས་ཕྱིར། །སྤྲུལ་བའི་དམག་བསྡུས་གཡུལ་འཐབ་དྲག་པོ་ཡིས། །བྲག་ལྷ་རྒྱལ་པོ་བཏུལ་ནས་གསེར་རྫོང་བླངས། །མུ་སྟེགས་ནག་པོའི་སྨོན་ལམ་ངན་འབྲས་ཀྱིས། །ཐོག་རྒོད་རྒྱལ་པོས་གངས་ལྗོངས་གཙེ་བའི་ཚེ། །བདུད་འཇོམས་དཔུང་བསྐྱེད་གཡུལ་ཆེན་སྒོ་ཕྱེས་ཏེ། །གྲུ་རྒྱལ་ཆམ་ཕབ་གོ་མཚོན་འཕྲུལ་རྫོང་ཕབ། །མི་བསྲུན་ས་ལ་ངོས་རྒྱུ་མི་ནུབ་པའི། །བདུད་དཔུང་ཧྲག་མོར་གཡུལ་འཐབ་དྲག་བྱས་མཐར། །དགའ་རབ་བླ་རྡོ་རྨ་བྱ་རྒྱལ་པོ་བསྒྲལ། །ཡུལ་ཕྱོགས་ཆོས་ལ་བཀོད་དེ་དར་རྫོང་ཕབ། །ཤར་ཕྱོགས་ཡུལ་གྱི་ཤི་འདྲེ་འདུལ་བའི་ཆེད། །ནེའུ་ཆུང་དཔལ་མོའི་ཡེ་ཤེས་འཕྲུལ་ཐབས་བཅས། །གྲུབ་པའི་དཔུང་སྟོབས་སྟོང་ཁུན་ཡུལ་ལ་དྲངས། །རོ་རུལ་བཞེས་ཤིང་ཇ་ཡི་རྫོང་ཆེན་ཕབ། །ཨུ་ཡན་བདུད་ཀྱི་རུ་སྣ་འཕྱུར་བའི་གདོང་། །གྲུབ་ཆེན་དཔའ་བོའི་དཔུང་གིས་ཉེར་བསུས་ཏེ། །གཡུལ་ཐབས་དྲག་པོས་ཐོག་རྒོད་གཡུལ་རྒྱལ་བསྒྲལ། །རིན་ཆེན་དངུལ་དཀར་གཏེར་ཁ་བདག་ཏུ་མཛད། །ནག་པོའི་སྟོབས་རྫོགས་འཇར་དང་ཧུ་ལའི་གཙོས། །སྣང་དང་སྣང་མིན་རྒྱལ་ཕྲན་མང་པོ་ལ། །དངོས་དང་སྤྲུལ་བའི་དཔའ་དང་ཏིང་འཛིན་གྱིས། །ཚར་གཅོད་རྗེས་འཛིན་མཛད་པའི་རྣམ་ཐར་མང་། །སྐབས་སུ་ནག་པོའི་ཕྱོགས་ལ་མོས་པའི་རིགས། །གང་གི་ཐབས་དང་མཐུ་ཡིས་མཐར་བྱས་ཏེ། །དགོས་འདོད་གཏེར་རྫོང་རྣམ་པ་སྣ་ཚོགས་ཀྱིས། །ཕྱི་རབས་དབུལ་བ་སེལ་བའི་གཡང་བཅུད་བཞག །སྣང་ཚུལ་ཙམ་ལ་གང་གི་སྐུ་ཚེའི་ནང་། །དགྲ་བསད་ནོར་འཕྲོག་རྣམ་པ་བསྟན་ན་ཡང་། །དོན་ལ་འཛམ་གླིང་བདེ་བའི་སྤྱི་རིམ་ལས། །སྐྱེས་བུའི་སྒེར་དོན་མིན་པ་འཕགས་པའི་ཆོས། །འཛམ་གླིང་མཐའ་དབུས་རྫུ་འཕྲུལ་ཞབས་ཀྱིས་བཅགས། །མི་དང་མི་མིན་འཁོར་ཚོགས་དུང་ཕྱུར་བརྒྱ། །དབང་བསྡུས་ཟིལ་མནན་མ་འོངས་ཤམྦྷ་ལར། །རིག་ལྡན་འཁོར་དུ་འདུས་པའི་ཐུགས་བསྐྱེད་མཛད། །གྲུབ་ཆེན་བརྒྱད་ཅུ་དཔའ་བོའི་རྣམ་པ་རུ། །འཁོར་གསུམ་རྒྱན་ཆ་ཤ་ལེར་བྱོན་རྣམས་ལ། །རང་རང་སོ་སོར་འགྲོ་དོན་འདི་མཛོད་ཅེས། །བཀའ་ལུང་བསྩལ་ཏེ་ས་བདེ་ཡུལ་འཇམ་མཛད། །གླིང་དཀར་བསྟན་སྲིད་དཀར་འཇམ་ཡུག་གཅིག་དེ། །ཙནྡྲ་གོ་མིའི་རྣམ་འཕྲུལ་མི་ཡི་རྗེ། །སྐུ་ཚ་ལྷ་སྲས་དགྲ་བླ་རྩེ་རྒྱལ་ལ། །ཡོངས་སུ་གཏད་དེ་མངའ་གསོལ་གཟེངས་ཀྱང་བསྟོད། །དེ་ནས་བསིལ་ལྗོངས་སྒྲུབ་པའི་གནས་རྣམས་དང་། །རྒྱ་གར་རྒྱ་ནག་བལ་འབྲུག་ལ་སོགས་པའི། །འཛམ་གླིང་གནས་ཆེན་བྱིན་ལྡན་ཕལ་མོ་ཆེར། །སྐུ་མཚམས་ཡང་དག་འཇོག་གི་རྣལ་འབྱོར་མཛད། །འོག་མིན་ཟངས་མདོག་དཔལ་གྱི་རི་བོར་ཕེབས། །དགོངས་སྤྱོད་ཀུན་བཟང་པདྨར་རོ་གཅིག་འདྲེས། །འགྲོ་འདུལ་འཕྲིན་ལས་ངན་སོང་གནས་སུ་བཀྱེས། །དམྱལ་བའི་སེམས་ཅན་ཁྲག་ཁྲིག་བདེ་བར་བཀོད། །གླིང་ཡུལ་དཔའ་བརྟུལ་དཔའ་བོའི་སྡེ་ཚོགས་དང་། །དྭངས་སྨན་ལས་ཅན་སྐལ་ལྡན་འཁོར་ཚོགས་ལ། །ཐུན་མོང་ཐུན་མིན་ཟབ་མོའི་ཆོས་སྐོར་གྱིས། །འོག་མིན་བསྒྲོད་པའི་ཉེ་ལམ་གསེར་ཟམ་བསྐྲུན། །མཚོ་རྒྱལ་སྒྱུ་འཕྲུལ་དམ་ལྡན་ནེའུ་ཆུང་མས། །མ་འོངས་དོན་དུ་ཞུ་སྐུལ་ཟབ་བྱས་མཐུས། །གསང་གསུམ་རྣམ་ཐར་འབྱུང་འགྱུར་ལུང་བསྟན་སྒོ། །བསམ་གྱིས་མི་ཁྱབ་སྨོན་ལམ་གཏད་རྒྱ་མཛད། །དེ་ནས་གླིང་དཀར་སྟོད་ཀྱི་མཛད་འཕྲིན་འཕྲོ། །ཚུལ་མཐོང་སྣང་ངོར་རེ་ཞིག་འཇོག་ཟོལ་གྱིས། །རྨ་རྒྱལ་སྟེང་ཕྱོགས་མཁའ་སྤྱོད་ཞིང་གི་གཙོར། །འཕོ་ཆེན་འོད་ལུས་དྭངས་མའི་ངོ་བོར་བཞེངས། །ཡེ་སངས་ཡང་སངས་རྒྱས་པའི་ཚུལ་མངའ་ཡང་། །ཐུགས་བརྩེ་རྣམ་རྒྱུན་གདུལ་བྱར་རྗེས་ཆགས་ཏེ། །འགྲོ་བའི་ཁམས་ལ་ཀུན་ཁྱབ་ཡེ་ཤེས་འཕྲུལ། །དུས་ལས་ཡོལ་བ་མེད་པར་རྟག་ཏུ་འཇུག །ལྷག་པར་ལྔ་བརྒྱའི་མཐའ་ལ་ཉེ་བའི་དུས། །འགྲོ་བའི་དོན་ལ་རྣམ་པ་སྣ་ཚོགས་ཀྱི། །འཕྲིན་ལས་རྒྱལ་བ་གཞན་ལས་རྣོ་མྱུར་བའི། །དོན་འགྲུབ་དགྲ་བླའི་རྒྱལ་པོ་ཞེས་སུ་གྲགས། །ཆོས་སྐུའི་རང་རྩལ་ཡང་དག་དབུ་རྨོག་ཅན། །ལོངས་སྐུའི་ཞིང་གཙོ་ཤེས་རབ་མཚོན་ཆ་ཅན། །སྤྲུལ་སྐུའི་རྒྱལ་པོ་བརྩོན་འགྲུས་རྟ་མཆོག་ཅན། །སྐུ་གསུམ་བདག་ཉིད་འགྲོ་འདུལ་གར་གྱི་དབང་། །གང་གི་བྱིན་རླབས་སྙིང་ལ་རེག་པ་ཡི། །ཕྱི་རབས་དད་ལྡན་སྐྱེ་བོ་རང་རང་ལ། །བླ་མ་ཡི་དམ་ཆོས་སྐྱོང་དགྲ་བླ་སོགས། །གང་ལྟར་མོས་བྱས་དེ་ལ་དེ་ལྟར་སྟོན། །སྐབས་དང་སྐབས་སུ་གང་གི་སྒྱུ་མའི་འཕྲུལ། །མཁས་པའི་དབང་པོ་གྲུབ་པའི་སྐྱེས་བུ་དང་། །ས་སྐྱོང་ཆེན་པོ་གསོ་བྱེད་མཁན་པོའི་ཚུལ། །དངོས་སུ་བྱོན་ནས་འགྲོ་དོན་བསམ་འདས་འབྱུང་། །བར་ཆད་ཀུན་སེལ་འཇིགས་མེད་རྡོ་རྗེའི་གོ །དངོས་གྲུབ་ཀུན་སྩོལ་བསམ་འཕེལ་དབང་གི་ནོར། །འཇིགས་པ་ཀུན་སྐྱོབ་རྒྱལ་ཀུན་མཐུ་སྟོབས་རྩལ། །དུས་ཀྱི་འགྲོ་མགོན་རྡོ་རྗེ་ཚེ་ཡི་རྒྱལ། །ཝེར་མའི་བྱིན་རླབས་སྙིང་ལ་རབ་འཕོས་ཤིང་། །དབྱིངས་ཕྱུག་གཏད་རྒྱ་དུས་སུ་ཤར་རྣམས་ལ། །གང་གི་མཛད་པ་རྣམ་ཐར་བརྗོད་འདས་ཀྱང་། །ཀུན་ཀྱང་བྱིན་ལྡན་དུས་རྒུད་གསོ་བའི་སྨན། །ད་དུང་ཡང་ནི་མི་མིན་བདུད་ཀྱི་སྡེས། །མི་མངོན་སྦས་པའི་ཚུལ་གྱིསདཔུང་བཤམས་ཏེ། །འགྲོ་བའི་བདེ་སྐྱིད་ཟ་ལ་རྔམ་སྲིད་ཚེ། །གང་གིས་འདུལ་ཚུལ་གསང་རྣམ་ཟད་མཐའ་མེད། །སྙིགས་དུས་རྒྱལ་བསྟན་དབུ་འཕང་དམའ་བའི་དུས། །རྩ་གསུམ་སྤྱི་དཔལ་གང་གི་མཐུ་བྱིན་ལ། །ཨ་ལ་ཐ་ལས་འབོད་སྐུལ་ཙམ་བྱས་ཀྱང་། །མངོན་སུམ་ཡུལ་གྱུར་རྟགས་མཚན་མཐའ་ཡས་འབྱུང་། །བསྟན་དང་འགྲོ་ལ་བར་ཆད་གཡུལ་གྱི་ངོ་། །ཐོག་བབས་བྱུང་ན་གང་གི་མཐུ་སྟོབས་རྩལ། །ཞི་དྲག་ཅི་དགོས་སྐབས་བསྟུན་ཐབས་ཀྱི་འཕྲུལ། །མྱུར་མགྱོགས་གློག་གི་ཞགས་པས་གཞལ་ཡོད་མིན། །ཕྱི་ཡི་དགྲ་ལ་གེ་སར་གནམ་ལྕགས་ཐོག །ནང་གི་ནད་ལ་སེང་ཆེན་བདུད་རྩིའི་སྨན། །གསང་བའི་རྐྱེན་ལ་སྐྱེས་མཆོག་རང་གྲོལ་རྩལ། །ཀུན་ཐུབ་ནོར་བུ་དགྲ་འདུལ་རྨད་དུ་བྱུང་། །མདོར་ན་དུས་ངན་སྙིགས་མའི་མར་གཤམ་འདིར། །རྒྱལ་ཀུན་འཕྲིན་ལས་གཅིག་ཏུ་འདུས་པ་ཡི། །སེང་ཆེན་དགྲ་བླའི་བླ་རྡོ་ཁྱེད་གཅིག་ལས། །སྐྱབས་གཞན་མེད་དོ་སྙིང་ནས་གསོལ་བ་འདེབས། །དཀར་པོའི་ཕྱོགས་ལ་རྒྱབ་རྟེན་ཞན་གྱུར་ཅིང་། །ནག་ཕྱོགས་མགོ་འཕང་དགུང་ལ་སྙེག་པའི་དུས། །ཁྱེད་ཀྱི་མཐུ་སྟོབས་འཐོར་བྱེད་རྡོ་རྗེའི་ཐོག །ཆོས་ཀྱི་དབྱིངས་ནས་མི་གཡེལ་དུས་ལྟར་མྱུར། །ས་བཅུད་ཉམས་ཤིང་ཡུལ་རྟེན་མནོལ་བ་ཡིས། །འགྲོ་རྣམས་སྡུག་བསྔལ་སྣ་དགུས་གཟིར་བའི་དུས། །འགྲོ་བའི་བླ་མ་སེང་ཆེན་སྐྱེས་བུ་སྐུལ། །སྣང་སྲིད་ཡོ་ཆོས་ལོངས་སྤྱོད་འཕེལ་བར་ངེས། །ནང་གི་ཉོན་མོང་རགས་པ་ལས་བྱུང་བའི། །ཕྱི་ཡི་དུས་འཁྲུག་ནད་མུག་བདོ་བའི་སྐབས། །སྤྱན་གཟིགས་འཕྲིན་ལས་དོན་གྲུབ་སྐྱེས་བུ་སྐུལ། །སྤྱི་མཐུན་འགྲོ་བའི་སེམས་རྒྱུད་ལྷོད་པར་ངེས། །མི་དགེ་སྡིག་ལ་སྤྱད་པ་མང་དྲག་པས། །སྐྱེ་འགྲོ་ཡང་དག་གནས་ལ་རབ་ལྐུག་ཚེ། །འཇམ་དཔལ་ངོ་བོ་ཨ་དཀར་ཝེར་མ་སྐུལ། །ཉེས་སྒྲིབ་བྱང་ཞིང་ཤེས་རབ་འཕེལ་བར་ངེས། །མུ་སྟེགས་ལྟ་སྤྱོད་ནག་པོ་ཁ་དར་ཏེ། །སྤྱི་མཐུན་འགྲོ་བ་དུཿཁས་གཟིར་བའི་དུས། །གསང་བདག་རོལ་གར་ནོར་བུ་དགྲ་འདུལ་སྐུལ། །འཇིགས་མེད་རྡོ་རྗེའི་དཔའ་གདེང་ཐོབ་པར་ངེས། །སེམས་ཅན་ཡོངས་ཀྱི་བསོད་ནམས་དམན་པ་ཡིས། །དམ་ཉམས་ཁ་དར་དམ་པར་གཟན་པའི་ཚེ། །པདྨའི་ཐུགས་སྲས་གེ་སར་སྐྱེས་བུ་སྐུལ། །རྒྱལ་བསྟན་དར་ཞིང་བསྟན་འཛིན་ཞབས་བརྟན་ངེས། །མདོར་ན་དུས་ཀྱི་ལྷག་ལྷ་ཁྱད་པར་ཅན། །གང་གི་རྣམ་ཐར་བསྒྲགས་ཤིང་གསོལ་འདེབས་ན། །ཚེ་འདིར་དགེ་ལེགས་སྣང་བ་རབ་རྒྱས་ཤིང་། །ཕྱི་མ་མཁའ་སྤྱོད་ཞིང་དུ་ལམ་སྣ་མཛད། །གླིང་རྗེ་གེ་སར་ཆེ་མཆོག་རྒྱལ་པོ་ལ། །ཕྱི་དང་ནང་དང་གསང་བ་ཡང་གསང་གི །མཛད་པ་འཕྲིན་ལས་བསམ་མི་ཁྱབ་ན་ཡང་། །འདི་རུ་ཐུན་མོང་འདོད་ཚུལ་བསྡུས་ཙམ་བཀོད། །དབྱིངས་ཕྱུག་ནེའུ་ཆུང་རྒྱལ་མོའི་བརྡ་མཛོད་ལས། །སྐྱེས་བུའི་རྣམ་ཐར་ནོར་བུའི་དོ་ཤལ་འདི། །སྤེལ་ལ་དབང་བ་སྔོན་སྨོན་ལས་འཕྲོ་ཡིན། །རྟེན་འབྲེལ་ལེགས་ཤིང་འགྲོ་དོན་འབྱུང་བར་ངེས། །འདི་ཉིད་གང་དུ་དར་བའི་ས་ཕྱོགས་སུ། །ནད་མུག་དུས་འཁྲུག་དབྱིངས་སུ་ཞི་བ་དང་། །འདི་འཛིན་མི་ལ་དགྲ་བླ་ཝེར་མ་ཡིས། །སྡོངས་གྲོགས་མཛད་ཅིང་རླུང་རྟ་དར་བར་ངེས། །སེམས་ཉིད་གཉུག་མ་འཇིགས་པ་མེད་པའི་ཁམས། །བརྩེ་ཆེན་སྙིང་རྗེའི་རླུང་གིས་རབ་གཡོས་ཏེ། །དཔལ་ལྡན་སྐྱེས་བུའི་གསང་གསུམ་རྡོ་རྗེའི་ཆོས། །ཚིག་གིས་མཚོན་ཙམ་སྨྲས་འདི་བཀྲ་ཤིས་ཤོག །

ཅེས་གླིང་རྗེ་གེ་སར་སྐྱེས་བུ་དོན་གྲུབ་ཀྱི་རྣམ་ཐར་བསྡུས་པ་དབྱིངས་ཕྱུག་ནེའུ་ཆུང་རྒྱལ་མོའི་ཞལ་ལུང་རིན་ཆེན་ནོར་བུའི་དོ་ཤལ་ཞེས་བྱ་བ་འདི་ཉིད། སེང་ཆེན་མི་ཡི་ཉི་མ་རྒྱལ་བློན་གྱི་མཛད་འཕྲིན་སྤེལ་བའི་བྱེད་པོ་ཀོས་ཙ་སྤྲུལ་མདོ་སྔགས་ཉི་མ་རིན་པོ་ཆེ་སྐུ་འཁོར་དང་མཉམ་དུ་འཕགས་མཆོག་སྤྱན་རས་གཟིགས་ཀྱི་གནས་མཆོག་རི་བོ་གྲུ་འཛིན་ནས་བྱང་སེམས་ས་ཡི་སྙིང་པོའི་སྙེན་སྒྲུབ་ལ་གཞོལ་སྐབས། སྟོང་བཟའ་པྲ་སྒྲུང་བ་ཉི་འབུམ་པདྨ་བཛྲ་རྩལ་གྱི་སྐུ་སྐྱེ་གཏེར་སྟོན་པདྨ་རྡོ་རྗེ་མཆོག་གིས་འབྲི་ཤོག་དང་སྨྱུ་གུ་ཕོན་ཆེན་གནང་བས་རྟེན་འབྲེལ་གྱིས་རྐྱེན་བྱས་ཏེ་ཁོ་བོ་གླིང་རྗེའི་རྣམ་སྒྲུང་པར་རློམ་པའི་རང་སྣང་ཅན་སྨིན་དབུས་ཨ་དཀར་པོ་འམ། སྒྲུང་མིང་འཇིགས་མེད་བརྩེ་ལྡན་རྡོ་རྗེ་རུ་འབོད་པ་དེས་རབ་བྱུང་བཅུ་བདུན་པའི་དབང་ཆེན་སྤྲེལ་ལོའི་རྒྱལ་ཟླ་བའི་ཚེས་༡༠ ལ་སྤྲོ་བས་བྲིས་པ་འདི་ཡང་གླིང་དཀར་བསྟན་སྲིད་རྒྱས་པའི་རྒྱུར་གྱུར་ཅིག ། དགེའོ། །

 

 

 

 

ཀློག་གྲངས།:[4600]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com