སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི།བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་།དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར།དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས།བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་།དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ།ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ།གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད།འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས།གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་།གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ།གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ།མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་།ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན།དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ།།ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་ སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

གེ་སར་སྒྲུང་གཏེར་བ་ཨོ་རྒྱན་བསྟན་འཛིན་གྲགས་པ།

 

གེ་སར་སྒྲུང་གཏེར་བ་ཨོ་རྒྱན་བསྟན་འཛིན་གྲགས་པ།

གེ་སར་སྒྲུང་གཏེར་བ་ཨོ་རྒྱན་བསྟན་འཛིན་གྲགས་པ་ནི་སྤྱི་ལོ1968ལོའི་ཟླ10 བར་མགོ་ལོག་གཅིག་སྒྲིལ་རྫོང་གཉན་པོ་གཡུ་རྩེའི་ཉེ་འདབས་སུ་མགོ་སེར་ལག་པ་ཚང་གི་རུས་རྒྱུད་དུ་སྐྱེས། སྐུ་ན་གཞོན་པའི་སྐབས་སུ་སློབ་གྲྭའི་སྒོ་ཐེམ་རིམ་བསྒྲོད་མ་ཐུབ་ཅིང་ནང་ཆོས་དང་དམངས་ཁྲོད་རིག་གནས་ལ་བག་ཆགས་ཅུང་ཙམ་བཞག ། སྐབས་ཤིག་ནས་གླིང་དུས་ཀྱི་གླིང་དཔའ་ཐུལ་འབྲུ་སྲས་བྱང་རོང་བཙན་པོའི་སྐྱེ་རྒྱུད་དྲན་སྣང་སོགས་སྔོན་གྱི་བག་ཆགས་བཟང་པོ་སད་པས་གླིང་སྒྲུང་འབད་མེད་དུ་འབྲི་ཐུབ་པའི་སྐལ་བཟང་བྱུང་སྟེ་གླིང་སྒྲུང་ཁག་བརྒྱ་དང་བཅོ་བརྒྱད་ཀྱི་ཁ་བྱང་དང་བསྡུས་དོན་ཡིག་ཐོག་ཏུ་ཕབས། གླིང་སྒྲུང་སོགས་ཁོང་གི་གསུང་ཆོས་རྣམས་ཐོག་མར་བོད་བརྒྱུད་ནང་བསྟན་གྱི་མཐོ་རིམ་བླ་སྤྲུལ་བཅུ་ཕྲག་ལྷག་ལ་སྤྱན་བསྟར་ཕུལ་ནས་ཁོང་རྣམས་པས་གཏེར་སྟོན་དང་གཏེར་ཆོས་དག་མ་རེད་ཅེས་བཀའ་གནང་ཐོབ་ཚེ་གཟོད་དུས་དང་བསྟུན་ནས་གསང་རྒྱ་བཀྲོལ་བ་ནི་ཆོས་ཀྱི་ཕུ་ཐག་བླ་མའི་མདུན་ནས་བཅད་ཟེར་བ་དང་ཀུན་ནས་མཐུན།

གེ་སར་སྒྲུང་གཏེར་བ་ཨོ་རྒྱན་བསྟན་འཛིན་གྲགས་པས་ཨ་མདོ་བརྙན་འཕྲིན་གྱི་བཅར་འདྲི་དང་ལེན་བྱེད་པ།

ཁོང་གིས་བྲིས་པའི་གླིང་སྒྲུང་སོགས་ལ་རྒྱ་བོད་ཀྱི་གེ་སར་ཞིབ་འཇུག་པ་མང་པོས་གདེང་འཇོག་ཚད་མཐོན་པོ་གནང་ཡོད་པ་མ་ཟད། ལྷག་པར་དུ་གེ་སར་རིག་པའི་མཁས་དབང་ཆེན་མོ་ལྡོང་ནོར་སྡེ་སོགས་ཀྱིས་ཁོང་ཉིད་ལ་སྒྲུང་བའི་རིགས་ལས་གཏེར་སྒྲུང་པར་ངོས་འཛིན་གནངས་ཤིང་སྡོམ་ཚིག་བཀོད་ཡོད་པ་རེད། སྒྲུང་མཁན་ཁོང་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡོད་པ་ནི།ཁོང་གི་སྒྲུང་ཡིག་ཁྲོད་ནས་གླིང་སྒྲུང་དང་སྒྲུབ་སྐོར་སོགས་གསུང་པོད་མང་ཆེ་བ་གཏད་རྒྱ་ཐོབ་པའི་གཏེར་ཆོས་རྐྱང་རྐྱང་ཡིན་པ་དང་།གཞན་ཉུང་ཤེས་ཤིག་སྔོན་གནས་རྗེས་དྲན་གྱི་སྐོར་དང་། འགའ་ཞིག་དག་སྣང་གི་སྐོར། ལ་ལ་ཉམས་ཆོས་ཀྱི་སྐོར་དང་། དེ་མིན་དམངས་ཁྲོད་རིག་གནས་འཚོལ་སྡུད་བྱས་པའི་བརྩམས་ཆོས་རེ་ཟུང་ཡང་ཡོད། ད་ལྟ་ཁོང་གིས་འབྲི་ཐུབ་པའི་གླིང་སྒྲུང་ཁག་བརྒྱ་དང་བཅོ་བརྒྱད་ལས་སྒྲུང་ཚན་སུམ་ཅུ་ལྷག་ཡིག་ཐོག་དུ་རྒྱས་འགོད་བྱས་ཤིང་དེའི་ནང་གི་སྒྲུང་ཚན་ཉི་ཤུ་ཡས་མས་ཤིག་པར་བསྐྲུན་བྱས་ཏེ་སྤྱི་ཚོགས་སྟེང་འགྲེམ་སྤེལ་བྱས་ཡོད་པས་དམངས་ཁྲོད་ནས་དགའ་བསུ་རྒྱ་ཆེར་ཐོབ། མ་འོངས་པར་ཡང་ཁོང་རང་ཉིད་ཀྱིས་བྲི་ཐུབ་པའི་གླིང་སྒྲུང་ཁག་བརྒྱ་དང་བཅོ་བརྒྱད་པོ་བསྡུས་དོན་ལས་ཕར་རྒྱས་བཀྲོལ་དང་པར་བསྐྲུན་བྱེད་རྒྱུ་མ་ཟད། ས་གནས་ཀྱི་དམངས་ཁྲོད་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་རྒྱུན་སྐྱོང་གི་ཐད་ལ་སྔར་ལས་ལྷག་པའི་འབད་བརྩོན་བྱེད་འདུན་ཡོད་པའོ། །

ཆབ་འགག་ཇོ་རུའི་འཕྲིན་སྟེགས་ལས་བཤུས།

 

 

ཀློག་གྲངས།:[1673]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com