སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

གླིང་གེ་སར་མི་གྲལ་ལ་བཞག་པའི་བཀའ་དྲིན་དྲན་པ།

གླིང་གེ་སར་མི་གྲལ་ལ་བཞག་པའི་བཀའ་དྲིན་དྲན་པ།

___རྗེ་དམུ་དགེ་རིན་པོ་ཆེའི་གསུང་རྩོམ་བཀླགས་རྗེས་ཀྱི་ཁེར་བཤད་ཅིག
སྨིན་དབུས་པོ། མགོ་ལོག

དེ་ཡང་རི་མཐོ་ས་གཙང་གི་གནས་མཆོག གངས་རི་ཆུ་ཤེལ་གྱི་ཕྲེང་བ་ལྟ་བུའི་མུ་ཁྱུད་ཀྱིས་མཛེས་པར་བསྐོར་ཅིང་། འཇིག་རྟེན་འདིའི་དག་ཞིང་གཅིག་པུ་རུ་འབོད་པའི་བསིལ་ལྡན་ལྗོངས་ཀྱི་ཁོར་ཡུག་ལ། ཡ་ཐོག་གདོད་མ་ནས་བདག་ཏུ་བཟུང་ཞིང་གནས་དེ་ནས་འཚོ་སྡོད་བྱས་ཏེ་འོང་བའི་ཐུ་བྷོད་བཙན་པོའི་རྒྱལ་ཁབ་ཅེས་གྲགས་སྙན་གཡུ་འབྲུག་གི་ལྡིར་སྒྲ་གཅིག་གིས་ཤར་ཕྱོགས་ཡ་གླིང་གི་ཁོར་ཡུག་ལ་བག་ཡོད་བྱིན་མྱོང་བའི་མི་རིགས་ཤིག་ལ། དར་རྒུད་ཀྱི་ལོ་རྒྱུས་ཁྲི་སྟོང་མང་པོའི་ཀྱག་ཀྱོག་གི་རི་མོ་དོད་པའི་ནང་གསེས། ཆོས་སྲིད་རིག་གནས་དང་བཅས་པར་ཆེས་ཉེས་རྒུད་ཚབས་ཆེ་བ། དུས་རབས་ཉི་ཤུ་པའི་ལོ་རབས་དྲུག་ཅུའི་རིག་གསར་ཞེས་པའི་དྲག་རླུང་དམར་པོ་ཞིག་གཡུག་ཐེངས་གཅིག་གིས་བསིལ་ལྡན་ལྗོངས་ཀྱི་སྣོད་བཅུད་རིག་གནས་དང་བཅས་པ་ཚ་བཅུན་ན་བཅུན་གྱི་དུས་སྐབས་དེར། བཙན་པོའི་རིགས་སྲས་དང་དཔའ་བོའི་གདུང་འཚོབ་ཏུ་གྱུར་ཅིང་། བྱང་འཕགས་ཀྱི་དེ་ཉིད་ཁོང་ནས་རྒྱས་པས། སེམས་དཔའ་བ་མ་གཏོགས་རྒྱུད་ཞུམ་པ་མེད་པའི་སྐྱེས་ཆེན་དམ་པ། ཐུགས་སྤོབས་རྡོ་རྗེ་བརྟན་པོའི་དཔུང་བ་སྟོབས་སུ་རྫོགས་ཤིང་། ལྷག་བསམ་ཉི་ཟླ་དཀར་པོའི་འོད་སྣང་ཕྱོགས་བརྒྱར་འགྱེད་པ་ལ་མངའ་དབང་འབྱོར་བའི་མཚུངས་བྲལ་བཤེས་གཉེན་དམ་པ། རྗེ་དམུ་དགེ་བསམ་གཏན་རྒྱ་མཚོ་མི་འཇིགས་དབྱངས་ཅན་དགྱེས་པའི་རྡོ་རྗེ་ཁྱེད་ཀྱིས་དུས་ཀྱི་ཚ་རླབས་དང་། ལོག་སྤྱོད་ཀྱི་གནོན་ཤུགས་གང་ལ་དབུ་མ་བསྒུར་རྒྱུད་མ་ཞུམ་པར། ཐུགས་དྲང་སྲོང་གི་བདེན་པའི་དམ་བཅའ་གཞི་ནས་མ་ལྷོད་པར་གདོང་དམར་བོད་ཀྱི་ཆོས་རིག་སྤྱི་དང་ལྷག་པར་དུ། མི་རིགས་ཀྱི་བླ་སྲོག་གི་ངོ་བོ་ཡི་གེའི་རིག་པ་ལ་<<གནད་བསྡུས་>>ཀྱི་གོད་ཆག་བསམ་ཡུལ་ལས་འདས་པའི་ཚ་དབལ་གཟས་པར་གདོང་གཏད། ཐུགས་རིག་ཆུ་ཀློང་རྣམ་པར་རོལ་བའི་ཏིང་ངེ་འཛིན་གྱི་འཕྲུལ་འཁོར་བཀོལ་ནས། དབྱངས་གསལ་སོ་བཞིའི་མེ་ཏོག་གི་མཛེས་ཞལ་ཉེན་ཁ་ལས་སྐྱོབ་པའི་ལེགས་བཤད་གདུང་སེལ་བདུད་རྩིའི་ཀློང་ཆེན་རྨ་མེད་ཡང་དག་གི་རྒྱུན་བཟང་བསྩལ་བའི་བཀའ་དྲིན་ནི་བོད་ཆེན་པོའི་མི་བུ་མགོ་བོ་གནམ་སྟོན་ཡོངས་ཀྱིས་བརྗེད་མི་རུང་བའི་དོན་གལ་ཆེན་པོ་ཞིག་ཡིན་པ་བཤད་ཅི་དགོས། དེ་ལས་ཀྱང་འདིར་ཆེད་དུ་བཀའ་དྲིན་བརྗོད་མཐའ་བྲལ་བ་ཞིག་གླེང་རྒྱུ་ཡོད་པ་གང་ཞེ་ན། དེ་ཡང་བོད་རྒྱལ་ཁབ་ཆེན་པོ་སིལ་བུར་འཐོར་ཏེ་ཕྱོགས་ཡོངས་ནས་མངའ་ཐང་ཉམས་ཤིང་སྟོབས་ཤུགས་ཟད། ལྷག་པར་ཡིག་ཐོག་ལོ་རྒྱུས་ལ་བར་རྒུད་ཆེན་པོ་བྱུང་བའི་དབང་གིས། དཔེར་ན། བོད་མི་རླབས་ཆེན་འཕགས་བོད་ལ་གྲགས་ཆེ་བའི་སློབ་དཔོན་ཙ་མི་སངས་རྒྱས་དང་། གཞན་ཁམས་ཀྱི་མཁས་ཆེན་སེ་བཙུན་གཞོན་ནུ་དབང་ཕྱུག་ལྟ་བུ་ངོམ་རིན་དང་བཤད་རིན་ཡོད་པའི་མི་སྣ་སྐྱེས་ཆེན་མང་པོ་ལོ་རྒྱུས་ནས་དཔྱད་ཡུལ་དུ་བོར་སོང་བ་ལྟར། རབ་བྱུང་དང་པོའི་སྟོད་ཡས་མས་སུ་བྱུང་བའི་བོད་ཀྱི་དཔའ་བོའི་མི་སྣ་གླིང་རྗེ་གེ་སར་རྒྱལ་པོ་ཞེས། རྒྱལ་གཅེས་གཅིག་གྱུར་ཀྱི་བསམ་བློ་ཅན་ཞིག་མདོ་ཁམས་སྡེ་དགེ་ནས་འཁྲུངས་ཤིང་རྨ་རྫ་འབྲི་གསུམ་གྱི་ས་ཁོངས་བདག་ཏུ་བཟུང་སྟེ། བཙན་པོའི་རྒྱལ་རྒྱུད་ལ་ངོ་ལོག་པའི་མི་བསྲུན་བདུག་པ་ཅན་དག་ཚར་བཅད་ཅིང་ནང་ཁུལ་ཞོད་འཇགས་ལ་བཏང་བས། བོད་ཡུལ་བསྟོད་སྨད་བར་གསུམ་ལ་མཛད་པ་འཕྲིན་ལས་ཀྱི་ཟེར་སྣང་རྒྱས། ཁོར་ཡུག་ན་བསིལ་ལྡན་དག་པའི་ཞིང་གི་སྣོད་བཅུད་ལ་ཟ་ཧམ་མེ་དཔུང་ལྟར་འབར་བའི་ཁྱིམ་མཚེས་མ་རུང་བ་དག་ལ་ཡང་དཔའ་དང་དཔུང་བའི་གཟིལ་ཤུགས་ཀྱིས་བག་ཡོད་བྱིན་ཅིང་། དུས་རབས་བཅུ་གཅིག་པའི་གོམ་འགྲོས་དང་འགྲོགས་གླིང་གེ་སར་ཞེས་དཔའ་མཛངས་བརྟུལ་ཕོད་ཀྱི་གྲགས་སྙན་རི་བོ་ཧི་མ་ལའི་རྩེ་མོར་འཕྱུར་བ་ཞིག་བྱུང་བར་མ་ཟད། ཡབ་མེས་གོང་མ་ཚོའི་མི་ཆོས་རིང་ལུགས་ཀྱི་སྲོག་རྩ་ཡ་རབས་གོམས་སྲོལ་དང་། མི་རིགས་ཀྱི་ངག་རིག་སྒྱུ་རྩལ་དང་འབྲེལ་བའི་གཏམ་དཔེ་ཤགས་འགྱེད། མི་རིགས་ཀྱི་དམག་དོན་རིག་པ་དང་འབྲེལ་བའི་ཕོ་རྩལ་སྣ་དགུ་དང་། རུ་བཀོད་མཚོན་བསྒྲིགས། མི་རིགས་ཀྱི་དཔལ་འབྱོར་རིག་པ་དང་འབྲེལ་བའི་ཕྱི་ནོར་ནང་འདྲེན། མི་རིགས་ཀྱི་ནང་བསྟན་ཆོས་ལུགས་ཀྱི་བླ་སྲོག་སྒོམ་སྒྲུབ་ཉམས་ལེན་མཐར་འཁྱོལ་མཛད་ཚུལ་སོགས་རླབས་ཆེན་གྱི་མཛད་རྗེས་ཤིན་ཏུ་བདོ་ན་ཡང་། བོད་ཀྱི་ཆོས་འབྱུང་དང་ལོ་རྒྱུས་འབྲི་མཁན་ཕལ་མོ་ཆེས་གླིང་རྗེ་གེ་སར་གྱི་ལོ་རྒྱུས་མི་རིགས་རང་གི་ལོ་རྒྱུས་ཀྱི་དཀྱུས་སུ་འགོད་ཐུབ་པ་ལྟ་ཅི། ཐ་ན་ལོ་རྒྱུས་དངོས་ཀྱི་ས་བོན་ཅུང་ཙམ་རེ་མཆིས་པ་དག་ཀྱང་ནང་ཕན་ཚུན་ཕྲག་དོག་དང་། མདོ་དབུས་ཁམས་རྩོད་ཀྱི་ཕྱོགས་རིས། གྲུབ་མཐའ་ཕྱོགས་འཛིན་གྱི་བསམ་བློའི་དུག་ཤུགས་སོགས་རྒྱུ་དང་རྐྱེན་མང་པོའི་གནོན་ཤུགས་ཀྱི་རྣོ་འཐབ་བར་ནས་གླིང་གེ་སར་གྱི་དོན་དངོས་ལོ་རྒྱུས་ལ་ལྷ་འདྲེ་ཁ་འཁྱེར་བ་དང་། ཆོས་མིན་དམག་ཇག་གི་ལོ་རྒྱུས་སོགས་ཀྱི་གོས་ནག་རབ་དང་རིམ་པ་ཞིག་གཡོགས་ཏེ་ལོ་རྒྱུས་ནས་རྒྱང་ཕུད་དང་ནག་སུབ་ལ་གཏོང་ཅི་ཐུབ་བྱས་པས། རླངས་ཚང་གི་རུས་རྒྱུད་པོ་ཏི་ལ་རྒྱབ་རྟེན་ནས་གླིང་གེ་སར་ལ་དགའ་ཁ་འཁྱེར་མཁན་དང་བརྩེ་གདུང་ཟབ་མཁན་རེ་ཟུང་མཆིས་ན་ཡང་། ཁོ་ཚོས་ཀྱང་ཆབ་སྲིད་ཀྱི་རྒྱབ་ལྗོངས་རྫོང་མཐུག་པའི་གྲུབ་མཐའ་བཙན་པོ་དག་གིས་གླིང་རྒྱལ་པོའི་ལོ་རྒྱུས་ལ་སྤྲད་པའི་གནོན་ཤུགས་གཡོན་ཕྱོགས་འོག་ནས་མགོ་བོ་འགྱོགས་མ་ཐུབ་པར། གླིང་གེ་སར་མི་མིན་རྟོག་བདག་ལ་གླན་ཅིང་། མཛད་པ་ལོ་རྒྱུས་དངོས་མ་ཡང་འུད་བཟོས་ལྷ་སྒྲུང་ལ་བསྟིམས་དང་སྟིམ་བཞིན་པའི་གོ་སྐབས་དང་བསྟུན། མི་རིགས་གཞན་གྱི་མགོ་བདེ་ཚོས་ཀྱང་གླིང་གེ་སར་དངོས་བྱུང་ལོ་རྒྱུས་ལ་གཞི་བཅས་པའི་རྟོགས་བརྗོད་རྩོམ་སྒྲུང་རིགས་ཕྱི་འཁྱེར་དང་། ཐ་ན་གེ་སར་ཞེས་པའི་མཚན་གྱི་རྣམ་གྲངས་ཡན་ཆོད་ཁོ་བ་ཚོའི་སྒེར་གྱི་དཔེ་སྒྲོམ་དུ་མངོན་འཕྲོག་རྐུ་འཁྱེར་གྱི་ལག་མགོ་ཅི་རིགས་པ་འགུལ་བ་དང་། གླིང་གེ་སར་ནི་རྒྱའི་ཀོན་ཡུན་ཁྲང་ཡིན་པ་འདྲ་སོགས་གང་འདོད་འདོད་རྫུན་འུར་བསྒྲགས། སུམ་པ་མཁན་པོ་སོགས་ལོ་རྒྱུས་ལ་ཕྱིར་གཟིགས་གནང་ཤེས་པའི་སྨྱུག་ཐོགས་པ་ལ་ཤས་ཀྱིས་གླིང་གེ་སར་སྐོར་ལ་བསམ་བློ་ཅུང་འཁོར་ཏེ་ལོ་རྒྱུས་ཀྱི་དཔྱད་སྣེ་ཙམ་བཏོན་མྱོང་ན་ཡང་། མཁས་དབང་དགེ་འདུན་ཆོས་འཕེལ་ལ་བོད་སིལ་འཐོར་རྗེས་ཀྱི་ལོ་རྒྱུས་བརྗོད་ལོང་མ་བྱུང་། ཞྭ་སྒབ་པ་དབང་ཕྱུག་བདེ་ལྡན་གླིང་གེ་སར་གླེང་སྐབས་མགོ་ཡོམ་འཁོར་ཏེ་བརྗོད་བྱའི་གནད་མ་ཟིན། དེའི་ཕྱིས་ཀྱི་ལོ་རྒྱུས་དང་དཔྱད་གཏམ་སྨྲ་འོ་སྐད་པ་འགའ་ཞིག་ལ་ཆབ་སྲིད་དང་གྲུབ་མཐའི་གཡོན་ཕྱོགས་ཀྱི་ནད་ཡམས་ཕོག་པ་དང་། ཁ་ཤས་ཀྱིས་རླངས་ཀྱི་པོ་ཏིའི་དོན་མ་རྟོགས་ཤིང་གུ་གེའི་རྒྱལ་རབས་ཞལ་མ་མཇལ། གླིང་ཚང་གི་ལོ་རྒྱུས་དང་རྗེས་ཤུལ་ངོ་མ་དག་རྩད་མ་ཆོད་པ་སོགས་འགོག་རྐྱེན་རབ་དང་རིམ་པའི་འོག་ནས། གླིང་གེ་སར་མི་མིན་རྟོག་བཟོས་ཀྱི་ལྷ་འདྲེ་ཞིག་ཏུ་མགོ་རྨོངས་ཀླད་འཁྲུལ་བྱུང་བ་དང་། ཡང་གླིང་གེ་སར་དང་ཁྲི་སྲོང་ལྡེའུ་བཙན་གཉིས་གཅིག་ཏུ་འཁྲུལ་བ་ནས། གླིང་གེ་སར་དང་ཀོན་ཡུན་ཁྲང་གཉིས་མི་གཅིག་ཏུ་སྒྲུབ་ཁུལ་སོགས་ནོར་འཕྱུགས་དང་གཡོ་སྒྱུའི་བྱེད་ཐབས་རབ་རིབ་མང་པོའི་གསེང་ནས་དོན་དངོས་དང་རྩ་བ་ནས་མི་མཐུན་པའི་ཞེན་ཕྱོགས་བྱ་གྲགས་བྱིའུ་གྲགས་མང་པོའི་འུར་ལོང་ཁྲོད་ནས། མི་རིགས་ཀྱི་དཔའ་བོ་ཞིག་ལོ་རྒྱུས་དོན་དངོས་དང་ཁ་བྲལ་ཏུ་གཏོང་ཅི་ཐུབ་གང་ཐུབ་ཀྱི་གནས་ཚུལ་ལ། གནས་ལུགས་ཀྱི་རྫོང་མཐུག་ཅིང་། ལུང་རིག་གི་དབལ་རྣོ་བ། དགག་བཞག་གི་གཏན་ཚུགས་ཤིང་། ལོ་རྒྱུས་ཀྱི་གནད་གཟིགས་པ། ཤེས་བྱ་གང་ལ་ཡང་འདྲིས་ཆེ་ཞིང་མཁྱེན་རྟོགས་ཀྱི་རྩལ་མཐོ་བའི་ཀུན་མཁྱེན་དགེ་བའི་བཤེས་གཉེན་ཁྱེད་ཀྱིས་གསུང་གི་གསེང་མཐོན་པོས། གླིང་གེ་སར་རྒྱལ་པོ་དུས་རབས་ནམ་ཚོད་ཅིག་ལ། ས་གནས་གང་ཞིག་ནས་རིགས་རུས་སུ་ཚང་ལ་ཚུལ་ཇི་ལྟར་འཁྲུངས་པ་དང་། སྐུ་ནར་སོན་ཅིང་གླིང་དཀར་པོའི་སྤྱི་རྗེ་ལ་ཇི་ལྟར་གྱུར་པ། མངའ་ཁོངས་གང་དུ་བསྐྱེད། མཛད་རྗེས་ཅི་ཞིག་གནང་། ད་ལྟ་རྗེས་ཤུལ་དང་མི་རྒྱུད་ཅི་འདྲ་ཡོད། བོད་དམངས་ཁྲོད་དུ་ད་དུང་ཡང་ཁོང་ལ་བརྩི་འཇོག་དང་རྗེས་དྲན་ཞུ་བའི་རྣམ་པ་ག་འདྲ་ཡོད་ལུགས་སོགས་ལ་རེ་རེ་བཞིན་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ཡོད་པ། རྗེས་ཤུལ་གྱི་བདེན་དཔང་ཡོད་པ། ངག་རྒྱུན་གྱི་ར་སྤྲོད་གནད་དུ་ཁེལ་བ་སྟེ། ལོ་རྒྱུས་རིག་པའི་རྩ་དོན་དང་ཀུན་ནས་མཐུན་པའི་<<གླིང་སེང་ཆེན་གྱི་བྱུང་བ་མདོར་བསྡུས། >>ཞེས་པའི་བདེན་གསུང་བཀའ་ཤོག་དཀར་པོའི་དཔང་རྟགས་ཤིག་འཛམ་གླིང་ལོ་རྒྱུས་རིག་པའི་བང་མཛོད་ཀྱི་ཁ་སྣོན་དུ་གནང་པ་ནས་བཟུང་། གླིང་གེ་སར་ཞིབ་འཇུག་ཏུ་ཁས་འཆེས་པ་ཕལ་མོ་ཆེའི་བློ་ངོར། སྨུག་པོ་ལྡོང་གི་རུས་ཚན་ཁྲ་བོ་གླིང་གི་མི་རྗེ་སེང་ཆེན་གེ་སར་རྒྱལ་པོའི་ལོ་རྒྱུས། དངོས་ཡོད་མིའི་ཁོར་ཡུག་ནས་དངོས་མེད་རྟོག་བཟོས་ལྷ་སྒྲུང་གི་བརྗོད་གཞི་ཙམ་དུ་ཐེ་ཚོམ་པའི་ཉེན་གྲིབ་ཀྱི་བུན་ལོང་མཆིས་པ་ཡོངས་སུ་བསལ་ནས། བདེན་གསུང་གི་བསྡུས་དོན་ལ་བརྟེན་དངོས་ཡོད་ལོ་རྒྱུས་ཀྱི་བདེན་དཔང་ཚུགས་ཐུབ་པའི་ངེས་པ་རྙེད་དེ་གླིང་གེ་སར་མིའི་ལོ་རྒྱུས་ཀྱི་གྲལ་དུ་བཙུད་པར་མ་ཟད། བོད་སིལ་འཐོར་རྗེས་ཀྱི་རླབས་ཆེན་མི་སྣའི་ལོ་རྒྱུས་ཀྱི་གར་སྟེགས་སུ་རྒྱལ་ཁའི་ངང་ཁྱབ་སྒྲོག་མཛད་པའི་བཀའ་དྲིན་ནི། གླིང་གེ་སར་ལོ་རྒྱུས་འཚོལ་སྔོག་དང་ཆེད་གཉེར་ཞིབ་འཇུག་པ་ཚོའི་ངག་ནས་བརྗོད་ཐབས་བྲལ་ཅིང་སེམས་ནས་བརྗེད་དུ་མེད་པ་ཞིག་རེད་ཟེར་སྤོབས་སོ། །

༢༠༡༤ལོའི་གུར་ཀུམ་ཆུན་པོའི་ལོ་དེབ་ལས་དྲངས།

 

 

ཀློག་གྲངས།:[1501]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com