སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

གླིང་རྗེ་གེ་སར་གྱི་ཐང་སྐུ་རྩ་ཆེན།

 

པེ་ཅེན་ནས་ཡིན་པའི་རྒྱ་མི་དགེ་རྒན་ཞིབ་འཇུག་པ་ཞིག་གིས་སྤྱི་ལོ་༡༩༨༨ ཡས་མས་ཤིག་ལ་ཁམས་ནང་ཆེན་ཕྱོགས་ནས་ཉོས་པར་བཤད་པའི་ཐང་རྙིང་། གླིང་རྗེ་གེ་སར་རྒྱལ་པོ་དཔའ་བརྟུལ་ཕུ་ནུའི་འཁོར་གྱིས་སྐོར་བའི་ཐང་རྙིང་བ་རི་མོའི་མཛེས་ཉམས་དང་། ལོ་རྒྱུས་ཀྱི་རིན་ཐང་། བྱིན་རླབས་ཀྱི་ཚན་ཁ་ཆེ་བར་ཐེ་ཚོམ་མི་དགོས་པ། ཐང་སྐུའི་རྒྱབ་ངོས་སུ།༼གོང་ས༧རྒྱལ་དབང་འཇམ་དཔལ་རྒྱ་མཚོའི་ཕྱག་རྗེས་འཁྲུལ་མེད། ༽ཅེས་ཡི་གེ་དབུ་ཅན་པར་མའི་གསལ་བཤད་ཅན་གྱི་ཕྱག་ཐམ་ཤིན་ཏུ་གསལ་བོ་བཞུགས་པའི་སྟེང་དུ་མཚལ་ཐམ་བཏབ་པ་ཅན་གྱི་ཐང་སྐུ་རྩེ་ཆེན་དེ་མགོ་ལོག་ལམ་སྤྲུལ་དབྱིངས་པོས་མཇལ་ཞིང་ཁོང་གིས་པར་བཏབ་པ་ཡིན་ཞེས་གསལ་བཤད་བཅས་གླིང་གེ་སར་ཚང་འཕྲིན་ཚོགས་སུ་དཔྱད་གཞིར་མཁོ་སྤྲོད་མཛད་པ་ཡིན་པས་བཀའ་དྲིན་ཆེ་ཞུ།

  

གཞན་རྒྱ་མི་དེའི་ལག་ཏུ་ཐོད་ཕོར་རྙིང་བ་དང་། ཨ་ཡིག་གི་དཀྱིལ་སྙིང་པོ་ཅན་གྱི་ཐམ་ག་མཚོན་དོན་ཅན། ཕུར་བུ་རྙིང་བ་འདྲ་མིན་དང་། ཐང་སྐུ་རྙིང་བ། ས་ཆེན་ཀུན་དགའ་སྙིང་པོ་དང་། གཏེར་བདག་གླིང་བའི་ཕྱག་བྲིས། རྒྱལ་དབང་སྐུ་ཕྲེང་བརྒྱད་པའི་ཕྱག་བྲིས་ཅན་གྱི་བཅའ་དངོས་རྙིང་བ་ཧ་ཅང་མང་པོ་ཡོད་པར་བཤད་པ་དང། འགའ་ཞིག་བླ་མ་དབྱིངས་པོ་ཁོང་གིས་དངོས་སུ་གཟིགས་པར་མ་ཟད་པར་བཏབ་པ་དང་། བཅའ་དངོས་རྩ་ཆེན་རེ་ཕྱག་ཏུ་ལོན་ཡོད་ཚོད་འདུག་པས་རྗེས་མར་རིམ་གྱིས་ཟིན་ཐོར་འདེབས་ཆོག །

གོང་གི་ཐང་སྐུ་དེ་ནི་རྒྱབ་ངོས་ཀྱི་ཕྱག་ཐམ་སོགས་ཀྱིས་བདེན་དཔང་བྱས་ཡོད་ལ། རྒྱལ་བ་སྐུ་ཕྲེང་བརྒྱད་པ་གླིང་ལྷ་སྲས་དགྲ་བླའི་གདུང་རྒྱུད་དུ་འཁྲུངས་པ་ཡིན་ཚུལ་རྣམ་ཐར་དུ་ཡང་གསལ་བ་སོགས་ཀྱི་དཔྱད་སྒོས་ཀྱང་འཁྲུལ་མེད་ཅིག་ཡིན་པ་ཁ་ཚོན་བཅད་ཆོག་འདུག ། འདི་རིགས་ལ་བསམ་ཚེ་འུ་ཚོའི་མེས་པོ་གོང་མ་ཚོའི་རིང་གི་བཅའ་དངོས་རྩ་ཆེན་ལོ་རྒྱུས་ཀྱི་རིན་ཐང་དང་། རྒྱུ་སྤུས་ཀྱི་རིན་ཐང་། བྱིན་རླབས་ཀྱི་རིན་ཐང་ཁྱད་འཕགས་ཅན་མང་པོ་མི་རིགས་གཞན་པའི་ལག་ཏུ་འཐོར་སོང་བ་རེད་སྙམ་ན་ཕངས་སེམས་སྐྱེ་འོང་གིན་འདུག་མོད་བྱ་ཐབས་ཅི་ཡོད།

རྒྱུ་ཆ་མཁོ་སྤྲོད་མཛད་མཁན་ལམ་སྤྲུལ་དབྱིངས་པོ་ཚང་ལ་བཀའ་དྲིན་ཆེ་ཞུ་བཞིན་ཡོད།

གླིང་གེ་སར་འཕྲིན་ཚོགས་ཀྱི་དཔྱད་གཞིའི་རྒྱུ་ཆ་གལ་ཆེན་རིགས།

 

 

ཀློག་གྲངས།:[1860]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com