སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི།བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་།དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར།དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས།བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་།དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ།ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ།གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད།འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས།གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་།གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ།གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ།མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་།ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན།དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ།།ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་ སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

གླིང་སྒྲུང་བ་ཞིག་གིས་བཏོན་པའི་ལྟ་ཚུལ་འགའ།

གླིང་སྒྲུང་བ་ཞིག་གིས་བཏོན་པའི་ལྟ་ཚུལ་འགའ།

༡༽ གླིང་རྗེ་གེ་སར་རྒྱལ་པོ་རུ་གྲགས་པའི་སྤྲུལ་བའི་སྐྱེས་བུ་དེ་ནི་དུས་རབས་བཅུ་གཅིག་པའི་ནང་། བོད་མདོ་ཁམས་སུ་འཁྲུངས་ཤིང་མཛད་འཕྲིན་ངེས་ཅན་ཞིག་རྒྱས་པར་མ་ཟད། འཛམ་གླིང་གི་ལོ་རྒྱུས་སྙན་རྩོམ་ཆེས་རིང་ཤོས་ཀྱི་བརྗོད་བཞིའི་མི་སྣ་གསོན་པོ་དེ་ཡིན་པ། ད་ལྟ་རྒྱལ་ཕྱི་ནང་གི་ཞིབ་འཇུག་པ་ཕལ་ཆེར་ཞལ་མཐུན་མོད། འོན་ཀྱང་བར་རྒུད་སྣ་ཚོགས་ཤིག་གིས་གླིང་རྗེའི་རྣམ་ཐར་ཡིག་འཇོག་གི་རྣམ་པ་སྒྲུང་ལ་ཐིམ་དབང་གིས་རྣམ་ཐར་གྱི་གཞི་ཁྱོན་དཔྱད་ཡུལ་དུ་གྱུར་ཡོད་པས། འུ་ཚོས་ད་དུང་གླིང་རྗེ་གེ་སར་གྱིས་རྣམ་པ་མི་ཡི་ཚུལ་བཟུང་སྟེ། སྐུ་ཚེ་གང་གི་མཛད་པ་ཚུལ་མཐོང་ཡུལ་གྱུར་དངོས་དང་། དངོས་མཐོང་གི་རྣམ་ཐར་གྱི་ས་བོན་ལས་འབུས་པའི་ལོ་རྒྱུས་སྙན་རྩོམ་རིང་མོ་འམ། གང་འདུལ་སྤྲུལ་བའི་རྣམ་རོལ་བསམ་མི་ཁྱབ་པའི་རྟོགས་པ་གཙོ་བོར་བརྗོད་པའི་རྣམ་སྒྲུང་བསམ་འདས་ཀྱི་རིགས་གཉིས་ལ་དབྱེ་བསལ་མ་ནོར་པའི་སྒོ་ནས་རྒྱུད་འཛིན་དར་སྤེལ་དགོས་པ་ལ། གང་ཞིག་གླིང་རྗེ་དམ་པ་བོད་ཀྱི་ལོ་རྒྱུས་ཁྲོད་དངོས་བྱུང་གི་མི་སྣ་ཡིན་པ་ལ་ཡིན་པར་ཞིབ་འཇུག་བྱེད་སྐབས། ལོ་རྒྱུས་རིག་པ་སྤྱིའི་འགྲོས་ལྟར་བདེན་དཔང་གི་རྒྱུ་ཆ་ཁུངས་ལྡན་རིགས་གང་ཡོད་བསྔོག་འདོན་འཚོལ་ཞིབ་ལ་རྒྱབ་ལྗོངས་བཅོལ་རྒྱུའི་གལ་ཆེན་རང་བཞིན་གཙོ་གནད་དུ་འཛིན་རྒྱུ་མ་གཏོགས། སྤྲུལ་བའི་རྒྱལ་པོའི་མཛད་པ་བསམ་འདས་རང་བཞིན་གྱི་རྟོགས་བརྗོད་སྐོར་དང་། ཚུལ་མཐོང་གི་ལོ་རྒྱུས་དངོས་གཉིས་ཕན་ཚུན་ཤ་བསྲེ་ཚིལ་བསྲེ་རུ་འགྱུར་མི་རུང་ལ། ལྷག་པར་དུ་གང་དྲན་བབ་ཅོལ་དང་། ཡིད་འཇོག་ཙམ་གྱིས་ག་དང་འདི་ཞེས་ཁ་ཚོད་གཅོད་སྔ་ཡེ་ནས་མི་རུང་བ་རྩ་གནད་དུ་འཛིན་དགོས་སྙམ།

༢༽ དཔེར་ན། གླིང་རྗེ་གེ་སར་སྐྱེས་བུ་བོད་ཀྱི་ལོ་རྒྱུས་རྙིང་བའི་རིགས་གང་དུ་ཡང་མི་འདུག་ཟེར་མཁན་ཚོས་མངའ་རིས་རྒྱལ་རབས་དང་། ཤར་བའི་ལོ་རྒྱུས་སོགས་དཔྱད་གཞི་གལ་ཆེན་སྐོར་མ་མཇལ་བའི་སྐྱོན་ཡིན་པས། འུ་ཚོས་ད་དུང་གླིང་དང་འབྲེལ་ཡོད་ཀྱི་དཔེ་ཆ་མི་ཉུང་བ་འཚོལ་ཞིབ་བྱས་ཏེ་ལྟ་ཀློག་ངེས་ཅན་ཞིག་བྱེད་རྒྱུ་གལ་ཆེ་སྙམ།

༣ ༽ གླིང་རྗེ་གེ་སར་རྟོག་བཏགས་སུ་སྙམ་ནས་བཤད་མཁན་ཚོས་ཁམས་གླིང་ཚང་གི་རྒྱལ་རབས་ལོ་རྒྱུས་ཀྱི་སྐོར་དང་། ཡེལ་བ་ཡེ་ཤེས་བརྩེགས་ཀྱི་རྣམ་ཐར་སོགས་སྔ་རབས་ཀྱི་ཡིག་ཚང་ཁག་ཏུ་གླིང་རྗེ་གེ་སར་མིའི་རྣམ་པར་དངོས་སུ་འཁྲུངས་མྱོང་བའི་བདེན་དཔང་མང་པོ་བཞུགས་པ་མ་མཇལ་བའི་གནད་རེད་འདུག་པས་དེ་དག་ལ་རྒྱུས་ལོན་མཛད་རྒྱུ་གལ་ཆེ་སྙམ།

༤ ༽ གླིང་གེ་སར་ཟེར་བ་ལོ་རྒྱུས་སྟེང་དངོས་སུ་བྱུང་མྱོང་བའི་མི་སྣ་ཞིག་མིན་པའི་རྟགས་ནི། གླིང་སྒྲུང་གི་བརྗོད་བྱའི་ནང་དུ་མིའི་བློ་ཡུལ་ལས་འདས་པའི་སྣང་ཚུལ་སྐོར་མང་བ་དང་། དེ་ལས་ཀྱང་སྒྲུང་རྙིང་དག་གི་རྗོད་ཚིག་ལ་ནང་འགལ་སོགས་མང་པས་སོ་ཟེར་མཁན་ཚོས། ལོ་རྒྱུས་སྙན་རྩོམ་ཞེས་པའི་མིང་བརྡའི་གོ་བ་ཕྲ་ཞིབ་ཏུ་མ་ལོན་པ་དང་། ལྷག་པར་དུ་མི་རིགས་རང་ལ་ལོ་རྒྱུས་དང་། རྣམ་ཐར། རྟོགས་བརྗོད། བསྟོད་པ་སོགས་རྣམ་པ་མི་འདྲ་བའི་རྗོད་སྒོ་སྣ་ཚོགས་ཀྱི་དབྱེ་བ་ཡོད་པ་ལ་བསམ་བློ་མ་བཏང་བ་དང་། དེ་ལས་ཀྱང་གླིང་སྒྲུང་ནི་ལོ་ངོ་དགུ་བརྒྱ་ཙམ་གྱི་དུས་ཡུན་ནང་ཚོགས་པ་དང་སྲིད་གཞུང་གིས་རྩ་འཛུག་འོག་གཅིག་གྱུར་རང་བཞིན་ལས་བྱུང་བ་ཞིག་ཡེ་ནས་མིན་པར། ཡུལ་སྲོལ་ཁ་སྐད་མི་གཅིག་པའི་བོད་ཡུལ་ཆེན་པོའི་ས་ཆ་ཡུལ་ལུང་སོ་སོ་ནས་གླིང་རྗེ་དམ་པའི་མཛད་རྣམ་ཚན་པ་ཚན་པ་བྱས་ཏེ། རྒྱ་ཆེའི་མི་མང་གིས་རང་མོས་བརྩོན་པས་བཞེངས་བསྐྲུན་བྱས་པ་ཡིན་པའི་གནས་ཚུལ་ལ་འདང་ཡེ་ནས་བརྒྱབ་མ་མྱོང་བས་རེད་སྙམ།

༥ ༽ བོད་ཡུལ་འདིར་གླིང་རྗེ་གེ་སར་ཞེས་པའི་སྤྲུལ་བའི་སྐྱེས་བུ་ཞིག་དངོས་སུ་བྱུང་མྱོང་ན། ད་ལྟ་ཡིད་རྟོན་རུང་བའི་བདེན་དཔང་ཅི་ཡོད་ཟེར་མཁན་ཚོས། གཅིག ། གླིང་རྗེ་གེ་སར་གྱི་སྐུ་ཚ་ལྷ་སྲས་དགྲ་བླ་རྩེ་རྒྱལ་གྱི་རུས་རྒྱུད་གླིང་ཚང་རྒྱལ་རྒྱུད་ད་ལྟའི་བར་རྒྱུན་ཆད་མ་མྱོང་པ་དེ་དང་། གཉིས། གླིང་རྗེ་གེ་སར་གྱི་བཞུགས་གནས་གླིང་འགུ་ཟི་དང་ཤར་རྨ་ཡུལ། འབུམ་པའི་ཞལ་དཀར་གྱི་བཞུགས་གནས་ལྕགས་ར་སོགས་སྐུ་མཁར་དག་གི་ཤུལ་མ་ཉམས་པར་དངོས་སུ་ཡོད་པ། གསུམ། གླིང་རྗེ་རྒྱལ་བློན་གྱི་བང་སོ་འམ་སྐུ་གདུང་མཆོད་རྟེན་དག་ད་དུང་དངོས་སུ་བྱང་རྟ་རྣ་རི་བོར་དངོས་སུ་གཞི་ནས་ཉམས་མ་མྱོང་བར་ཡོད་པར་མ་ཟད། དེ་འབྲེལ་གྱི་ལོ་རྒྱུས་ཡིག་ཚགས་ཐན་ཐུན་གྱི་དཔྱད་གཞི་བཅས་གསལ་བོར་བཞུགས་པ་སོགས་དངོས་ཡོད་བདེན་དཔང་གི་སྐོར་ལ་གཞིག་རྒྱུ་གལ་ཆེ་སྙམ་མོ། །

༦ ༽ ཡང་ཁ་ཅིག་གིས། གླིང་གེ་སར་གྱིས་གླིང་གི་རྒྱལ་ས་རྟའི་བང་གིས་བླངས་ཚུལ་བཤད་པ་ནི་དཔེ་མི་སྲིད་པའི་རྟོག་བཏགས་སོ་ཟེར་མཁན་ཚོས། རྒྱལ་ཁབ་གཞན་དང་གཞན་ལ་རྒྱལ་ས་མདའ་རྩལ་སོགས་ཀྱིས་བླངས་ཚུལ་གཏམ་རྒྱུད་ཡོད་པ་དང་། གཞན་བོད་རང་ལ་གནའ་བོའི་དུས་ནས་རླུང་ལྟར་གྲགས་པའི་རྒྱ་བཟའ་བལ་བཟའི་རྣམ་ཐར་དུ། རྒྱ་བཟའ་བོད་དུ་གཏོང་མིན་ཐད་ཐང་རྒྱལ་པོས་བློ་འཕྲུལ་མང་དུ་བྱས་ན་ཡང་། བོད་ཀྱི་བློན་པོ་མགར་ལ་རིག་པའི་རྒྱལ་ཁ་ཐོབ་ཏེ། རྒྱ་བཟའ་བསུས་ཚུལ་སོགས་གསལ་བར་བསམ་གཞིག་བྱས་ན། གླིང་གི་ཕུ་ནུ་ཚོགས་པས་རྒྱལ་སྲིད་རྟ་མཆོག་གི་བང་ལ་དྲིས་ནས་ཐག་བཅད་པ་དེ་ཡང་འཛམ་གླིང་ལ་ཡེ་ནས་མ་དར་བའི་གནས་ཚུལ་ཞིག་མིན་པ་ཤེས་ཐུབ་སྙམ།

༧ ༽ བོད་ཀྱིས་གླིང་གེ་སར་སྐྱེས་བུ་ལྷ་རུ་བསྟེན་པའི་དུས་ཚོད་མི་སྔ་སྟེ། འཇུ་མི་ཕམ་གྱི་དུས་ཡས་མས་རེད་ཅེས་ཁ་ཚོད་གཅོད་མཁན་ཚོས། ཀརྨ་པཀྵི་སོགས་བོད་སྔ་རབས་ཀྱི་མཁས་གྲུབ་དག་གི་གསུང་རྩོམ་མ་མཇལ་བས་རེད་སྙམ།

༨ ༽ གླིང་རྗེ་གེ་སར་དེང་གི་གླིང་ཚང་རྒྱལ་རྒྱུད་ཀྱི་མེས་པོ་ཡིན་པ་བདེན་ན། དགྲ་བླ་དང་ཆོས་སྐྱོང་དུ་གསོལ་བ་ནི་མི་རིགས་སོ་ཟེར་མཁན་ཚོས། བོད་མི་རིགས་ཀྱི་གདོད་མའི་བསམ་བློའི་ཁྲོད་ཀྱི་མཚུན་ལྷ་དང་། རྗེ་ཡི་མགུར་ལྷ་སོགས་ལྷར་འཛིན་གྱི་ལྟ་བ་ཇི་ལྟར་ནར་སོན་སྟངས་སྐོར་ལ་བསམ་གཞིགས་ཡེ་ནས་མ་བྱས་པས་རེད་སྙམ་བྱུང་།

༩ ༽ ཡང་གླིང་གེ་སར་གཏན་གྱི་སྐྱབས་སུ་འཛིན་པ་ནི་ལོག་རྟོག་གོ་འདོད་མཁན་ཚོས། གླིང་གེ་སར་གྱི་སྤྲུལ་གཞི་དང་། ལྷག་པར་རླངས་སྟོན་ཨ་མེས་བྱང་ཆུབ་དང་། པཎ་ཆེན་སྨྲྀ་ཏི་སོགས་ཀྱི་དངོས་སློབ་མཆོག་གྱུར་གྱི་མི་སྣ་དཔའ་བོ་ཕྱག་རྫོགས་ཉམས་སུ་བླངས་ནས་གྲུབ་པ་ཐོབ་མཁན་གྱི་བླ་མ་འཇའ་ལུས་པ་ཞིག་ཡིན་ཚུལ་རྒྱུས་མ་ལོན་པ་མ་གཏོགས། གལ་སྲིད་སྐྱེས་སྦྱང་གིས་བྱང་ཆུབ་གོ་འཕང་ལ་གཤེགས་པའི་སྐྱེས་བུ་ཞིག་ཡིན་ཚེ། སླར་ཡང་འགྲོ་ཁམས་སུ་གང་ལ་གང་འདུལ་དུ་དེ་ལ་དེར་སྟོན་གྱིས་འཕྲིན་ལས་འཇུག་པར་ཐེ་ཚོམ་མེད་ཕྱིར། གང་ལ་ཡང་མོས་པ་འཛིན་རུང་སྟེ། དཔེར་ན་རྗེ་བླ་མཆོད་དུ། ཁྱོད་ནི་བླ་མ་ཁྱོད་ནི་ཡི་དམ་ཁྱོད་ནི་མཁའ་འགྲོ་ཆོས་སྐྱོང་སྟེ། ཞེས་པ་ལྟ་བུའི་གནད་དང་སྒོ་གཅིག་པ་ཡིན་པའི་ཚུལ་ལ་བསམ་བློ་མ་བཏང་བའི་སྐྱོན་རེད་སྙམ།

༡༠ ༽ དོན་གཉེར་བ་རྣམ་པས་གླིང་གེ་སར་རྒྱལ་བློན་དུས་ཀྱི་ཁྲབ་རྨོག་དང་གྲི་མཚོན་སོགས་བཅའ་དངོས་རྙིང་བ་ངོས་འཛིན་དང་། མདོ་ཁམས་གཙོ་བོར་གྱུར་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་མཁར་ཁང་བཙན་རྫོང་གི་ཡུལ་དངོས་རྗེས་ཤུལ་དང་། ཐ་ན་གླིང་གི་མི་རབས་ཕྱི་མ་རྣམས་ཀྱིས་ཁོར་ཡུག་གི་རི་འབུར་དང་། བྲག་རྡོའི་རིགས་ལ་གླིང་རྗེ་རྒྱལ་བློན་གྱི་བཅའ་དངོས་རྩ་ཆེན་རེ་རེར་དབྱིབས་སོགས་འདྲ་བ་རྒྱུ་མཚན་དུ་བྱས་ཏེ་མིང་བཏགས་ངོས་འཛིན་བྱས་ཡོད་པ་དག་བསྔོག་འདོན་དང་ཐོ་འགོད་ཁྱབ་སྒྲོག་བྱེད་སྐབས། གང་དུ་གནས་པ་དང་བྱུང་ཡུལ་གྱི་མངའ་ཁོངས་དང་། དེ་འབྲེལ་གྱི་ངག་རྒྱུན་རེ་རེ་བཞིན་དུས་སྐབས་སྔ་མོའི་ངག་རྒྱུན་ཁུངས་ལྡན་ཡིན་མིན་དང་། ངག་རྒྱུན་དེ་ཚོ་སྔ་མོའི་ཡིག་རྙིང་སོ་སོའི་ནང་དུ་ཚུད་ཡོད་མེད་སོགས་ལ་རྒྱུས་ལོན་དབྱེ་ཞིབ་གསལ་བོ་མ་བྱས་ན། དེང་སྐབས་ངག་རྒྱུན་ཡིན་ཟེར་ཚད་རློམ་དཀའ་ཕྱིར། ཞིབ་འཇུག་པ་ཚོས་དེང་གི་ས་གནས་ལ་ཤས་ནས་ཐོན་པའི་གླིང་གི་རྗེས་ཤུལ་ཡིན་པའི་ངག་རྒྱུད་ཡོད་པར་བཤད་ཚད་ཤ་གཟུགས་ཟ་རྐྱང་མིན་པ་ངེས་དགོས་སྙམ།

༡༡ ༽ ད་ལྟ་གླིང་གི་དཔའ་བརྟུལ་སོགས་གླིང་དུས་ཀྱི་མི་སྣ་ངོ་སྤྲོད་མཛད་མཁན་ཚོས་གླིང་སྒྲུང་རྙིང་ཤོས་ཁུངས་བཙུན་གྱི་རིགས་ལ་དོ་ཁུར་དང་རྒྱུས་ལོན་ཡེ་ནས་མི་བྱེད་པར། ཉེ་ཆར་གྱི་བསྒྲིགས་སྒྲུང་ཐན་ཐུན་རེ་ཟུང་ལ་ཟུར་བལྟས་ཙམ་གྱིས་དཔའ་བརྟུལ་གང་ཞིག་ནི་གླིང་གི་གཅེས་ཕྲུག་གི་ཡ་གྱལ་ཡིན་ཚུལ་དང་། དཔའ་བོ་སུ་ཞིག་གི་ཕ་ཡབ་འདི་དང་མ་ཡུམ་ག་ཞེས་ཡིན་རློམ་གྱིས་ཁ་ཚོད་བཅད་ནས་གང་སར་འགྲེམ་པ་ནི། གླིང་སྒྲུང་གི་སྔ་རབས་མེས་པོ་ཚོའི་ཞལ་ལས་བྱུང་བའི་རྣམ་ཐར་རྟོགས་བརྗོད་རྣམས་་མིག་ནང་ལ་མ་བཞག་པའི་སྐྱོན་འབབ་པར་མ་ཟད། ལོ་རྒྱུས་སྙན་རྩོམ་རིང་མོའི་རྩ་བའི་འཕེལ་རྒྱས་གཅིག་གྱུར་ཁ་འཐོར་དགུ་འཐོར་དུ་གཏོང་བའི་ཉེན་ཁ་གཅིག་པུར་ཡང་འགྲོ་བས། གླིང་གེ་སར་སྐོར་ལ་ཤ་ཚ་འདོགས་བྱེད་མཁན་ཚོས་ངེས་པར་དུ་གཟབ་དགོས་འདུག་སྙམ།

༡༢༽ འགའ་རེས་གླིང་རྗེ་གེ་སར་རྒྱལ་པོའི་རྣམ་ཐར་ལ་མི་དགའ་བའི་རྣམ་འགྱུར་ཚབས་ཆེན་སྟོན་པར་མ་ཟད། ཐ་ན་གླིང་རྗེ་གེ་སར་གྱི་མཚན་ཙམ་གྱི་ཐད་ལ་ཡང་འཆར་གཞི་ཞིག་སེམས་ཕུག་ཏུ་མནན་ནས། ནམ་རྒྱུན་གེ་སེར་གེ་སེར་ཞེས་བྲིས་ཏེ་གཅིག་གྱུར་གྱི་ལྡོག་ཕྱོགས་ནས་ལངས་པ་ནི། མདོར་བསྡུས་ནས་བཤད་ན། བོད་རང་གི་ས་ནས་འཚར་ལོངས་བྱུང་བའི་གླིང་རྗེ་དཔའ་བོའི་རྟོགས་བརྗོད་ཀྱི་དགེ་མཚན་འཛམ་གླིང་རིག་གནས་ཀྱི་གར་སྟེགས་སྟེང་དུ་འགྲོ་ཐུབ་པ་བྱུང་བའི་གནས་ཚུལ་ལ། སྔོན་གྱི་ཞེན་ཕྱོགས་ངན་པའི་ཤུགས་རྐྱེན་དབང་བཙན་དུ་བྱས་པའི་ཕྲག་དོག་དང་། གཡོན་ལྷུང་གི་བསམ་པ་ནག་པོའི་དུག་རྒྱུན་ད་དུང་ཞི་མེད་པའི་རྣམ་འགྱུར་བསྟན་པ་ཙམ་ལས་ཅི་ཡང་ཡིན་པར་མི་སེམས།

༡༣༽ ད་ལྟའི་གནས་སྐབས་ན་གླིང་གེ་སར་ལ་ཞིབ་འཇུག་དང་དར་སྤེལ་གྱི་དུས་ཚོད་དོ་ཟེར་མཁན་མང་མོད། ཟུར་གཞན་ཞིག་ནས་བསམ་ན། ད་ལྟའི་དུས་སྐབས་ན་གླིང་གེ་སར་ཁ་ལ་ཁྱེར་ནས། ས་ཕྱོགས་འཐེན་ཁྱེར་དང་རང་འདོད་ཕྱོགས་རྒྱལ་གྱི་དམིགས་ཡུལ། སྒོར་རྡོག་ལག་འབབ་ཀྱི་ཆེད། རང་ཉིད་གྲགས་འདོད་ཀྱི་ལས་ཀ་ཁོ་ན་དོན་དུ་གཉེར་མཁན་གྱིས་གང་སར་གང་བའི་དུས་ཚོད་ཅིག་ལ་སླེབས་འདུག་པས། བོད་ཀྱི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་རིང་མོའི་དར་རྒུད་འཕེལ་རྒྱས་ལ་སྙིང་ནས་ཤ་ཚ་མཁན་གྱི་སྒྲུང་བ་དང་། རང་འདོད་ཁོག་ཏུ་མ་བཅུག་པའི་གཟུར་གནས་ཞིབ་འཇུག་པ་རྣམ་པས་བློ་རིག་གྲུང་པོས་དབྱེ་འབྱེད་ཞིབ་ནན་མཛད་དེ། གླིང་གེ་སར་དང་འབྲེལ་ཡོད་ཀྱི་རིག་གནས་ཀྱི་ཕྱོགས་གང་ཐད་ལ་མྱུར་སྐྱོབ་མཛད་རྒྱུ་ཧ་ཅང་གལ་ཆེ་འདུག་སྙམ།

༡༤ ༽དེང་སྐབས་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་གླིང་གེ་སར་གླེང་མཁན་དང་བཤད་འབྲི་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བའི་སྣང་ཚུལ་དེ་ཕྱོགས་གཅིག་ནས་དགའ་འོས་ཀྱི་གནས་ཤིག་ལོས་ཡིན་མོད། ཡང་གཞན་ཞིག་ནས་བསམ་ན་འཇིགས་ཉེན་གྱི་གནས་ཤིག་རེད། དེ་ནི་གང་རེད་ཟེར་ན། མཁས་པའི་མིང་ཐོབ་ཅན་ལ་ཤས་ཀྱིས་དེང་དུས་གླིང་གེ་སར་སྐོར་སྤྱི་ཚོགས་ཀྱི་གླེང་གཞི་ཆེ་ཤོས་ཤིག་ཏུ་གྱུར་བའི་གནས་བབ་ལ་ལག་སྲིང་སྣང་གིས་གླིང་སྒྲུང་སྤྱིའི་ཁོག་དབུབ་ལ་རྒྱུས་མངའ་ཅི་ཡང་མེད་ཀྱང་། སྒྲུང་དཔེ་རེ་ཟུང་དང་ངག་རྒྱུན་ཐན་ཐུན་རེར་འཕྲལ་ཞིབ་ཙམ་གྱིས་རྩོམ་ཡིག་གང་དྲན་དྲན་རེ་བྲིས་ཏེ། རང་གི་ཆེད་ལས་ཀྱི་མིང་གྲགས་བཀོལ་ནས་འགྲེམ་སྤེལ་བྱས་པའི་ཁྲོད་དུ་གླིང་སྒྲུང་གི་རྒྱུས་ཤེས་སྐོར་ལ་ཡང་ཁ་རྒྱང་དུ་གྱེས་འདུག་པའི་གནས་ཚུལ་མང་དུ་ཐོན་འདུག་པ་དང་། དེ་ལས་ཀྱང་ཚབས་ཆེ་བ་ནི་གླིང་སྒྲུང་ལས་ཐོན་པའི་མིང་བརྡ་ཟབ་མོའི་སྐོར་རེ་རེ་ནས་འགྲེལ་བཤད་ཐུབ་པ་ལྟ་ཅི། བོད་རོང་འབྲོག་མང་ཚོགས་ཀྱི་གནའ་དུས་ཀྱི་འཚོ་བའི་གོམས་གཤིས་ལ་རྒྱུས་མངའ་དང་། ཐ་ན་ཕ་སྐད་རྣམ་དག་ཅིག་སྨྲ་བའི་ཐད་ནས་ཀྱང་ཆེས་དབུལ་བོར་གྱུར་བ་རེ་འགས་གེ་སར་ཆེད་མཁས་པ་ཡིན་ཟོལ་དང་། གེ་སར་སྒྲུང་མི་རིགས་གཞན་གྱི་ཡིག་རིགས་སུ་བསྒྱུར་དང་བྲིས་སོ་སྐད་པ་ནི། གླིང་སྒྲུང་གི་མ་རྐང་རྩ་བ་ནས་ཡལ་བའི་ལྟས་ཚང་པ་ཡིན་པས། ལྷ་མི་གཉིས་ཀྱི་དམ་ཚིག་ལྡན་པའི་སྒྲུང་བ་རྣམ་པ་དང་། བློ་གྲོས་ཀྱི་གཤོག་རྩལ་རྒྱས་པའི་གླིང་སྒྲུང་ཞིབ་འཇུག་པ་རྣམ་པས་འགན་འཁྲི་ཁ་འཐོར་དུ་མི་ཤོར་བར་རྡོག་རྩ་གཅིག་སྒྲིལ་གྱིས་བསམ་གཞིག་དང་། དོ་སྣང་ནན་མོ་མཛད་རྒྱུ་གལ་ཆེ་སྙམ།

༡༥༽ ཡང་གླིང་སྒྲུང་ནང་གི་བརྗོད་གཞིའི་མི་སྣ་གེ་སར་ཞེས་པ་དེ། རྒྱ་རིགས་ཀྱི་དཔའ་བོ་ཞིག་གམ་ཡང་ན་སོག་པོའི་དཔའ་རྒོད་ཅིག་ཨེ་ཡིན་ནམ་སྙམ་ནས་དོགས་པ་ཟ་མཁན་ཚོས། རྒྱ་རིགས་ཀྱི་གླིང་ཡུལ་ཞིབ་འཇུག་ཆེད་མཁས་པ་དགེ་རྒན་རེན་ནཱེ་ཆིང་ཞུ་བ་དང་། ནང་སོག་གི་གེ་སར་ཞིབ་འཇུག་པ་སྐུ་ཞབས་སངས་རྒྱས་གྲགས་པ་སོགས་ཀྱི་གསུང་ལ་རྒྱུས་ལོན་བྱས་ན། དོགས་པ་དེ་རང་ཤུགས་ཀྱིས་སེལ་བར་ངེས་སོ། །

ཞེས་གླིང་གེ་སར་ཚང་སོགས་གེ་སར་དང་འབྲེལ་ཡོད་འཕྲིན་ཚོགས་འགའ་ཞིག་ནས་དྲྭ་གྲོགས་མི་ཉུང་བ་ཞིག་གིས་དྲི་བ་བཀོད་པའི་དོན་ལ་ལར་ལན་ཉུང་ཙམ་རེ་ཞུ་ཁུལ་འདོད་དེ་གླིང་དགའ་བ་སྨིན་དབུས་ཨ་དཀར་པོས་རང་གི་བསམ་ཚུལ་འགའ་ཁ་ཟིན་སྣ་ཟིན་དུ་བྲིས་ཏེ་༢༠༡༦-༩-༩ ཉིན་ཕུལ།

 

 

 

ཀློག་གྲངས།:[2934]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com