གླིང་བྲོ་བདེ་ཆེན་རོལ་མོའི་ཕན་ཡོན།
ཨོཾ་བདེ་ལེགས་སུ་གྱུར་ཅིག།
འཛམ་གླིང་ཕན་བདེ་འཇོ་བའི་སྤྲིན་དཀར་ལས། །
དགེ་ལེགས་འདོད་དོན་སྩོལ་བའི་མ་ཎི་ཀ།
སྡེ་བཞིའི་ཁྲི་འཕང་མཐོ་ན་ངལ་གསོ་བ། །
སེང་ཆེན་མི་ཡི་ཉི་མ་རྒྱལ་གྱུར་ཅིག །
འཇིགས་མེད་སྟོབས་བཅུའི་རྩུབ་སྟོང་འཁོར་ལོའི་རྣོ་དབལ་གྱིས། །
ཕུན་ཚོགས་སྡེ་བཞིའི་བསྟན་ལ་གནོད་པའི་བདུད་སྲིན་སྲོག །
ཀུན་ནས་གཅོད་མཛད་ཁྲག་འཐུང་དཔའ་བོ་གཡུ་འོད་འབུམ་མེ་ཞེས། །
གྲགས་པའི་རྒྱལ་མཚན་སྲིད་ན་མཐོ་བ་གང་དེ་རྒྱལ་གྱུར་ཅིག །
སྨད་བྱུང་ཕྲིན་ལས་བཞི་ཡི་ཡོ་ལང་གིས། །
མཛད་པའི་གྲགས་སྙན་སྲིད་ཞིའི་ཁྱོན་ན་ལྡིར། །
འཛམ་གླིང་རྒྱལ་པོའི་ལས་བཞི་སྒྲུབ་པའི་གཉེན། །
གླིང་དཀར་དཔའ་ཐུལ་དྭང་སྨན་གླུ་བྲོས་མཆོད། །
དེ་ཡང་རྗེ་བཙུན་འཇམ་པའི་དབྱངས་དངོས། ཀུན་མཁྱེན་མི་ཕམ་འཇམ་དབྱངས་རྣམ་རྒྱལ་རྒྱ་མཚོའམ། བསེ་རུ་འོད་ལྡན་དཀར་པོས། སྐྱེ་འགྲོ་སྤྱིའི་བདེ་སྐྱིད་མངོན་པར་བཞད་པའི་དགོས་དབང་ཁྱད་པར་ཅན་ལ་གཟིགས་ཏེ། སྙིང་ག་དཔལ་གྱི་བེའུའི་གསང་མཛོད་ནས། །གཟུངས་སྤོབས་བློ་གྲོས་ནོར་བུའི་གཏེར་སྒོ་ལས། །
ཡོངས་སུ་བསྩལ་བའི་གླིང་དཀར་ལྷ་ཡི་བྲོ། །བདེ་ཆེན་རྡོ་རྗེའི་རོལ་མོ་འདི་ན་བརྡུངས། ། འདི་ཉིད་གྲུབ་པའི་རིག་འཛིན་གོང་མ། དོན་གཟིགས་མངའ་བ་དུ་མས་དུས་ཀྱི་རྒུད་པ་ཐམས་ཅད་དབྱིངས་སུ་སེལ་ཞིང། ནད་མུག་འཁྲུག་རྩོད་ཐམས་ཅད་རྒྱུན་ཆད་པར་བྱེད་པ། དུས་བབ་ཀྱི་ཟབ་ཆོས་ཐུན་མིན་ཞིག་ཡིན་པར་གསུངས་ཤིང་། ཁྱད་པར་༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུ་༧འཇིགས་མེད་ཕུན་ཚོགས་འབྱུང་གནས་དཔལ་བཟང་པོ་མཆོག་གི་ཞལ་སྔ་ནས་ཀྱང་། རྟེན་འབྲེལ་དང་དགོས་པ། ཕན་ཡོན་རྒྱ་ཆེན་པོ་ཡང་ཡང་གསུངས་པས། ཐུགས་སྐྱེད་བླ་ན་མེད་པར་མཛད་པའི་དགོང་བཞེད་བཞིན། ཕྱོགས་ཀྱི་དད་ལྡན་ཚོས། གླིང་གེ་སར་འཁོར་དང་བཅས་པ་རྗེས་སུ་དྲན་བཞིན་བྲོ་འདི་འཁྲབ་ན་ཕན་ཡོན་ཆེ་བར་གསུངས་ཡོད།
དང་པོ་སྤྱན་འདྲེན།༽
མོས་ལྡན་བུ་ལ་བྱིན་གྱིས་བརླབ་པའི་ཕྱིར། །
བརྟུལ་ཞུགས་རྡོ་རྗེའི་གར་གྱི་མཁའ་ལམ་ནས། །
བདུད་འདུལ་དགྲ་བླ་ཝེར་མའི་སྐུར་བཞེངས་ཏེ། །
བྱིན་རླབས་སྤྲིན་འཁྲིགས་དངོས་གྲུབ་ཆར་རྒྱུན་ཕོབ། །
མཁའ་སྤྱོད་མཐོང་བ་ཀུན་སྨོན་ནས་སེང་ཆེན་ནོར་བུ་དགྲ་འདུལ་འཁོར་དཔའ་ཐུལ་དྭང་སྨན་དང་བཅས་པ། རྡོ་རྗེའི་གསུམ་གྱི་དཀྱིལ་འཁོར་དུ་སྤྱན་དྲངས་ན། གང་དུ་བྲོ་འཁྲབ་པའི་གནས་དེ་རུ་འབྱོན་པར་འགྱུར་བ་རྟེན་འབྱུང་བསླུ་བ་མེད་པའི་ཐ་ཚིག་གོ། །
གཉིས་པ་གླུ་གར་ཕྱག་རྒྱའི་མཆོད་པ། ༽
དར་སྣ་བ་དན་རོལ་མོའི་མཆོད་པ་བཞེས། །
བདེ་སྟོང་ཉམས་མྱོང་གསང་བའི་མཆོད་པ་བཞེས། །
སྣང་སྲིད་གཞིར་བཞེངས་གར་གྱི་མཆོད་པ་བཞེས། །
ཐམས་ཅད་མཉམ་ཉིད་ཡེ་ཤེས་མཆོད་པ་བཞེས། །
ལྟས་ངན་ཆོ་འཕྲུལ་ཟློག་པའི་རྡོག་བྲོ་དང་།
ལྷ་རྒྱལ་ཁ་གཡང་འབོད་པ་ལག་པའི་གར་དང་བཅས་རང་བྱུང་བྲོ་ཡི་མཆོད་པ་འདི་ཕུལ་པ་ཙམ་གྱིས། དཀར་ཕྱོགས་དགྲ་བླ་དགྱེས་པའི་བཞད་པ་ས་འདིར་སྒྲོག་པའི་ཞལ་བཞེས་ཡོད་པ་ཡིན།
གསུམ་པ་སྣ་ཚོགས་ཕྲིན་ལས་ལ་བསྐུལ་པ།༽
དེ་ནས་སྣ་ཚོགས་ཕྲིན་ལས་རྡོ་རྗེའི་བྲོ། །
བརྡུང་བ་ཙམ་གྱིས་བག་དྲོ་བྱིན་ཕེབ་ཅིང་། །
རྡོ་རྗེའི་རྟ་མཆོག་བཞོན་པའི་བྲོ་གར་གྱིས། །
བར་ཆད་དམ་སྲིའི་སྲོག་སྙིང་ཚལ་བར་འགེམ། །
མཁྱེན་རབ་དགོངས་པའི་ཀློང་ནས་རྩལ་ཕྱུང་ཏེ། །
རྩ་རླུང་རིག་ཁམས་ཡེ་ཤེས་མེ་ཆེན་སྦར། །
དབང་འབྱོར་མཐུ་སྟོབས་ནུས་པའི་དངོས་གྲུབ་འཐོབ། །
བདུད་བཞིའི་འཇིགས་པ་མཐའ་དག་ཁྱེད་ཀྱིས་སེལ ། །
བཞི་པ་བཀྲ་ཤིས་འཇོག་པ།༽
བཀྲ་ཤིས་རྟེན་འབྱུང་དགེ་བའི་རོལ་མོ་ཡི། །
གདོད་ནས་རྣམ་གྲོལ་སྒོ་གསུམ་ལྷའི་དཀྱིལ་འཁོར། །
ཟབ་མོའི་རྡོ་རྗེའི་ཐེག་མཆོག་ལ་གནས་ནས། །
མྱུར་དུ་རྣམ་གྲོལ་རྒྱལ་བའི་དབང་པོ་འཐོབ། །
མཇུག་ཏུ་བཀྲ་ཤིས་སྨོན་པ་དཀར་པོའི་ཞབས་བྲོ། འཁྲབ་པ་ཙམ་གྱིས་ས་ཡི་བཅུད་གསོ། འབྱུང་བཞིའི་འདུ་བ་སྙོམ། ཁ་ལས་རླུང་རྟ་དར་བ་རྩ་གསུམ་སྲུང་མའི་བདེན་ཚིག་བསླུ་བ་མེད་པའོ། །
འཛམ་གླིང་ཞི་བདེ་དང་། བོད་ཡུལ་བདེ་སྐྱིད་འབྱུང་པའི་ལ་ཉེ་བཟང་པོ་ཙམ་དུ་མ་ཟད། གྲུབ་པའི་རིག་འཛིན་རྣམས་ཀྱིས་བདེན་ཚིག་བསླུ་བ་མེད་པ་ལགས། གླིང་བྲོ་འདི་ཡི་ཕན་ཡོན་༧ཀུན་མཁྱེན་མི་ཕམ་རྒྱ་མཚོའི་གསུང་རབ་རྣམས་དང་། སྔོན་བྱོན་བླ་མ་གོང་མ་རྣམས་ཀྱིས་ཡང་ཡང་གསུངས་པ་ལས་རྒྱ་ཆེར་ཤེས་པར་བྱའོ། །
ཞེས་པ་ཚེ་རིང་དཔལ་འབྱོར་གྱིས་རྩོམ་སྒྲིག་བྱས་པ་དགེ།།