སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

མདོ་ཁམས་གླིང་ཡུལ་ཞིབ་ཉུལ། མུ་འགོད། ༢

མདོ་ཁམས་གླིང་ཡུལ་ཞིབ་ཉུལ་མུ་འགོད།

རབ་བརྟན་དགེ་ལེགས་ཕུན་ཚོགས་ཀྱི་གསུང་རྩོམ།

མདོ་ཁམས་རྫོགས་ཆེན་གྱི་ཡུལ་ན་ཁྲ་མོ་གླིང་དང་འབྲེལ་བའི་རྗེས་ཤུལ་མང་དག་ཅིག་མཇལ་དུ་ཡོད་ཅིང་། ཁྱད་པར་སྔ་འགྱུར་རྙིང་མའི་གདན་ས་ཆེན་མོ་གྲུབ་དབང་རྫོགས་ཆེན་དགོན་ནི་གླིང་རྗེ་གེ་སར་རྒྱལ་པོ་དམངས་ཁྲོད་ཀྱི་རིག་གནས་ནས་དགོན་སྡེའི་རིག་གནས་སུ་བཅུག་པའི་དགོན་སྡེའི་ཐོག་མ་དེ་ཡིན་ཟེར་ན་ཆོག་ཚོད་འདུག་ཅིང་། གྲུབ་དབང་རྫོགས་ཆེན་དགོན་གྱི་འཕགས་ཆེན་དམ་པ་དུ་མས་བཞག་པའི་མཛད་རྗེས་ཀྱིས་གླིང་གེ་སར་གྱི་རིག་གནས་འདི་ཉིད་ལོ་རྒྱུས་འཕེལ་རྒྱས་ཀྱི་དཀྱོག་མཚམས་གསར་པ་ཞིག་ཏུ་བསྐྱལ་ཡོད་པ་སྟེ། རྫོགས་ཆེན་སྐུ་འཕྲེང་དང་པོ་པདྨ་རིག་འཛིན་ལ་དག་སྣང་དགོངས་གཏེར་དུ་བྱོན་པའི་སྟག་གཟིག་ནོར་འབྱེད་ནི་བོད་ཡུལ་དུ་ཆེས་གྲགས་པ་ཆེ་བའི་སྒྲུང་ཡིག་ཙམ་དུ་མ་ཟད། དད་རྟེན་གཡང་སྐྱབས་སུ་བཟུང་ནས་བོད་ཀྱི་ས་ཁུལ་མང་པོར་ཁྱིམ་གྱི་ཕུག་རྟེན་དུ་སྟག་གཟིག་ནོར་འབྱེད་ཀྱི་དཔེ་ཆ་རེ་མེད་ཐབས་མེད་པ་དང ་ལོ་རེ་བཞིན་རིམ་གྲོབཀླགས་པའི་སྲོལ་ཆགས་ཡོད། སྔར་དུས་དགོན་དེར་ནོར་འགྱེད་སོགས་གླིང་སྒྲུང་འགའ་ཞིག་གི་སྤར་ཡང་ཡོད་པ་དུས་འགྱུར་སྐབས་མེར་བསྲེགས་ནས་རྩ་རླག་ཏུ་གྱུར། རྫོགས་ཆེན་མཁན་ཆེན་པདྨ་བཛྲ་ལ་དགོངས་གཏེར་དུ་བབ་པའི་གངས་དཀར་ཤེལ་རྫོང་ཞེས་མངའ་རིས་གངས་དཀར་ཤེལ་རྫོང་དེ་ཉིད་གླིང་རྗེ་གེ་སར་རྒྱལ་པོས་ཇི་ལྟར་རྫོང་སྒོ་ཕབ་ཅིང་མངའ་འོག་ཏུ་བླངས་པའི་ཚུལ་དཔའ་བོ་གཡུལ་འགྱེད་ཀྱི་སྒྲུང་གཏམ་སྙན་འཇེབས་གསོན་ཉམས་ལྡན་པས་ཀུན་གྱི་ཡིད་དབང་འཕྲོག་པ་ཞིག་ཡོད་པ་དང་། རྡོ་རྗེ་རྐྱང་རྒོད་ཀྱི་རྔོག་དར་ལས་བཤུས་པ་བཅས་དགོངས་གཏེར་བབ་སྒྲུང་གི་ཚུལ་དུ་ཡོད། [སྒྲུང་དཔེ་འདི་སྟོང་ཟ་ར་སྐོར་གྱི་སྒྲུང་གཏེར་པདྨ་བཛྲ་གྱིས་ཕབ་པ་རེད་ཟེར་སྲོལ་ཡང་འདུག] གངས་རིའི་ཁྲོད་ཀྱི་སྨྲ་བའི་སེང་གེ་ཆེན་པོ་མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེ་མཆོག་གིས་རིག་པ་འགྱུར་མེད་ཡེ་ཤེས་ཀྱི་སྐྱེས་བུ་ཆེན་པོའི་བླ་མའི་རྣལ་འབྱོར་བྱིན་རླབས་མྱུར་འཇུག་དང་། ངོ་མཚར་རྟོགས་བརྗོད་བརྡ་གསང་ནོར་བུའི་མེ་ལོང་། ཧོར་འདུལ་གསོལ་འདེབས་དཔའ་བོའི་གད་རྒྱང་། གེ་སར་སྐྱེས་བུ་ཆེན་པོ་རྡོ་རྗེ་ཚེ་རྒྱལ་གྱི་བསྐང་གསོལ་འདོད་དགུ་མྱུར་འགྲུབ། ཝེར་མའི་གསོལ་ལོ་ཆེན་པོའི་བྲོ་ཡི་ལས་མཐའ་ཤིན་ཏུ་ཟབ་པ། གེ་སར་རྒྱལ་པོ་ལ་བརྟེན་ནས་ལྕག་ཚན་ཡིད་བཞིན་ནོར་བུ་སྒྲུབ་པ། གེ་སར་རྒྱལ་པོའི་གཡང་སྒྲུབ་ཡིད་བཞིན་ནོར་བུ་བསམ་འཕེལ། གེ་སར་རྒྱལ་པོའི་གཡང་འགུག་སྲིད་ཞིའི་དྭངས་བཅུད་སྡུད་པའི་ནོར་བུ། གེ་སར་གཏེར་བདག་ཝེར་མའི་བསྐང་བ་ནོར་བུ་རྒྱས་པའི་སྤྲིན་ཆེན། བསེ་རུ་འོད་ལྡན་དཀར་པོའི་ཟབ་གསང་སྙན་བརྒྱུད་ཤོག་དྲིལ་མ། སྣང་གསལ་ཝེར་མའི་བསང་མཆོད་ཀུན་གསལ་ནོར་བུའི་མེ་ལོང་། ཀླུང་རྟའི་གསོལ་བསྡུས་གཉིས། བོད་ཡུལ་སེང་ཆེན་རྒྱལ་པོ་ལ་བརྟེན་པའི་བསོད་ནམས་ཀླུང་རྟ་བསྐྱེད་པའི་ཆོ་ག་སྐལ་བཟང་སྙིང་གི་ཐིག་ལེ། སྣང་གསལ་པྲ་ཡི་དངོས་གྲུབ་སྐུལ་བ་ཆོས་ཀུན་རང་བྱུང་མ། རྡོ་རྗེའི་སེང་ཆེན་རྒྱལ་པོ་ལ་བརྟེན་པའི་རྟེན་འབྲེལ་ཀླུང་རྟ་བསྐྱེད་པའི་ཆོ་ག། མ་སང་དགྲ་གྲུབ། ཕུད་མཆོད་ཕྱྭ་གཡང་སྤྲིན་ཆེན། དགྲ་འདུལ་ནོར་བུའི་སྙིང་ཏིག །དགྲ་ལྷ་ལུས་གཞུག །གེ་སར་ནོར་བུའི་འཕྲིན་བཅོལ་རྡོ་རྗེའི་གད་རྒྱང་། དགྲ་ལྷའི་བ་དན་བཟོ་ཚུལ། གེ་སར་གསོལ་འདེབས། གེ་སར་རྒྱལ་པོའི་གསོལ་མཆོད་བསམ་དོན་མྱུར་འགྲུབ། གེ་སར་ནོར་སྒྲུབ་མན་ངག །གེ་སར་སྲོག་གི་འཁོར་ལོ། གསང་བ་ལྷ་མོ་སྒྲུབ་པ། གེ་སར་རྒྱལ་པོའི་དབང་སྡུད། ཝེར་མའི་ལྷ་བསང་རིང་མོ། དགྲ་བླའི་དཔའ་གླུ། གེ་སར་གསོལ་མཆོད་རང་སྣང་གནས་ཡུལ་མ། བདུད་རྩི་ཤིང་གི་མ སེང་ཆེན་གེ་སར་ནོར་བུའི་གསོལ་མཆོད་འཕྲིན་ལས་མྱུར་འགྲུབ། གེ་སར་རྡོ་རྗེ་ཚེའི་གཞུང་དང་མན་ངག་གི་སྐོར་བདུད་རྩིའི་བུམ་བཟང་། གཡང་སྒྱེ་དྲུབ་ལུགས། ཀླུང་རྟ་སྙན་པའི་བ་དན། གེ་སར་རྩ་གསུམ་ཀུན་འདུས་མ། འཛམ་གླིང་དུང་ཟླ་དཀར་པོ་འབུམ་པ་རྒྱ་ཚ་ཞལ་དཀར་གྱི་འཕྲིན་ལས་རྡོ་རྗེའི་རླུང་ཤུགས། རྒྱ་ཚ་སྐྱ་ཁྲ་ཁྲག་མཆོད། ༼འཇམ་མགོན་མི་ཕམ་པས་མཛད་པའི་རྒྱ་ཚའི་སྐྱ་ཁྲ་ཁྲག་མཆོད་ཅེས་སྦྱོར་བའི་དུས་སུ་གྲི་ཐོད་དང་། གྲི་ཁྲག །གྲི་རུས་རྩིབ་རུས་བཅས་གྲུབ་པར་བྱས་ནས། དངོས་གཞིའི་སྐབས་གྲི་ཐོད་བྱང་བདུད་ཀླུ་བཙན་རྒྱལ་པོའི་ཐོད་པ། གྲི་ཁྲག་ཧོར་གུར་དཀར་གྱི་སྙིང་ཁྲག །རྩིབ་རུས་ལྷོ་བདུད་ཤིང་ཁྲི་རྒྱལ་པོའི་རྩིབ་རུས་སུ་གསལ་བཏབ་སྟེ། རྒྱ་ཚ་ཁྲའི་རྣམ་པར་བསྐྱེད་དེ་སྤྱན་དྲངས་པ་ལ་ཧོར་གྱིས་གླིང་གི་ཇ་མཁར་བཤིགས་པ་དང་། འབྲུག་མོ་འཕྲོག་པ། རྒྱ་ཚ་བཀྲོངས་པ་སོགས་བརྗོད་དེ་དམོད་བཅོལ་སྐབས་གྲི་རུས་ཀྱིས་གྲི་ཁྲག་གི་མཆོད་པ་བྱས་པས་ཤིན་ཏུ་མྱུར་མགྱོགས་ཆེ་བ་དགྲ་བོ་ཞག་བདུན་ལས་མི་འགྱང་བ་འཆི་བར་འགྱུར་ངེས་པ་ཞིག་ཡོད་ཅེས་རྗེ་བླ་མས་གསུངས།༽ སྒ་བདེའི་གསོལ་བསྡུས་དགྲ་བགེགས་དཔུང་འཇོམས། གེ་སར་རྒྱལ་པོའི་གཡང་འབོད་ཕྱྭ་གཡང་འགུགས་པའི་ལྕགས་ཀྱུ་བཅས་གེ་སར་བླ་མ་ལྟར་བསྟེན་ཐབས། ཡི་དམ་ལྟར་བསྒྲུབ་ཐབས། ཆོས་སྐྱོང་ལྟར་མཆོད་ཐབས་སོགས་གེ་སར་དང་འབྲེལ་བའི་སྒྲུབ་སྐོར་མང་པོ་དང་། གཞན་ཡང་དག་སྣང་དུ་བབས་པའི་གླུ་བྲོ་སྒྱུ་མའི་རོལ་མོ་དང་། གླིང་བྲོ་བདེ་ཆེན་རོལ་མོ། ༼ཡང་མི་ཕམ་པས་མཛད་པའི་གླིང་བྲོ་ལས་བཞིའི་དབྱིབས་ཅན་གྱི་བྲོ་ར་ཁག་བཞི་བྱས་པ་ཕྱོགས་བཞིར་འཁོད་ནས་ལས་བཞིའི་མདངས་ལྡན་གྱི་ཆས་གོས་ཀྱིས་བཀླུབས་པའི་བྲོ་པ་རྣམས་ཀྱིས་སེང་ཆེན་འགྱིང་འགྲོས། གཡུ་འབྲུག་འཁྱུག་འགྲོས། ཁྱུང་ཆེན་ལྡིང་འགྲོས། སྟག་མོ་མཆོང་འགྲོས་བཅས་བཞིའི་ཚུལ་གྱིས་རྡོག་བྲོ་རྒྱག་པ་ཞིག་ཡོད་ཅེས་རྗེ་བླ་མས་གསུངས།༽ རྟེན་འབྲེལ་ལམ་ཡག་འཆམས་ལུགས། གེ་སར་མདའ་མོ་ཞེས་པ་བཅས་ཆོས་ཚན་ལྔ་བཅུ་ལ་ཉེ་བ་གསར་བརྩམས་མཛད་དེ་འཛམ་གླིང་གེ་སར་རྒྱལ་པོའི་འཕྲིན་ལས་ཀྱི་སྣང་བས་ཡོངས་སུ་ཁྱབ་པར་མཛད། རྫོགས་ཆེན་དཔལ་སྤྲུལ་རིན་པོ་ཆེ་ཨོ་རྒྱན་འཇིགས་མེད་ཆོས་ཀྱི་དབང་པོ་མཆོག་གིས་འཛམ་གླིང་སེང་ཆེན་རྒྱལ་པོའི་རྟོགས་བརྗོད་ལས་ཤན་འདན་སྟག་སེང་ཁ་སྤྲོད་ཅེས་པ། དཔའ་ཐུལ་ཆེན་པོ་སྟག་སེང་དང་འདྲ་བའི་དཔའ་སྙིང་དང་གཏམ་རྩལ་ཁ་སྒོ་བཅས་རྩལ་དུ་བཏོན་པའི་སྒྲུང་གཏམ་ཀུན་གྱི་ཡིད་དབང་འཕྲོག་པ་ཞིག་མཛད། རྫོགས་ཆེན་གྲུབ་དབང་ལྔ་པ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ནི་གླིང་གེ་སར་ལ་ཐུན་མོང་མ་ཡིན་པའི་དུང་བ་དང་དག་སྣང་ལྡན་པ་ཞིག་ཡིན་པས་གེ་སར་གྱི་བསང་དང་གསོལ་ཁའི་སྐོར་རྒྱས་པར་མཛད་ནས་རྫོགས་ཆེན་བླ་བྲང་དུ་གེ་སར་གྱི་མགོན་ཁང་དང་། རྫོགས་ཆེན་དགོན་དུ་གེ་སར་གྱི་ལྷ་ཁང་ཕྱི་ནང་རྟེན་དང་བརྟེན་པར་བཅས་པ་གསར་དུ་བཞེངས་ཤིང་། དུས་དེར་གླིང་གི་དཔའ་བརྟུལབརྒྱད་ཅུའི་སྐུ་བརྙན་རྡོ་ལ་བཞེངས་པ་འགའ་ཞིག་ད་ལྟ་ཡང་བཞུགས་ཡོད། ཁྱད་པར་ཁོང་གིས་དུས་ཡུན་རིང་མོ་ཉིད་ནས་གླིང་རྗེ་གེ་སར་རྒྱལ་པོ་འཁོར་ཚོགས་དཔའ་བརྟུལ་བརྒྱད་ཅུ་དང་བཅས་པའི་སྣང་བརྙན་ཇི་ལྟར་བཞེངས་པ་ལ་དོ་སྣང་ཆེན་པོ་ཡོད་པར། ནུབ་གཅིག་ཁོང་གི་གཟིམས་ལམ་དུ་གླིང་རྗེ་གེ་སར་རྒྱལ་པོ་སེང་ཆེན་ནོར་བུ་དགྲ་འདུལ་སྐུ་གཟི་བརྗིད་ལྟ་བས་ཆོག་མི་ཤེས་པ། འཁོར་གསུམ་དགྲ་དར་འཚུབས་སེ། འདོ་རྗེ་རྐྱང་རྒོད་འཕེལ་པོ་ལ་ཆིབས་པ། འཁོར་དུ་ཡབ་རྗེ་སེང་བློན་རྒྱལ་པོ། སྤྱི་དཔོན་རོང་ཚ་ཁྲ་རྒན་སོགས་ཕ་ཁུ་རྒན་པོའི་ཚོགས་དང་། འབུམ་པའི་རྒྱ་ཚ་ཞལ་དཀར། ཚ་ཞང་འདན་མ་བྱང་ཁྲ་སོགས་དཔའ་རྒོད་ཕུ་ནུའི་ཚོགས། གསེར་པའི་ཉི་འབུམ་དར་ཡག །འོམ་བུ་ཨ་ནུ་དཔའ་སེང་སོགས་གླིང་དཀར་དཔོན་པོའི་ཚོགས། སྣང་ཆུང་གཡུ་ཡི་མེ་ཏོག །བཅོ་ལྔའི་དཔའ་གསར་ཟླ་བ་སོགས་གཅེས་ཕྲུག་ཨ་ནུའི་ཚོགས། སྡིག་གཅོད་ཤན་པ་དམར་པོ། འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་སོགས་ཕྱི་གླིང་དཔའ་བོའི་ཚོགས། མ་ཡུམ་འགོག་བཟའ་ལྷ་མོ། སྐྱ་ལོའི་སེང་ལྕམ་འབྲུག་མོ་སོགས་མ་སྲུ་མོ་སྨན་གྱི་ཚོགས། ཕུ་བོ་དུང་ཁྱུང་དཀར་པོ། ནུ་བོ་ཀླུ་ཕྲུག་འོད་ཆུང་སོགས་གླིང་གི་ལྷ་སྲུང་གི་ཚོགས་སོགས་འཁོར་ཚོགས་དཔའ་བརྟུལ་བརྒྱད་ཅུ་དང་། དགྲ་ལྷའི་ཝེར་མ་བཅུ་གསུམ་བཅས་པས་རང་རང་གི་སྐུ་མདོག་རྣམ་འགྱུར། ཆ་ལུགས་རྒྱན་ཆས། ལག་ཏུ་ཐོགས་པའི་མཚོན་ཆ། འོག་ཏུ་ཞོན་པའི་འདོ་བ་སོགས་རེ་རེ་བཞིན་མ་འདྲེས་པ་ཤིན་ཏུ་གསལ་པོའི་གཟུགས་སྣང་བསྟན་པས་ཁོང་ཉིད་ཐུགས་ཤིན་ཏུ་དགྱེས་ནས་ཕྱི་ཉིན་ནས་བཟུང་བཅའ་བཟོ་མཁས་པ་དྲུང་དུ་བཀུག་སྟེ་ཁོང་གི་གཟིགས་སྣང་ཇི་བཞིན་བཅའ་བཟོ་བ་ལ་དཔའ་བརྟུལ་རེ་རེ་བཞིན་གདོང་གི་བྱད་དབྱིབས། ཉམས་དང་འགྱུར་བག་འདི་འདྲ་ཡོད་ཅེས་གསུངས་ནས་ཁོང་ཉིད་ཀྱིས་ཡི་རང་གི་དབུགས་དབྱུང་མ་གནང་བར་ཡང་ཡང་བཅའ་བཟོ་བྱས་ནས་དཔའ་བརྟུལ། ཕ་ཁུ། མ་སྲུ། གླིང་ལྷ་ཝེར་མ་བཅས་པའི་ཞལ་འབག་དང་། ཆས་གོས། ལག་ཆ། ཡོ་བྱད་རྣམས་ལེགས་པར་གྲུབ་པར་མཛད་ནས་ས་སྐྱོང་སྡེ་དགེ་ཆོས་རྒྱལ་ཆེན་པོའི་མདུན་བྲོ་དང་སྦྱར་བའི་འཁྲབ་སྟོན་ཞིག་མཛད་ཀྱང་དེ་ཙམ་ལེགས་པ་མ་བྱུང་བས། དེ་ནས་ཁྲོ་བོའི་རྩ་འཆམ་གྱིས་འགབས་པའི་གར་འཆམ་གྱིས་སྔ་འགྱུར་གྲུབ་དབང་རྫོགས་ཆེན་རུ་དམ་ཨོ་རྒྱན་བསམ་གཏན་ཆོས་གླིང་གི་མདུན་ཐང་དོ་ར་ཆེན་མོར་གར་འཆམ་རྒྱས་པར་མཛད། ཡང་དེའི་དགོངས་མོའི་གཟིམས་ལམ་དུ་མི་ཕོ་སྐུ་མདོག་སེར་པོ། ཤིན་ཏུ་སྟོབས་དང་ལྡན་པ། སོག་པོའི་ཆ་ལུགས་ཅན་གྱི་དཔའ་བོ་ཞིག་ཁོང་གི་དྲུང་དུ་ཡོང་ནས་མི་དགའ་བའི་རྣམ་འགྱུར་ཅི་རིགས་བསྟན་པས། ཁོང་གིས་ཁྱོད་སུ་ཡིན་ནམ་གསུངས་པས། ཁོ་ན་རེ། སྔོན་ཆད་གླིང་རྗེ་སེང་ཆེན་རྒྱལ་པོས་མཐའ་བཞིའི་རྒྱལ་ཁམས་དབང་དུ་བསྡུས། རྫོང་ཆེན་བཅོ་བརྒྱད་ཆམ་ལ་ཕབ། དཀར་པོ་ཆོས་ཀྱི་དབུ་འཕང་བསྟད ནག་པོ་བདུད་ཀྱི་བསྟན་པ་བསྣུབས། ཁྲ་མོ་གླིང་གི་རྒྱལ་ཁབ་དབུ་འཕང་དགུང་ལས་མཐོ་དུས། ངའི་མིང་ལ་སོག་གི་སྟག་དམར་སྟོབས་ཆེན་ཟེར་ཞིང་། གླིང་རྗེ་གེ་སར་རྒྱལ་པོ་དང་ཁྲ་མོ་གླིང་གི་རྒྱལ་ཁབ་ལ། ངས་དཔའ་རྒོད་སྟངས་མ་ཅི་ཙམ་བླངས། ཕྱོགས་ཀྱི་དགྲ་བོ་དེ་ཙམ་བཏུལ་ཡང་དེ་རིང་ཁྱེད་གླིང་ཕུ་ནུ་བརྒྱད་ཅུ་རྗེས་སུ་དྲན་པའི་འདུ་ར་ཁྲ་མོ་ལ་ང་རང་མ་བོས་པ་ཅི་ཡིན། སེམས་ཤིན་ཏུ་སྐྱོ་ཟེར་བས། གྲུབ་དབང་མཆོག་གིས་སང་ཉིན་ནས་ཁྱེད་ཀྱི་སྐུ་འབག་བཅའ་བཟོ་བྱེད་ནས་གླིང་དཀར་ཕུ་ནུའི་སྐུ་གྲལ་དུ་འཇོག་ངེས་ཡིན་གསུངས་པས་མི་སྣང་བར་གྱུར། ཕྱི་ཉིན་བཟོ་བོ་མཁས་པ་བོས་ནས་སོག་གི་རྟ་དམར་སྟོབས་ཆེན་ལུས་འདུག །སྐུ་མདོག་ཕྱག་མཚན་འདི་འདྲ་གདའ་གསུངཔ་ཇི་བཞིན་བཅའ་བཞེངས་བྱས་པ་བཅས་ཀྱི་གཏམ་རྒྱུད་ཡོད། འདི་ཡན་དུ་གླིང་གེ་སར་གྱི་ཟློས་གར་འཁྲབ་སྟོན་དུ་མཛད་པའི་ལུགས་སྲོལ་ཆེར་མ་བྱུང་བ་མངོན་ལ། རྫོགས་ཆེན་དགོན་དུ་གླིང་གེ་སར་གྱི་ཟློས་གར་གསར་གཏོད་གནང་བ་དེ་གེ་སར་ཟློས་གར་གྱི་ཐོག་མར་གྱུར་པས་དེ་དུས་བོད་ཡུལ་གང་དུའང་རིག་རྩལ་གྱི་འཁྲབ་སྟོན་ཆེས་དཀོན་པར་བརྟེན། དེ་དུས་སུ་གྲགས་པ་ཆེ་ཙམ་བྱུང་ཡོད་འདུག །དེ་སྐབས་ནས་བཟུང་བོད་ཁུལ་གྱི་དགོན་པ་མང་པོར་རྫོགས་ཆེན་དགོན་པའི་གེ་སར་གྱི་འབག་འཆམ་དར་བར་གྱུར་པ་དང་། ཕྱིས་སུ་གསེར་རྟ་ཟློས་གར་ཚོགས་པས་རྟ་རྒྱུགས་རྒྱལ་འཇོག་སོགས་གེ་སར་ཟློས་གར་འཁྲབ་སྟོན་དང་། གཞན་ཡང་གེ་སར་གློག་བརྙན་ཟློས་གར་ཡང་འཁྲབ་དང་འཁྲབ་མུས་སུ་ཡིན་པ་བཅས་གེ་སར་ཟློས་གར་གྱི་སྐོར་དར་རྒྱས་ཆེན་པོ་བྱུང་ཡོད་པ་ཤེས་གསལ་ལྟར་རོ། །རྫོགས་ཆེན་དགོན་པའི་གེ་སར་འབག་འཆམ་གྱི་མི་སྣའི་ངོ་སྤྲོད་ཞིབ་པ་རྫོགས་ཆེན་མཆོག་སྤྲུལ་པདྨ་སྐལ་བཟང་གིས་མཛད་པའི་འཛམ་གླིང་གེ་སར་རྒྱལ་པོ་དཔའ་བརྟུལ་ཕུ་ནུའི་འཁོར་ཚོགས་དགྲ་ལྷ་ཀླུང་རྟ་དང་བཅས་པའི་གར་འཆམ་གྱི་མཚམས་སྦྱོར་ཡིད་འཕྲོག་ནོར་བུའི་དོ་ཤལ་ཞེས་པར་གསལ་ལོ། །གཏེར་ཆེན་ལས་རབ་གླིང་པ་རྫོགས་ཆེན་དུ་ཕེབས་ནས་རྨ་རོང་དུ་བཞུགས་པའི་ཚེས་བཅུའི་ཚོགས་མཆོད་ཀྱི་དུས་སུ་གུ་རུ་སྣང་སྲིད་ཟིལ་གནོན་གྱི་ཞལ་མཇལ་ནས་ཐུགས་དབུས་སུ་ཐིམ་པའི་རྗེས་སུ་གེ་སར་རྒྱལ་པོ་གཙོ་འཁོར་རྣམས་ཡིན་དགོངས་པའི་རྟ་པ་ཞུབ་ཆེན་མང ་པོ་གཟིགས་པ་དང་། རྫོགས་ཆེན་བླ་བྲང ་དུ་གུ་དྲག་ཡེ་ཤེས་རབ་འབར་གྱི་བསྙེན་ཐུན་སྐབས་སྐྱེས་མཆོག་གེ་སར་རྒྱལ་པོའི་ཟབ་སྒྲུབ་དགྲ་ལས་རྣམ་རྒྱལ་དགོངས་པའི་དབྱིངས་སྒྲོམ་ནས་རྡོལ་ཏེ་སྐྱེས་བུ་དཔལ་གྱི་ལས་ཚོགས་བཅུ་གཅིག་པའི་དམིགས་རིམ་དག་ཕབ་མཛད། དེ་ནས་སྐུ་བསྭོ་ཐོག་གི་གནས་སུ་མཁའ་འགྲོའི་ཚོགས་མཆོད་ཕུ་ཚེ་གླིང་ཚང་པའི་ཕུག་གི་སྒོ་སྲུང་གེ་མཛོས་དངོས་གཟུགས་བསྟན་ནས། ཐ་ལ་ཡེ་ཨུ་པ་དཱེ་ཤའི་དབང་། །ལོ་མགོར་མི་འགྱར་ད་ལྟ་འདིར། །ཐ་ལ་ཡེ་དུས་བབ་མྱུར་ལེ་རེད། །མི་བཟང་དེ་གླིང་གི་རྗེ་དྲུང་རེད། །ས་བཟང་དེ་སྐྱིས་སོས་སུམ་མདོ་རེད། །ཅེས་ཟེར། དེ་རྗེས་གུ་རུའི་སྐུ་མཇལ་བ་ཉིད་ལ་ཐིམ་སོང་བས་གེ་སར་གྱི་དབང་གི་ཚིག་དོན་བཀྲ་ལམ་མེར་ཤར་ནས་གེ་སར་སྒྲུབ་པ་སྡེ་དགུའི་ལྷ་ཚོགས་དང་འབྲེལ་བའི་དབང་བསྐུར་འཕྲིན་ལས་རྒྱུན་འབྱུང་ཞེས་པ་དག་ཕབ་མཛད་ཚུལ་རྣམ་ཐར་ལས་འབྱུང་ངོ་། །སྨུག་པོ་སྡོང་གི་རིགས་ལས་འཁྲུངས་པའི་ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ་གྱིས་རིགས་གསུམ་པདྨའི་སྒྱུ་འཕྲུལ་སེང་ཆེན་ཡིད་བཞིན་ནོར་བུའི་གསོལ་མཆོད་དཔག་བསམ་ཡོངས་འདུའི་འཁྲི་ཤིང་དང་། འཛམ་གླིང་གེ་སར་རྒྱལ་པོ་བརྟེན་སྒྲུབ་མཆོད་པའི་ལས་རིམ་འདོད་འབྱུང་ནོར་བུའི་དགའ་ཚལ་ཞེས་པ་མཛད་ཡོད།

འཕྲོ་མུ་འགོད།

 

 

 

 

ཀློག་གྲངས།:[952]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com