སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

གླིང་གེ་སར་ལ་དཔྱད་གཞི་གལ་ཆེན།

 

གླིང་གེ་སར་ཚང་འཕྲིན་ཚོགས་ཀྱི་དཔེ་རྙིང་ཞིབ་འཇུག་པ་རྨ་གཡང་ཕྱུག་མོ་ལགས་ཀྱིས་རྙེད་པའི་གླིང་གེ་སར་ལ་ཞིབ་འཇུག་གི་རྒྱུ་ཆ་རྩ་ཆེན། ཕོ་བྲང་པོ་ཏ་ལར་བཞུགས་པའི་རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོའི་མཆོད་སྡོང་དགེ་ལེགས་འདོད་འཇོའི་ནང་ནས་ཐོན་པའི་ཤིང་པར་གྱི་དཔེ། སྲིད་ཞིའི་མགོན་གཅིག་༧ རྒྱལ་མཆོག་བཅུ་གསུམ་པ་ཆེན་པོའི་སྐུ་གདུང་སྙིང་པོར་བཞུགས་པའི་མཆོད་སྡོང་དགེ་ལེགས་འདོད་འཇོའི་དཀར་ཆགས་གངས་ཅན་ཕན་བདེའི་སྤྱི་ནོར་བསམ་འཕེལ་དབང་གི་རྒྱལ་པོའི་བང་མཛོད་ཅེས་བྱ་བ་བཞུགས་སོ། ། ཞེས་པ་ལས་དངོས་བཤུས་ཀྱི་པར་རིས་འགའ་ལག་ཏུ་སོན་པས་ཡིད་སྤྲོ་རབ་ཏུ་འཕེལ། དཔེ་ཆ་དེར་དཔའ་བོ་གཡུལ་ལས་རྣམ་པར་རྒྱལ་བའི་གོ་མཚོན་གྱི་གྲས་ཁམས་རི་ཆེ་ཡང་དགོན་བླ་བྲང་གི་ནང་རྟེན་ནས་བྱུང་བ་གླིང་རྗེ་གེ་སར་རྒྱལ་པོའི་ཕྱག་ཤན་སྟོང་གྲི་འཇིག་རྟེན་ཆོས་ཉིད་ཅེས་བསག་ཤུབས་ལྕགས་ཤན་ཡུ་འབྱར་ནག་ཕྱོགས་ཀུན་འཇོམས་བྱིན་ཅན་གཅིག ། ཁམས་སྡེ་དགེའི་ནང་རྟེན་རྒྱལ་སྲས་ཐས་ཇི་ནས་ཕུལ་བ་དཔའ་ལ་སེང་སྟག་གི་ཕྱག་ཤན་ལེབ་ཆེན་དུ་གྲགས་པ་ཤུབས་ལྡན་གཅིག། རྨོག་དར་ཕྲུ་ཅན། ཨ་ཁྲབ་བྱང་སྐེད། མེ་ལོང་བཞི་ཐག་རང་འགྲིགས། ཞེས་སོགས་གསལ་ལ་འདི་རིགས་ནི་གླིང་རྗེ་གེ་སར་རྒྱལ་པོ་ལ་ཞིབ་འཇུག་གི་རྒྱུ་ཆ་ཕུན་སུམ་ཚོགས་ཤིང་རྩ་ཆེ་བར་མཐོང་བར་མ་ཟད། རྒྱུ་ཆ་འདི་རིགས་ཀྱི་་ཟུར་ངོས་ནས་ཕྱོགས་མང་པོ་ཞིག་ལ་བསམ་གཞིག་གི་སྒོ་ཕྱེས་སོང་བ་དང་། དཀར་ཆགས་དེ་ཡང་ཕལ་ཆེར་སྟག་བྲག་ངག་དབང་གསུང་རབ་མཐུ་སྟོབས་བསྟན་པའི་རྒྱལ་མཚན་ཞེས་པས་རབ་བྱུང་བཅུ་དྲུག་པའི་ས་སྟག་སྤྱི་ལོ་ ༡༩༥༠ ལོར་མཛད་པ་དང་། མེ་སྤྲེལ་༡༩༥༦ ལོར་ཤིང་པར་དུ་བརྐོས་པ་ཡིན་ཚོད་འདུག་པ་ཡང་ཤེས་རྟོགས་བྱུང་།

དེ་ལས་ཀྱང་གླིང་ཚང་རྒྱལ་རབས་ཆེན་མོ་དང་ཕན་ཚུན་གོ་བསྡུར་ནས་གཞལ་ན། དཀར་ཆག་འདིར་གསལ་བའི་ཐས་ཇི་ཞེས་པ་ནི། ལྷ་རིགས་སྡེ་དགེའི་ས་སྐྱོང་མ་ཧཱ་པཎྜི་ཏ་ངག་དབང་འཇམ་དཔལ་རིན་ཆེན་རྣམ་རྒྱལ་སྲས་ཐའི་ཕུན་ཚོགས་རྡོ་རྗེ་མཆོག་ཡིན་པ་ཡང་ར་ལེགས་པོར་འཕྲོད་པ་སོགས་དཔྱད་ཞིབ་ཀྱི་རམ་འདེགས་རྒྱ་ཆེན་པོ་བྱུང་བས། རྒྱུ་ཆ་མཁོ་སྤྲོད་པ་དུས་རྒྱུན་གླིང་གེ་སར་འཕྲིན་ཚོགས་བཀའ་དྲིན་བླ་ལྷག་ཏུ་ཆེ་བའི་གྲོགས་རྨ་གཡང་ཕྱུག་མོ་ལགས་དང་། མཁན་རབ་བརྟན་དགེ་ལེགས་ཕུན་ཚོགས་སོགས་གྲོགས་ལྷག་བསམ་ཅན་རྣམས་ལ་བཀའ་དྲིན་སྙིང་ནས་ཞུ་བཞིན་བསྙེལ་ཟིན་འདི་སྨིན་དབུས་ཨ་དཀར་པོས་སོ། ། ༢༠༡༦ ༡༡ ༡༥

 

 

 

 

ཀློག་གྲངས།:[1491]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com