སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

གླིང་དང་འབྲེལ་ཡོད་ཀྱི་བླ་མ་ཞིག་འཚོལ་བ།

 

    གུ་ར་བླ་མ་དབང་ཁོའི་རྣམ་ཐར་གྱི་

       ས་བོན་ཉུང་ངུ་།

༼ ཐོག་མའི་སྐད་ཆ། འདིར་ཁོ་བོས་གླིང་གེ་སར་སྒྲུང་བ་དང་འབྲེལ་ཡོད་ཀྱི་མི་སྣ་འཚོལ་ཞིབ་ཁྲོད་ནས་ཡུལ་མགོ་ལོག་ཨ་སྐྱོང་ཁང་སར་གྱི་སྔོན་གནས་རྗེས་དྲན་སྒྲུང་བ་གུ་ར་བླ་མ་དབང་ཁོ་ཞེས་པ་ཞིག་འཚོལ་དགོས་བྱུང་། ཁོང་གི་ལོ་རྒྱུས་ཐར་ཐོར་ནི་ཁོ་བོ་ལོ་ངོ་བརྒྱད་དགུའི་དུས་ནས་ཐོས་མྱོང་ལ་དོ་སྣང་ཡང་རྒྱུན་དུ་བྱས་པ་དང་། ད་ལྟ་འཚོ་བའི་རྒན་རྒོན་དག་གི་ཁ་ན་ཡང་ཁོང་གི་རྣམ་ཐར་དམ་དུམ་ཆད་ཆོད་ཡོད་པ་དང་། ཁོང་གི་རིགས་རྒྱུད་ཉེ་འབྲེལ་སོགས་འབྲེལ་ཡོད་མི་མང་པོ་དངོས་སུ་འདུག་མོད། འོན་ཀྱང་ཁོང་གི་གསང་གསུམ་གྱི་ལོ་རྒྱུས་གསལ་བོ་ཞིག་ལྟ་ཅི། ཐ་ན་འཁྲུངས་ལོ་དང་འདས་ལོ་ཙམ་ལ་ཡང་ཁ་མཐུན་པོ་ཞིག་མི་འདུག་པས། ལོ་རྒྱུས་ཇི་བཞིན་པ་ཞིག་འགོད་དཀའ་བའི་གནས་སུ་འདུག་ཕྱིར། འདིར་ཕྲན་གྱིས་ཨ་སྐྱོང་ཁང་སར་སྡེ་བར་གཏོགས་པའི་སྐྱ་སེར་ཕོ་མོ་སུ་ཡིན་གྱིས་རང་རང་གི་ཉེ་ཁོར་གྱི་རྒས་པོ་དག་གི་ངག་ལམ་ནས་གུ་ར་བླ་མ་དབང་ཁོའི་ལོ་རྒྱུས་ཀྱི་རྒྱུ་ཆའི་ས་བོན་རེ་ཨེ་རྙེད་ལྟ་རྒྱུ་དང་། ཁོ་བོས་འོག་ཏུ་གུ་ར་བླ་མ་ངོ་སྤྲོད་ཀྱི་ས་བོན་ཙམ་བཀོད་ཡོད་པ་དེ་ཡུལ་མི་ཚོའི་ངག་ནས་བཏུས་པ་ཡིན་པས་འགལ་འཛོལ་ལ་ཞེན་ཕྱོགས་སུ་མ་ལྷུང་བས་ཡོ་བསྲང་དང་ཁ་གསབ་རྒྱབ་སྐྱོར་གནང་རྒྱུར་སྙིང་ནས་རེ་བ་ཆེ་ཞུ་རྒྱུ་དེ་ཡིན། རེ་བ་ཞུ་ཡུལ་ཡང་གཙོ་བོ་གུ་ར་བླ་མ་འཁྲུངས་ཡུལ་ཁང་སར་ཚང་གི་ཤེས་ལྡན་པ་ཚོར་ཁ་གཟས་ཡོད་དོ། ༽

དེ་ཡང་དུས་རབས་ཉི་ཤུ་བའི་སྨད་དུ་འདས་པའི་ཁང་སར་གུ་ར་བླ་མ་དབང་ཁོ་ཞེས་གྲུབ་པའི་རང་རྟགས་མངའ་བ་ཁོང་ནི། ཡུལ་མདོ་སྨད་མགོ་ལོག་ཨ་སྐྱོང་ཁང་སར་སྡེ་བའི་(གུར་བ་)གུ་ར་ཚང་ཞེས་པའི་ཁྱིམ་རྒྱུད་དུ། ཡབ་གུ་ར་སྐར་བཀྲ་དང་མ་ཡུམ་གཙང་བཟའ་དཔལ་མོ་གཉིས་ལ་འཁྲུངས་ཟེར། ཆུང་བའི་དུས་ཁོང་གི་མཚན་ལ་དབང་ཁོ་ཞེས་འབོད་པ་འདྲ་ལ་བྱིས་པ་ཡིད་དུ་འོང་བ་ཞིག་ཡིན་པར་ཐོས། ཡུལ་སྡེའི་བཤད་སྲོལ་ལ་ཁོང་དགུང་གྲངས་གཉིས་ལ་ཉེ་བའི་དུས་ཀྱི་དབྱར་ཁ་ཞིག་ལ་ཁོང་ཚང་གི་འབྲོག་སྦྲའི་ཆོན་ཞབས་སུ་ཆུར་བ་ཉི་མར་ལྡེ་སར་ཐག་འདོག་བྱས་ཡོད་སྐབས། གློ་བུར་དུ་གནམ་ངོ་འཁྲིགས་ཏེ་སེར་དྲག་བབས། དུས་དེར་གཡོག་མོ་ཞིག་གིས་ཆུར་བ་བདག་དམ་བྱེད་ཞོར། བྱིས་པ་དབང་ཁོ་ཉེ་གམ་དུ་བཏགས་ཡོད་པ་མཐོང་དུས་སེར་བའི་ཉེན་ཁ་སྐྱོབ་འདོད་ཕན་སེམས་ཀྱིས་བྲེལ་ཚུབ་ངང་འཁྲིས་ན་སྟན་(རྫིའུ་སྟན་ནམ་སྦས་སྟན) ཞིག་ཡོད་པ་མགོ་ཐོག་ཏུ་བཀབ་པའི་གྲིབ་རྐྱེན་གྱིས་ཁོང་གི་སྤྱན་གཉིས་ལོང་བར་གྱུར་བས། (རྒན་པོ་ལ་ཤས་ཀྱིས་བཤད་ན་ཁོང་སྐུ་འཁྲུངས་ས་འབྲོག་རུ་སྤོ་བཞིན་པའི་རུ་ལམ་ཞིག་ཡིན་པས། གློ་བུར་བའི་སྐབས་དེར་ལག་ལྕིབས་སམ་ན་བཟའ་གསར་བ་མ་རྙེད་པར་གཡོག་མོ་ཞིག་གི་འགོམ་ཕྱིང་གི་ཁུག་ལ་གཅུད་པས་གྲིབ་ཕོག་པ་ཡིན་ཚུལ་ཡང་གོ་མྱོང་། )ཡུལ་མི་ཀུན་ལ་ཕངས་སེམས་ཚད་མེད་བྱུང་བར་མ་ཟད་ཁོང་བྱིས་པ་ལྟས་བཟང་ཞིག་ཡིན་ཡང་ཡུལ་ཕྱོགས་ཀྱི་བསོད་ནམས་དམན་སོང་བས་ཡིན་པར་ཡང་བཤད། དེ་ནས་བཟུང་ཁོང་གི་སྤྱན་གཉིས་གཞི་མེད་དུ་གྱུར་ཡོད་ན་ཡང་ནར་སོན་པའི་གོ་རིམ་ཁྲོད་ཀྱི་ཟ་ཉལ་འགྲོ་འདུག་གི་སྤྱོད་ལམ་ལ་གནོད་པ་ཆེར་མེད་པར་མ་ཟད། རྣམ་རིག་བཟང་བ་དང་། གཞན་གནོད་ལ་འཛེམ་བག་ཆེ་བས་འབའ་ཕེར་ཁོ་ན་མ་གཏོགས་སེམས་ཅན་གྱི་ལྤགས་རིགས་ཡེ་མི་གྱོན་པ་དང་། རྒྱུན་དུ་འཁོར་ལོ་སྐོར་རྒྱུར་གོམས་པ་སོགས་ཡ་རབས་ཀྱི་རྟགས་ཚང་ཞིང་། སྐུ་ན་ཕྲ་དུས་ཀྱི་སྐུ་རྩེད་སྐབས་ནས་བཟུང་རྨ་སྨད་ཀྱི་ལྷ་རི་མཐོན་པོ་སྨིན་མོའི་གསེར་དེའུ་ཡི་མདུན་ཐང་ད་ལྟ་སྨིན་ཐང་དུ་འབོད་པ་དེ་ནི་སྔར་གླིང་དུས་སུ་གླིང་གེ་སར་རྒྱལ་པོ་བཞུགས་ས་ཡིན་པར་མ་ཟད། སྨན་དམེ་བཟའ་འབུམ་སྐྱིད་བདུད་ཀྱི་འཕྲོགས་སའི་ས་ཡང་ཡིན་པས་ས་མིང་ལ་དམེ་ཐང་ཞེས་འབོད་པ་ཡིན་ཚུལ་གསལ་ལྷང་ངེར་དྲན་ཞེས་བཤད་པ་དང་། གཞན་རྨ་ཉིན་གྱི་སྒོའི་ལྷས་དམར་ཞེས་པ་ངེད་སྤྱི་དཔོན་རོང་ཚ་ཚང་གི་རྟ་བ་འདུག་ས་དང་། ཕ་སྤྱི་དཔོན་གྱིས་བདག་ལ་གནང་བའི་ས་སྐལ་ཡང་ཡིན་ཚུལ་དང་། སྒོ་རྣའི་བྲག་དཀར་ཞེས་པའི་ཁོར་ཡུག་ནི་རྨ་ཉིན་རྫོང་དཔོན་པོ་ལྷ་ཀླུའི་བཞུགས་གནས་ཡིན་ཚུལ་སོགས་གླིང་དུས་ཀྱི་གནས་ཚུལ་མང་པོ་སྔོན་གནས་རྗེས་སུ་དྲན་ཞེས་ཡང་ནས་ཡང་དུ་གསུངས་མྱོང་བ་དང་། སྐབས་སྐབས་སུ་སྔར་མ་གྲགས་པའི་སྒྲུང་གླུ་སྙན་མོ་མང་པོ་གང་ཤར་ཤར་དུ་དགོངས་པ་ཀློང་རྡོལ་བའི་ཚུལ་གྱིས་ལེན་པར་མ་ཟད། ཁོང་གིས་གླིང་རྗེ་གེ་སར་རྒྱལ་པོའི་གླུ་ངག་ཁྲོམ་ཆེན་ཟིལ་གནོན་དང་། སྐྱ་ལོའི་སེང་ལྕམ་འབྲུག་མོའི་དགུ་སེང་དྲུག་འགྱུར། ནེའུ་ཆུང་ཅོ་ག་དྲུག་འགྱུར། ཁྲོ་ཐུང་གི་ཧ་ར་ཧུར་ཐུང་། ཧོར་གུར་དཀར་གྱི་རྔམ་ཆེན་འགྱིང་གླུ། ཤན་པའི་འབྲས་རིང་འབྲས་ཐུང་སོགས་ཀྱི་དབྱངས་རྟ་རེ་རེ་བཞིན་འདི་དང་འདི་ཞེས་འགྱུར་ཁུག་མི་འདྲ་བ་རེ་རེས་དབྱངས་ལ་གྱེར་སྲིད་པས། ཡུལ་ཕྱོགས་སུ་གསུང་སྐད་སྙན་པའི་ཚད་དུ་གྲགས་པར་མ་ཟད། ཁོང་ལ་སྒྲུང་བཤད་རྒྱུར་རེ་སྐུལ་བྱེད་མཁན་དང་ཉན་མཁན་ཡང་ཤིན་ཏུ་མང་པོ་ཡོད་པར་བཤད། དེ་ལས་ཀྱང་ཐུན་མིན་གྱི་ཁྱད་ཆོས་ཤིག་ལ་ཁོང་གི་སྙན་ལམ་དུ་འདོན་ཆོག་སོགས་དཔེ་ཆ་གང་ཞིག་ཡིན་ཡང་སྒྲ་དག་མོ་ཚར་གཅིག་དང་གཉིས་ཐོས་པ་ན། རིང་ཐུང་ལ་མ་ལྟོས་པར་ཐུགས་ལ་བཟུང་ནས་ཤར་འདོན་ཐུབ་པའི་གནས་ཚུལ་དེ་ནི་རྒྱུས་ཡོད་ཀྱི་མི་ཞིག་ཡིན་ན་ཡ་མི་མཚན་རང་མཚན་ཡིན་ཟེར། ཁོང་སྐུ་ནར་སོན་པ་ན་ཆང་བཞེས་རྒྱུར་ཐུགས་དགྱེས་པ་དང་། ཆང་བཞེས་པའི་སྐབས་སུ་སྤྱན་མེད་པའི་ཉམས་གཞི་ནས་མེད་པར་མིག་ལྡན་གྱི་བྱ་སྤྱོད་མང་པོ་བསྟན་མྱོང་ཟེར། དེ་ནས་གོ་བཟའ་གྲོགས་སྐྱིད་ཅེས་པ་ཐབས་གྲོགས་སུ་བཞེས་ནས་ཁྱིམ་ཐབས་ཀྱི་ཚུལ་དུ་བཞུགས་པ་དང་། སྐབས་ཤིག་ནས་ཡུལ་ཕྱོགས་སུ་གྲགས་ཆེ་བའི་སྟག་ལེབ་བླ་མ་ཞེས་པའི་སྐྱེས་ཆེན་ཞིག་བཞུགས་པ་དེའི་མདུན་དུ་ཕེབས་ནས་དབང་ལུང་མན་ངག་དང་ཐུན་མོང་གི་ཤེས་བྱ་མང་དུ་གསན་པར་བཤད་པ་དང་། གཟི་སོགས་རིན་པོ་ཆེའི་རིགས་ལ་ཕྱག་གིས་རེག་ཙམ་གྱིས་རྒྱུ་སྤུས་དང་། གསར་རྙིང་། ཐ་ན་རི་མོའི་ཞིབ་ཚད་སོགས་མི་ནོར་བའི་བརྟག་ཐབས་ལ་ཆེད་མཁས་སུ་གྱུར་བར་བཤད། དུས་དེར་ཡུལ་ཕྱོགས་ཀྱི་མི་ཕལ་མོ་ཆེས་ཁོང་ལ་གུ་ར་བླ་མ་ཚང་ཞེས་འབོད་ཅིང་། ཁོང་གི་མངོན་ཤེས་ལུང་བསྟན་ལ་ཐོགས་པ་མེད་པ་དང་། ནད་པ་ཚབས་ཆེན་སོགས་ལ་གཅོད་ཁྲུས་གནང་བ་དང་སྔགས་རྒྱག་པ། བྱིས་པ་ཡ་མའི་སྲི་སྲུང་བ། གནམ་འགོག་པ། གཤིན་པོ་ལ་ཐར་ལམ་ཐོབ་མིན་དང་སྐྱེ་རྟགས་གསུངས་པ་ཇི་མ་ཇི་བཞིན་དུ་ཐུག་པ་སོགས་ཀྱི་མཛད་པས་རུ་སྡེ་བ་ཡོངས་ལ་ཕན་ཐོག་རྒྱ་ཆེ་ཕྱིར་ཡུལ་སྡེའི་རྩིས་མཐོང་ཤིན་ཏུ་ཆེན་པོ་ཆགས་པ་དང་། དགུང་ལོ་ཆེན་པོའི་སྐབས་ཀྱང་ནམ་རྒྱུན་ང་ནི་སྤྱི་དཔོན་སྣང་ངུ་གཡུ་སྟག་གི་སྐྱེ་བ་ཡིན་ཞེས་རང་ཞལ་ནས་མང་དུ་གསུངས་ཤིང་སྒྲུང་གླུ་གྱེར་བར་ཐུགས་ཧ་ཅང་དགྱེས་པ་ནང་བཞིན། རྔ་བའི་ཕྱོགས་ནས་ཡིན་པའི་ནགས་རོང་ཚང་ཞེས་པའི་བླ་མ་ཞིག་གིས་ཁོང་ལ་སྐུ་ཡུན་རིང་ལ་ཞུགས་ཞུས་བྱེད་པའི་སྐབས་ཤིག་ན་ཡང་ནང་གཏམ་གྱི་ཚུལ་དུ། སྔོན་ཁྱེད་ཉིད་སྣང་ཆུང་གཡུ་སྟག་ཡིན་དུས་ཁོ་བོ་རོང་ཚ་དམར་ལེབ་ཡིན་པ་དང་། ཁྱེད་ཉིད་དར་མ་མདོ་སྡེ་ཡིན་དུས་ཁོ་བོ་མེས་སྟོན་ཚོན་པོ་ཡིན་ཚུལ་སོགས་སྔོན་གནས་རྗེས་དྲན་གྱི་ཞལ་ཏ་གསུང་གླེང་མཛད་ཀྱིན་ཡོད་པ་ཐོས་མཁན་ཡོད་ཚུལ་སོགས་ལ་གཞིགས་ན་ཁོང་ནི་སྤྱི་དཔོན་སྣང་ངུའི་རྣམ་འཕྲུལ་ཡིན་པར་གྲགས་པ་ཡང་མངོན་གསལ་དོད་པོས་ཤེས་ཐུབ་པར་མ་ཟད། སྐབས་དེའི་མི་རྣམས་ལ་ཡང་ཁོང་སྣང་ངུ་གཡུ་སྟག་གི་རྣམ་འཕྲུལ་ཡིན་ཚུལ་གྱི་བཤད་སྲོལ་ཞིག་ཆགས་ཡོད་པ་ནི། ཐ་ན་ཁོང་ལ་ཀྱལ་ཀའི་ཚུལ་དུ་འདོག་ར་འམ་ངག་རྩོམ་བསྒྲིགས་པའི་ཁྲོད་དུ་ཡང་གསལ་ལྷང་ངེར་བཀོད་ཡོད་པ། དཔེར་ན། ༈ སྔོན་ཆད་དཔའ་ནི་གླིང་གི་དཔའ་ཐུལ་རེད། །གོ་རྟོགས་མཐོ་ནི་གོ་བཟའི་མག་པ་རེད། །སྤྱན་མིག་མེད་ནི་ཕྱི་ལོང་སྣ་རྡལ་རེད། །གསུང་སྐད་སྙན་ནི་ཁུ་བྱུག་སྔོན་མོ་རེད། །ཅེས་ཁང་སར་སྡེ་བའི་ངག་ཐོག་ལ་ཡོངས་ཁྱབ་ལྟ་བུར་གྱུར་ཡོད་པའི་ཤེས་བྱེད་ཀྱིས་ཀྱང་ཁོང་གི་སྐུ་སྐྱེ་སྔོན་མ་ཅི་ཡིན་གྱི་བཤད་སྲོལ་དང་སྐུ་ཚེའི་གནས་བབ་ཅི་འདྲ་ཡིན་གསལ་བྱེད་ཀྱི་སྡོམ་ཚིག་ལྟ་བུའི་ངག་རྩོམ་ (བཏགས་ར་དང་འདོག་ར།)ཐན་ཐུན་རྒན་པོ་ཚོའི་ངག་ལམ་དུ་ཡོད་པའི་ཟུར་ངོས་ནས་ཀྱང་རྣམ་ཐར་ལ་ཕྱོགས་ཙམ་བསམ་གཞིག་གིས་སྒོ་ཕྱེས་འདུག་ལ། ལྷག་པར་ཁོང་གི་སྐུ་ཚེའི་ནང་གླིང་སྒྲུང་དང་ཉམས་མགུར་སོགས་བཞེངས་ཚེ་ཡིག་མཁན་ནི་ཨ་སྐྱོང་ཁང་སར་རུ་ཉུང་དཔོན་པོ་དཔལ་རིས་དང་། པན་ནག་དབོན་སྤྲུལ་བསྟན་པའི་དབང་ཕྱུག་དཔོན་བླ་གཉིས་ཡིན་དགོས་གསུངས་མྱོང་བ་གོ་མཁན་དང་། གཞན་ཐོལ་བྱུང་གི་ལུང་བསྟན་དང་བརྡ་ཚིག་ཐན་ཐུན་འབྲི་དགོས་ཚེ་ཡིག་མཁན་གྲུ་བཟང་ཟེར་བ་དང་། གཞན་ངང་བ་འོད་ཁོ་སོགས་ཉེ་གམ་དུ་སྐྱེ་བོ་ཡི་གེ་འབྲི་ཤེས་མཁན་སུ་ཡོད་ཀྱང་འབོད་སྲིད་ཟེར། ཉིན་ཞིག་ཁོང་གིས་དགོངས་པའི་ཀློང་མཛོད་ལས་གླིང་གེ་སར་སྐྱེས་བུའི་ཚེ་རབས་ལས་རྟ་རྐྱང་རྒོད་ཀྱི་རྟོགས་བརྗོད་ཅིག་ཕབ་ཅིང་། དེའི་ཆོས་བདག་དཔོན་པོ་དཔལ་རིས་ཡིན་པར་བཤད་པ་དང་། ཡང་སྐབས་ཤིག་ན་ཁོང་གིས་དཔོན་པོ་དཔལ་རིས་ལ་ཁོ་བོར་སྣ་དུད་ནང་བསྲེ་རྒྱུ་ལ་སྒ་སྐྱ་ཞིག་སྐུར་དགོས་ཚུལ་གསུང་བའི་ཞོར་དུ་བརྡ་ཚིག་འགའ་ཞིག་བྲིས་ཏེ་དཔོན་པོ་ལ་སྤྲོད་ཅེས་བསྐུར། ཡི་གེ་དེ་འབྲི་མཁན་གྲུ་བཟང་ཞེས་རྣ་དབང་དེ་འདྲ་གསལ་བོ་མིན་པའི་མི་ཞིག་ཡིན་པ་དང་། ཡིག་སྐྱེལ་བ་དེའི་ལྷམ་ངོ་ཡང་ཐེད་ནས་ཡོད་པས་དཔོན་པོས་ཕྱིར་བླ་མ་ལ་སྐྱེས་ལན་ཀུ་རེའི་ཚུལ་གྱི་ངག་རྩོམ་ཞིག་བསྒྲིགས་པའི་ནང་། ༈ ཕབ་མཁན་བླ་མར་སྤྱན་གྱི་དབང་པོ་མེད། །ཡི་གེ་མཁན་ལ་སྙན་གྱི་དབང་པོ་མེད། །ཡིག་སྐྱེལ་ཞི་ལུར་ལྷམ་གྱི་ངོ་བོ་མེད། །མེད་པ་གསུམ་འདི་བླ་མའི་ཁྱད་ཆོས་རེད། ། ཅེས་པ་སོགས་ལྟ་སྣང་ལ་ཁོང་རྣམ་གཉིས་ཀྱིས་ཕན་ཚུན་ལ་ཀུ་རེའི་ཚུལ་གྱི་ཚིག་ཡིན་ཡང་དོན་ལ་བརྡ་ཚིག་དང་། ཆེ་བརྗོད་དུ་འགྲོ་བའི་ངག་རྩོམ་ཐར་ཐོར་ད་དུང་མི་རྒན་ཚོའི་བློ་ཐོག་ཏུ་དམ་དུམ་བྱས་ནས་ལྷག་ཡོད་པ་དང་། ཡང་སྐབས་ཤིག་ན་ཁོང་གིས་དཔོན་པོ་ལ་ཕར་ཀུ་རེའི་ཚུལ་དུ། རི་སྤྱང་སྔོན་མོས་གཡང་དཀར་ཟ་ལུགས་གཅིག ། ཆཱས་ཉན་རྒྱ་ལུས་ཕྱི་བ་ཟ་ལུགས་གཉིས། །དབང་ཆེན་དཔོན་པོས་རུ་སྡེ་ཟ་ལུགས་གསུམ། །ཟ་ལུགས་གསུམ་འདི་གང་ནས་དར་བ་རེད། །སོགས་ཕར་བལྟས་ཚོད་ལ་ཀུ་རེ་ལྟ་བུ་ཡིན་ཡང་དོན་ལ་འདང་རྒྱག་རྒྱུ་ཡོད་པའི་ཚིག་བསྒྲིགས་ཚུལ་མང་པོ་བཤད་རྒྱུ་འདུག །

ཡང་ཁོང་གིས་གླིང་སྒྲུང་ཨ་གྲགས་གཟི་རྫོང་ཞིག་ཕབ་པའི་ཡིག་མཁན་དང་ཆོས་བདག་གཉིས་ཀ་དབོན་སྤྲུལ་བསྟན་པའི་དབང་ཕྱུག་ཚང་ཡིན་པར་མ་ཟད། ཁོང་རྣམ་གཉིས་ཕན་ཚུན་དད་འདུན་དང་ཐུགས་སྣང་ཤིན་ཏུ་མཐུན་པོར་ཡོད་པ་དང་། སྤྲུལ་སྐུ་བསྟན་པོ་ཚང་ལ་ཨ་གྲགས་གཟི་རྫོང་དང་འབྲེལ་བའི་སྒོ་ནས་གཟི་བརྟག་ཐབས་ཀྱི་མན་ངག་མང་པོ་ནང་མཆིད་ཀྱི་ཚུལ་དུ་བཤད་པར་བཤད། མདོར་ན་ཁོང་ལ་དགོངས་པ་ཀློང་རྡོལ་བའི་སྒྲུང་སྡེ་དུ་མ་ཡོད་པ་དང་། གཞན་ཁྱི་མོ་མ་བུ་ཞིག་གི་ལས་དབང་ལ་སྙིང་བརྩེས་བླངས་པའི་ཁྱི་མགུར་ཟེར་བ་སོགས་གསུང་སྐོར་མི་ཉུང་བ་ཡོད་པར་བཤད་ཀྱང་ད་ལྟ་མཇལ་ཡུལ་དུ་བཞུགས་མིན་མི་ངེས་འདུག། གཞན་ཁོང་གི་སྐུ་ཚེའི་ནང་ཕྱག་འཁོར་སྐོར་རྒྱུ་ལ་ཐུགས་གཙིགས་བྱེད་པ་དང་། ཕྱག་འཁོར་གྱི་ཡུ་བའི་རྟིང་བར་ཡི་གེ་ཨ་ཡིག་ཅིག་བརྐོས་ཡོད་ཅིང་། ཁོང་གིས་མཚམས་མཚམས་སུ་ཨ་ཡིག་དེ་ལ་ལྕེ་ལྡག་རེ་བྱེད་སྲིད་ཅིང་དེ་ཅིའི་དོན་ཡིན་དྲིས་ན་འདི་ནི་ལྗགས་བྱིན་གྱིས་རླབས་པ་ཡིན་ཞེས་ལན་གསུངས་པ་ལྟ་བུ་ཕལ་བའི་མིའི་ཚུལ་དང་མི་མཐུན་པའི་སྤྱོད་ལམ་འགའ་ཡོད་པ་དང་། མཚམས་མཚམས་སུ་ངའི་ཆོས་རྒྱུད་རྒྱལ་བ་ཇོ་ནང་བ་ཡིན་ཡང་ཐིམ་ས་ནི་རྙིང་མ་བ་ཡིན་སོང་། ཞེས་གསུང་མི་འབྱོན་པར་ཡུན་རིང་ལ་མི་འགུལ་བར་བཞུགས་སྲིད་པ་དང་། སྐབས་རེར་ཀུ་རེའི་ཚུལ་གྱིས་འཚོ་བའི་ཁྲོད་ཀྱི་གསུང་བཤད་ཡོད་ཚད་ཚིགས་བཅད་ཀྱི་ལམ་ནས་གསུང་དུས་ཀྱང་ཡོད་ཟེར། ༼ གཞན་ཡང་བསམ་མི་ཁྱབ་པའི་གནས་ཤིག་ནི། དད་པ་ཅན་གྱི་སྐྱེས་པ་ཞིག་གི་སྐེ་ན་གཟི་རིན་ཐང་ཅན་ཞིག་ཡོད་པ། ལུང་སྐུད་ཆད་མེད་ཀྱང་གཟི་གར་སོང་མེད་པར་བོར། མི་དེ་ལ་ཕངས་འགྱོད་ཆེན་པོ་བྱུང་ནས་གཟི་དེ་ཆག་སོང་བ་ཨེ་ཡིན་སྙམ་ནས་ཉལ་སའི་ནང་སོགས་གང་སར་བཙལ་ཡང་ཆག་འཕྲོ་མ་རྙེད་སྐབས། ཐབས་ཤིག་རྙེད་པ་ནི་བླ་མ་ཚང་ལ་ཞུས་ན་བཟང་བ་དྲན་ཏེ་བླ་མའི་མདུན་དུ་གཅར་ནས་གཟི་བོར་ཚུལ་གསལ་བཤད་བཅས། བླ་མ་ཚང་གིས་བདག་གི་གཟི་དེ་ཕྱིར་རྙེད་ཐབས་ཤིག་ངེས་པར་དགོས་ཞེས་ཨུ་ཚུགས་ནན་གྱིས་བྱས་ཀྱང་། དེང་ཐོག་བླ་མས་ཁྱོད་ཀྱིས་གཟི་བོར་སོང་ན་ང་མིག་མེད་པའི་ལོང་བ་ཞིག་གིས་ཕྱིར་ཇི་ལྟར་རྙེད་ཅེས་བཀའ་བཀྱོན་པའི་ཚུལ་བྱས། ཡིན་ན་ཡང་སྐྱེས་པ་དེས་བླ་མ་མགོ་བོས་དེད་དེ་རེ་བ་ཞུས་མཐར། བླ་མས་ཡུན་རིང་ལ་ཞལ་གསུང་མི་འབྱོན་པར་བཞུགས་རྗེས་མི་གཞན་པ་ཞིག་ལ་སྐད་ཆ་བཤད་པའི་ཉམས་ཀྱི་སྒོ་ནས། ཨེ། གཉན་ཆེན་ཧེ་བ་ཁྱོད་ཀྱིས་མི་འདིའི་གཟི་ཁྱེར་ཨེ་ཡོད། ཡོད་ན་ཕྱིར་སྤྲོད་རོགས་ཞེས་གསུངས་ནས་ཡུན་རིང་ལ་བཞུགས། ཡང་སྟོང་མཚོའི་བདག་མོ་ཁྱོད་ཀྱིས་མ་ཁྱེར་རམ་སོགས་ཡུལ་ལྷ་གཞི་བདག་མིང་གོ་མྱོང་དང་མ་མྱོང་བ་མང་པོ་ཞིག་གི་མིང་ནས་བོས་ཏེ་རེ་རེ་བཞིན་དྲིས་ཤིང་། མཚམས་མཚམས་སུ་སྐད་ཆ་ནང་དོན་མི་གོ་བ་ཡང་མང་པོ་གསུངས་པའི་མཐར། ཨོ་ལེ་ཁྱོད་མ་གཞི་ནས་རྐུ་ལག་ངན་གནས་ས་ཞིག་ཡིན་ཐལ་མོ། ཞེས་གཟུགས་མི་མཐོང་བའི་མི་མང་པོ་ཞིག་ལ་ཁ་བརྡ་གསུང་བཞིན་པའི་ཉམས་ཀྱིས་ཕྱག་གིས་དབུ་ལ་རེག་ཙམ་བྱས་པ་དང་ལྷན་གཟི་དེ་མངོན་གསུམ་དུ་བླངས་ནས་བདག་པོ་ལ་ཕྱིར་སྤྲད་པ་རེད་ཟེར་བའི་ལོ་རྒྱུས་སྒྲུང་གཏམ་ལྟ་བུ་ཞིག་འདུག ། འོན་ཀྱང་གཏམ་རྒྱུད་འདི་ལ་ཁ་མི་མཚུངས་པའི་བཤད་སྲོལ་གཉིས་གསུམ་མཆིས་ལ། འགའ་རེས་བཤད་ན་གཏམ་རྒྱུད་འདི་བླ་མ་གཞན་པ་ཞིག་གི་མཛད་པ་ཡིན་ཚོད་ལས་གུ་ར་བླ་མ་དང་འབྲེལ་ཡོད་ཀྱི་གནས་ཚུལ་དེ་འདྲ་ཞིག་ཡོད་པ་གོ་མྱོང་མེད་ཟེར་མཁན་ཡང་ཡོད་པས་ད་དུང་རྩད་ཞིབ་གལ། ༽ ཡང་སྤྱི་ལོ་གཅིག་སྟོང་དགུ་བརྒྱ་དན་དྲུག་ལོར་ཁོང་ལ་རྨི་ལམ་དུ་བུད་མེད་མཛེས་མ་ཞིག་གིས་བཤད་པ་ཡིན་གསུངས་ནས་བརྡ་ཚིག་ཅིག་ཕབ་ཏེ་ཁམས་དགེ་སློང་བློ་ཤེར་ཟེར་བར་བསྐུར་བ་ནི། ༈ བྱི་ལ་ཕྱི་ཡི་རི་རྫོང་ཁོང་ནས་ཞིགཿ གླང་ཆེན་མགོ་ལ་གསེར་གྱི་ཉི་མ་ཤརཿ རྒྱ་སྟག་ནགས་ལ་མཆོང་དུས་གྲ་འཛུམ་རྒྱསཿ ཡོས་བུའི་སྤྱི་གཙུག་དུང་གི་ཟླ་བ་ཚེསཿ རྫ་རྔའི་གནམ་ལྕགས་བྲག་རིའི་རྩེ་ལ་གཟེརཿ ཁྱབ་བརྡལ་ཡངས་པའི་ཁྲི་གདུགས་མཁའ་རུ་ཤརཿ ཞེས་པ་སོགས་ལུང་བསྟན་འགའ་ཕབ་པ་ཡིག་ངོར་འགོད་མཁན་དེ་ད་ལྟ་ཡང་འཚོ་བའི་ངང་བ་འོད་ཁོ་ཞེས་གུ་ར་བླ་མ་ཚང་ལ་ཆ་རྒྱུས་ཆེན་པོ་ཡོད་པར་གྲགས་པ་དེ་ཡིན་འདུག་ལ། བརྡ་ལུང་འདིའི་ནང་དོན་ལྟར་ན་ཡུལ་ཁམས་སྤྱི་ལ་འགྱུར་བ་གོ་རྒྱུ་ཅན་ཞིག་ཡོད་ངེས་འདུག་ཅེས། ཤེས་ལྡན་དཔྱོད་ལྡན་མང་པོས་མཐོང་ཆེན་མཛད་པས་ཁོའི་བློ་ངོ་རུ་ཡང་ཕལ་ཆེར་ཅིག་འདུག་ཅེས་བཤད་པ་དེ་བྲིས་པ་ཡིན། གང་ལྟར་ཁོང་གིས་མ་འོངས་པའི་གནས་ཚུལ་མང་པོ་མཁྱེན་ཚུལ་དང་། བརྡ་དང་ལུང་བསྟན་བཤད་པར་ཐོགས་སྒྲིབ་མེད་ཚུལ། གྲུབ་པའི་རྟགས་ངོམ་ཚུལ་མང་པོ་ཞིག་ཡུལ་ཁང་སར་སྡེ་བའི་རྒན་རིམ་པ་ཕལ་མོ་ཆེ་སུའི་ངག་ཐོག་ཏུ་ཡང་ཐར་ཐོར་རེ་ཡོད་ཚོད་དུ་འདུག ། དཔེར་ན་རིག་གསར་གྱི་སྐབས་ཁོང་ལ་སྤྱན་མེད་པས་ཁྲིམས་ཁང་ངོ་མར་ཕེབས་མ་དགོས་ཀྱང་། ལྷ་འདྲེ་གདོན་བགེག་གི་ལྟ་བ་ཅན་དང་བཤུ་གཞོག་པ་ཞེས་པའི་ཞྭ་ནག་བཀོན་ཡོད་པ་དང་། ཉིན་ཞིག་མཱ་གྱི་ལིང་ངམ་མཱ་ཧྲུའུ་ཅུའུ་ཟེར་བའི་མགོ་ཁྲིད་ཅིག་གིས་བཙན་དྲག་གི་སྒོ་ནས་ཁོང་ལ་ཁྱོད་བླ་མ་ཟེར་བའི་མང་ཚོགས་ལ་བཤུ་གཞོག་བྱེད་མཁན་དག་གི་ཁྲོད་ཀྱི་གཏེ་བོ་གཅིག་ཡིན་པས། དེ་རིང་ཁྱོད་ཀྱིས་ང་ལ་མོའུ་ཀྲུའུ་ཞིའི་རྩོམ་བཏུས་ཚན་པ་འགའི་རྒྱུགས་སྤྲོད་དགོས། དེང་ཐོག་ངས་ཁྱོད་ཀྱི་གོ་སར་ཐེངས་གཅིག་འདོན། དེ་ནས་ཁྱོད་ཀྱིས་ངས་བཏོན་པ་ཇི་མ་ཇི་བཞིན་ཕྱིར་གདོན་ཐུབ་དགོས། གལ་སྲིད་མ་ཐུབ་ན་ཆད་པ་དྲག་པོ་ཡོད་ཟེར་ནས་ཤོག་གྲངས་དྲུག་ཡས་མས་ཤིག་ཤར་གྱིས་སྒྲོག་འདོན་བྱས་རྗེས། ཡ། ད་ཁྱོད་ཀྱིས་མྱུར་དུ་ཐོན་ཞེས་གཤེ་གཤེ་བཏང་སྐབས། བླ་མས་ཡ་ཡ་ངས་འདོན་ཨེ་ཤེས་ཤིག་ལྟ་གསུངས་ཏེ། གོང་དུ་མཱ་གྱི་ལིང་ཟེར་བའི་མགོ་ཁྲིད་དེས་བཏོན་པའི་ཤོག་ངོས་དྲུག་ཏེ་མཇུག་ནས་ཡར་གོ་ལྡོག་ནས་ཤར་རེར་བློ་ཐོག་ནས་གསུངས་ཏེ་མགོར་ཕུད་པས། མཱ་ཧྲུའུ་ཅུའུ་ཁོ་རང་དང་དེར་ཡོད་ལས་བྱེད་པ་ཚང་མ་ཧ་ལས་སོང་། གནས་ཚུལ་ཡ་མཚན་པ་དེས་རྐྱེན་བྱས་དེའི་ཕྱིས་སུ་ལས་བྱེད་པ་ཚོས་ནང་གྲོས་ལ། མྱི་རྒན་མིག་ལོང་འདི་ལྷ་འདྲེ་དོན་བགེག་གང་གི་རིགས་ཡིན་མི་ཤེས་ཀྱང་། ཕལ་བའི་མི་ཞིག་ཡེ་ནས་མིན་པས་འདི་རང་གར་བཞག་ན་དགའ་ཞེས། དེ་ནས་བཟུང་དགག་རྒྱག་ཚོགས་ཆེན་གང་གི་སྐབས་ཡིན་ཡང་ཁོང་ལ་རྡུང་རྡེག་མ་བྱས་བྱུང་ཟེར། རྗེས་མར་སྤྱི་ལོ་གཅིག་དགུ་དོན་དགུ་འམ་བརྒྱད་ཅུ་ཡས་མས་ཤིག་ལ་༼ལྷོ་ཕྱོགས་ནས་འོང་བ་ཡིན་ཟེར་བའི་བླ་མ་ཞིག་མདུན་དུ་གཅར་ནས་ཁོང་རྣམ་གཉིས་གྲོགས་མཆེད་ཡིན་ཚུལ་སོགས་མང་པོ་གླེང་མཐར། བལ་ཕྱིང་གསར་བ་རེ་དང་བཅའ་ལག་འགའ་འཚམས་རྟགས་སུ་ཕུལ་ནས་སོང་། ཁོང་གིས་བླ་མ་དེ་ནི་སྡེ་དགེའི་གོར་བདག་རྟེན་མཁན་ཞིག་རེད་འདུག་པས་གོར་བདག་གིས་འཁུ་ལྡོག་བྱས་སོང་ཚུལ་གསུངས་ཏེ་སྐུ་སྙུན་མགོ་བཟུང་སོང་ཞེས་ངང་བ་འོད་ཁོས་བཤད། ༽སྐུ་སྙུན་བཞེས་ཚུལ་མཛད་དེ། གསའི་དྲུག་ཆེན་སུམ་མདོའི་རྫོང་སྨན་ལ་སྟོན་དུ་ཕེབས། དུས་དེར་དཔལ་ཡུལ་སྤྲུལ་སྐུ་མགར་ཀློང་པདྨ་བདེ་ཆེན་མཁའ་ཀློང་ཡངས་པ་མཆོག་ཁོང་ཡོད་སར་ཕེབས་ནས་ཞལ་ཏ་གསུང་གླེང་མང་པོ་གནང་མཐར། སྤྲུལ་མགར་ཀློང་ཚང་ཚང་ཕེབ་རན་དུས་ཁམས་གཙང་གཏེར་ཆེན་རིན་པོ་ཆེའི་སློབ་ཆེན་སྨན་པ་མཐུ་ལྡན་དེར་བཞུགས་ཡོད་པ་ལ་ཁྱེད་ཀྱིས་གུ་ར་བླ་མ་ལ་ལྟ་བའི་གསལ་འདེབས་བྱེད་རྒྱུ་མ་བརྗེད་དང་། ཁོང་ལྟ་བུའི་སྐྱེས་བུ་ཁྱད་འཕགས་མེད་ཚུལ་སོགས་ཆེད་གསུང་གནང་ནས་ཕེབས་སོང་བ་དང་། སྨན་པ་མཐུ་ལྡན་ཚང་བླ་མའི་མདུན་དུ་ཐེངས་འགའ་ལ་ཕེབས་ནས་ཞལ་ཏ་མཛད་པ་དང་། སྨན་པ་མཐུ་ལྡན་གྱིས་ཉེ་གམ་གྱི་མི་རྣམས་ལ་གུ་ར་བླ་མ་ལྟ་བུའི་བླ་མ་རྟོགས་པ་མཐོན་པོ་ཅན་དཀོན་མོ་རེད་ཅེས་གསུངས་པ་སྐབས་དེར་ཉེ་གམ་དུ་ཡོད་པའི་ངང་བ་འོད་ཁོ་སོགས་ལ་གསལ་བོ་བཤད་རྒྱུ་འདུག། དེ་ནས་ཁོང་ཡུན་རིང་ལ་བཞུགས་མ་ཐུབ་པར་སྐུ་འདས་སྐབས་གདུང་ལས་མཁན་སྨིན་ཐང་དགོན་པའི་དགེ་སློང་འཇམ་བསྟན་སོགས་ཡིན་པར་བཤད་པ་དང་། སྤྱིར་བླ་མ་སྐུ་ཤ་དེ་འདྲའི་ཆུང་ཆུང་ཅན་ཞིག་མིན་ཡང་སྐུ་གདུང་ཡ་མཚན་ཆུང་བར་གྱུར་ཏེ་གདུང་བསྲེག་སར་འཁྱེར་དུས་གདུང་གི་ཁལ་ཚ་རུ་མ་ཎིའི་དར་མགོ་ལས་ཚན་བརྒྱ་པར་ཡོད་པ་དེ་བྱས་ཚེ། ད་དུང་སྐུ་གདུང་གིས་ཡང་བས་ཁལ་ཚ་མི་ལོང་བ་ཞིག་ཏུ་གྱུར་བ་དང་། སྐུ་གདུང་ཁྱེར་ནས་ལམ་ལ་བུད་སྐབས་ཁུ་བྱུག་གི་དབྱངས་སྙན་མོས་སྐྱེལ་མ་བྱས་པ་ལྟ་བུ་བྱུང་བས་གདུང་སྐྱེལ་མཁན་རྣམས་ལ་སྐྱོ་སྣང་ཆེན་པོ་སྐྱེས་ཏེ་མིག་ཆུ་འཐོར་བཞིན་འགྲོ་དགོས་ཐུག་པ་དང་། གདུང་ཁང་གཉན་པོ་གཡུ་རྩེའི་བྱང་ཤར་གྱི་གནས་རྒྱུད་ཕག་གའི་ཨར་ལུང་ཁུག་ཏུ་བརྩིགས་ཏེ་གདུང་བཞུ་ལ་ཉེ་སྐབས་ཉི་ཆར་ལ་མ་ལྟོས་པའི་འཇའ་གུར་རིམ་པ་གསུམ་གྱིས་ཡུན་རིང་བསྐོར་ཚུལ་དང་། རྗེས་སུ་གདུང་ཁང་སྒོ་ཕྱེས་ཚེ་རུས་གདུང་མ་ཞིག་པར་བཞུགས་ཡོད་ཀྱང་སྒོ་ཕྱེ་མཁན་གྱིས་རུས་གདུང་དུ་བཞུགས་ཡོད་པ་ངོས་མ་ཟིན་པར་གཏོར་ཤོར་བ་དང་། རིང་བསྲེལ་བབས་ཡོད་མེད་ལ་ཉམས་འཇོག་མ་ཤེས་འདུག་ཀྱང་འདས་རྟགས་ཁྱད་དུ་འཕགས་པ་དུ་མ་མངའ་བ་བཤད་ཚུལ་ལ་གཞིགས་ན་ཡང་ཕལ་བའི་སྐྱེ་བོ་རང་ག་བ་ཞིག་མ་ཡིན་པ་ནི་ཧ་གོ་སླའོ། །

མདོར་ན་ཕྱི་ཚུལ་ལ་མ་ལྟོས་པར་ནང་རྟོགས་ཡོན་ཏན་གྱི་གཏེར་མཛོད་དུ་གྱུར་བའི་སྦས་པའི་རྣལ་འབྱོར་བ་ཁོང་དང་ཁོང་ལྟ་བུ་ནི་དུས་རབས་ཉི་ཤུ་བའི་ནང་ཡས་མས་ལ་བོད་ཡུལ་འདིར་ཧ་ཅང་མང་པོ་བཞུགས་ཚུལ་ནི། ད་ལྟ་དགོང་ཁའི་ཉི་མ་བཞིན་ནུབ་ལ་ཉེ་བའི་རྒས་སོང་ཚོས་རང་རང་གི་མི་ཚེའི་ལམ་བུ་ཀྱག་ཀྱོག་ལ་ཕྱི་མིག་འཕེན་པའི་ཁ་བརྡ་རྡབ་རྡིབ་དཔེ་རྨི་ལམ་རྨིས་པའི་གཏམ་ལྟ་བུ་དག་གི་ཁྲོད་ནས་ཧ་གོ་ཐུབ་པ་ནང་བཞིན་ཡིན་ཡང་། སྐབས་ཐོག་དུས་བབས་དང་ཉམས་འགྲོགས་སོགས་ཀྱི་དབང་གིས་ཁོང་རྣམ་པ་རིན་པོ་ཆེ་ཡིན་པའི་ནོར་ཉམས་མ་ལོན་ཏེ། མཛད་པ་དང་རྣམ་ཐར་དག་ལ་དོ་སྣང་མ་ཐུབ་པར་ལོ་རྒྱུས་དུས་རབས་དང་ལྷན་དུ་ཡལ་སོང་བ་ནི། ད་ཆ་ཞིབ་འདང་རེ་བརྒྱབས་ན་ཅི་འདྲའི་གྱོང་རེ་ཆེ་སྙམ་བྱུང་། དེར་རྟེན་གུ་ར་བླ་མ་དབང་ཁོ་ཚང་གི་རྣམ་ཐར་གྱི་ས་བོན་འཚོལ་བའི་གཞི་འདི་ཡང་ལོ་ན་ཆུང་བའི་དུས་སུ། རྩེ་བ་ཐུབ་འཇིགས་ཟེར་བའི་གླིང་སྒྲུང་ལ་དགའ་མཁན་ཞིག་ཡོད་པའི་ངག་ནས་གུ་ར་བླ་མ་ཁོང་ཉིད་གླིང་གི་དཔའ་བརྟུལ་སྣང་ཆུང་གཡུ་སྟག་གི་སྐྱེ་མཐར་གྲགས་ཚུལ་དང་། ཁོང་གིས་ཨ་གྲག་གཟི་རྫོང་ཕབ་པའི་སྐོར་བཤད་པ་ཐོས་པའི་ཤུགས་རྐྱེན་གྱིས་བླ་མ་འདིའི་རྣམ་ཐར་ཞིག་མཇལ་འདུན་གྱིས་ཡུན་རིང་འདས་ཀྱང་། བླ་མའི་རྣམ་ཐར་ལྟ་ཅི་ཐ་ན་སྐུ་འཁྲུངས་འདས་ཀྱི་ལོ་ཚིགས་ཙམ་ཡང་གསལ་བོ་ཞིག་བཤད་མཁན་དཀའ་བས་རང་གིས་ཕལ་བའི་ངག་ནས་ཐོས་པའི་སྐད་ཆ་བཤད་ཕྱོགས་མཐུན་པ་རྣམས་ཐོ་ཙམ་བཀོད་པ་ཡིན། འདི་ཙམ་གྱིས་སྐུལ་ལྕག་ལམ་རྐྱེན་ལ་རྟེན་ཏེ་ཡུལ་གྲོགས་སྤྱི་དང་ལྷག་པར་གུ་ར་བླ་མའི་རྣམ་ཐར་དང་འབྲེལ་ཡོད་ཀྱི་རྒྱུ་ཆ་དངོས་མཐོང་ཐོས་གསུམ་དང་སོ་སོའི་བཤད་རྒྱུན་ལ་རྒྱུས་མངའ་ཡོད་མཁན་རྣམ་པས་དོ་སྣང་མཛད་དེ། མི་རིང་བར་གུ་ར་བླ་མ་དབང་ཁོའི་རྣམ་ཐར་ཇི་བཞིན་པ་ཞིག་འཁྱོངས་བར་རེ་བ་བྱེད་པ་ཡིན་ཞེས་སྨིན་དབུས་སྤྲང་པོ་དེས་མེ་སྤྲེལ་ཟླ་ཚེས་ལའོ། །

རེ་ཞིག་སྨྲས་པ།

ཕྱི་ཡི་ཁེ་གྲགས་སོགས་ལ་མ་ལྟོས་པར། །

ནང་གི་ཡོན་ཏན་འབུར་དུ་ཐོན་པ་ཡི། །

སྔོན་གཤེགས་དམ་པའི་རང་རྟགས་མངའ་རྣམས་ཀྱི། །

རྣམ་ཐར་འཚོལ་བའི་ལས་ལ་སླར་ཡང་སྤྲོ། །

འོན་ཀྱང་དུས་ཀྱི་སྦྲིད་སྨན་ནུས་ཆེ་བས། །

དམ་པའི་རྣམ་ཐར་ཚུལ་བཞིན་འཚོལ་བ་ཡི། །

རྣམ་དཔྱོད་རྩ་ཁམས་བག་ལ་ཞ་ན་ཡང་། །

ད་དུང་ནུད་འགྲོས་བསྐལ་བ་ཡོད་ལ་རེ། །

ལས་འདིར་འབྲེལ་བ་དམ་དུ་ཟབ་པ་ཡི། །

རང་གི་ཡུལ་གྱི་བློ་གྲོས་ལྡན་པ་ཚོས། །

ལྷག་བསམ་གཤོག་པ་རིང་དུ་བརྐྱངས་བྱས་ཏེ། །

རེ་བར་སྡོངས་གྲོགས་གཡེལ་བ་མེད་པར་ཞུ།

ཆུང་དུས་ཁ་བརྡའི་ཁྲོད་ནས་གུ་ར་བླ་མའི་རྣམ་ཐར་གྱི་ས་བོན་ཉན་ས། རྩེ་བ་ཐུབ་འཇིགས། ཉེ་བའི་ཆར་འདྲི་རྩད་བྱེད་སའི་རྒན་པོ་གུ་ར་བླ་མ་དང་འབྲེལ་ཡོད་དག་ནི། འཕྲིན་པ། དཔལ་ཤེར། སྒེག་རིས། འདྲི་རྩད་བྱེད་གྲོགས་སྤྲུལ་གསང་ལུ། ་གཞན་བསོ་རྟེན་མཁུར་ནག ། ངང་བ་འོད་ཁོ་སོགས། འདིར་ས་བོན་ཙམ་མ་གཏོགས་ཁོ་ཚོའི་སྐད་ཆ་ཕྲ་ཞིབ་ནས་ད་དུང་ཡིག་ཐོག་ཏུ་ཕབ་ཐུབ་མེད་པས་དགོངས་དག །

 

 

 

ཀློག་གྲངས།:[588]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com