སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

སྒྲུང་རྙིང་སྐོར་ཕྱོགས་བསྡུས་ཀྱི་སྔོན་འགྲོའི་གཏམ།

                སྔོན་དུ་འགྲོ་བའི་གཏམ།

                 མི་བུ་ལྡོང་གི་རིགས་འཁྲུངས་དཔའ་རྩལ་ལྡན། །

                 མི་བསྲུན་བསྒྲལ་དང་འདྲེན་པའི་ཏིང་འཛིན་བརྙེས། །

                 མི་མཆོག་དག་པ་ལྷ་ཡི་དགོངས་སྤྱོད་ཅན། །

                 མི་རྗེ་གེ་སར་སྐྱེས་བུ་རྒྱལ་གྱུར་ཅིག །

དེ་ཡང་སློབ་དཔོན་པདྨའི་ཐུགས་སྲས་དང་། རིགས་གསུམ་སེམས་དཔའི་སྒྱུ་འཕྲུལ། འཛམ་གླིང་ན་སྐད་གྲགས་ཆེ་བའི་དཔའ་བོའི་མི་སྣགླིང་རྗེ་གེ་སར་རྒྱལ་པོ་མཆོག་ལ་ཕྱི་ནང་གསང་བ་ཡང་གསང་གི་རྣམ་པར་ཐར་བའི་སྒོ་མཐའ་ཡས་ན་ཡང་། ཐུན་མོང་ངམ་ཚུལ་མཐོང་གི་ངོར་བོད་སིལ་བུར་འཐོར་བའི་རྗེས་ཏེ། རབ་བྱུང་དང་པོའི་བགྲང་བྱ་བཅུ་གཉིས་པ་ས་ཕོ་སྟག་ལ་(འཁྲུངས་ལོ་ལ་བཞེད་ཚུལ་མི་འདྲ་བ་འགའ་མཆིས་ཀྱང་འདིར་བདུད་འཇོམས་ཆོས་འབྱུང་གི་ལུགས། ) མདོ་ཁམས་གླིང་ཡུལ་དུ་སྐུ་འཁྲུངས་པའི་མི་མཆོག །སྐྱེས་སྦྱང་གི་ཡོན་ཏན་བླ་ན་འཕགས་པའི་ལོ་རྒྱུས་མི་སྣ་རླབས་ཆེན་ཞིག་ཡིན་ལ། ཁོང་སྐུ་ན་ཆུང་བའི་དུས་དཀའ་སྤྱད་མང་པོ་བརྒྱུད་མཐར་གླིང་དཔའ་བརྟུལ་ཕུ་ནུ་ཚོགས་པའི་གཙོ་བོ་དང་གླིང་སྡེ་སྤྱིའི་དཔོན་པོར་གྱུར། རིམ་བཞིན་ཁོང་གིས་ཁོར་ཡུག་མང་ཚོགས་ཀྱི་བདེ་སྡུག་མི་སྙོམས་པའི་གནས་བབ་ལ་ཐུགས་ཁུར་ཆེན་པོ་མཛད་དེ། སྐབས་དེའི་སྤྱི་ཚོགས་བདེ་འཇགས་ལ་གནོད་སེམས་ཆེ་བའི་ཧོར་གུར་དཀར་སོགས་མི་བསྲུན་གདུག་རྩུབ་དང་སྒེར་གཅོད་ཅན་མང་པོ་དཔའ་ཕོ་རྩལ་གྱིས་ཆམ་ལ་ཕབ་ཏེ། ཧོར་ཤན་པ་དང་། འཇང་གཡུ་ལྷ། གཡུ་ཁྲི་གུང་སྔོན། མོན་དུང་སྐྱོང་སོགས་ལ་མཛའ་མཐུན་མནའ་འབྲེལ་བཙུགས་པའི་སྟོབས་ཤུགས་ལ་བརྟེན། ཁོར་ཡུག་གི་ཡུལ་ལུང་སྡེ་ཁག་མང་པོ་ཞི་བདེ་གཅིག་གྱུར་དང་རང་དབང་བདེ་འཇགས་ལ་བཀོད་ཚུལ་སོགས། སྐུ་ཚེའི་ནང་རྣམ་པ་གཡུལ་གྱི་ལས་དྲག་པོ་ཁོ་ན་ལྟ་བུའི་མཛད་པ་ཆེ་ཡང་། ངོ་བོའི་ཆ་ནས་གཞན་ཕན་དང་བྱམས་བརྩེ་ལས་མ་འདས་པ་ནི་བོད་མི་བྱིངས་ཀྱི་ངག་ན། ནངས་སྔ་དྲོ་གསོད་པའི་ཤན་པ་དང་། །དགོང་ཕྱི་དྲོ་འདྲེན་པའི་བླ་མ་ཡིན། །ཞེས་རླུང་ལྟར་གྲགས་ཡོད་པ་ནང་བཞིན། ཁོང་གིས་མཚན་ལྡན་དགེ་བའི་བཤེས་གཉེན་རླངས་གྲུབ་ཆེན་ཨ་མེས་བྱང་ཆུབ་འདྲེ་བཀོལ་མཆོག་རྩ་བའི་བླ་མར་བསྟེན་ཏེ། ཐུན་མིན་སྔགས་ཀྱི་རྣལ་འབྱོར་ལ་རྩེ་གཅིག་ཏུ་འབད་པ་བྱས་རྐྱེན་སྒྲུབ་པ་མཐར་ཕྱིན་ཏེ་བསད་གསོའི་བརྟུལ་ཞུགས་མངོན་དུ་གྱུར་བ་དང་། ལྷག་པར་རྒྱལ་བའི་དབང་པོ་ཨོ་རྒྱན་ཡབ་ཡུམ་ནས་བརྒྱུད་པའི་ཟབ་ལམ་རྫོགས་པ་ཆེན་པོའི་ལྟ་སྒོམ་སྤྱོད་གསུམ་ལ་བརྩོན་སྒྲུབ་ནན་ཏུ་མཛད་པའི་སྦྱང་འབྲས་ལ་བརྟེན། སྐུ་ཚེ་གཅིག་གི་ཡུན་ལ་རྣམ་གྲོལ་གདོད་མའི་མགོན་པོའི་གོ་འཕང་མངོན་ཏུ་མཛད་དེ། མཁའ་སྤྱོད་རྡོ་རྗེའི་གྲོང་དུ་འཇའ་ལུས་འཕོ་བ་ཆེན་པོའི་སྐུར་བཞེངས་ཤིང་། མཐའ་ཡས་པའི་འགྲོ་ཁམས་སྤྱིའི་ཁྱོན་ལ་ཐུགས་ཀུན་ཁྱབ་བརྩེ་ཆེན་ཡེ་ཤེས་ཀྱི་འཕྲིན་ལས། དུས་ཇི་སྲིད་ནམ་མཁའ་གནས་ཀྱི་བར་འཕོ་མེད་རྟག་ཁྱབ་ལྷུན་གྲུབ་ཏུ་འཇུག་པ་ལ་སྐད་ཅིག་ཀྱང་གཡེལ་བ་མེད་པར་གདུལ་བྱའི་ཞིང་གི་ཁྱོན་ལ་གང་འདུལ་དེར་སྟོན་དུ་འབྱུང་ཞིང་། རྨད་བྱུང་གསང་བ་གསུམ་གྱི་མཛད་པ་བསམ་གྱིས་མི་ཁྱབ་པ་མངའ་བའི་བདག་ཉིད་ཅན་ཡིན་པའི་རྒྱུ་མཚན་གྱིས། བོད་སྤྱི་ཚོགས་ཀྱི་སེམས་ནང་ལ་ཁོང་གི་རླབས་ཆེ་བའི་མཛད་རྗེས་ནི། མེས་པོ་གོང་མ་སུས་ཀྱང་འགྲན་དུ་མེད་པ་ཞིག་རེད་སྙམ་པའི་ངེས་ཤེས་གཏིང་ཚུགས་པ་ཆགས་ཏེ། གླིང་ཚང་གི་གདུང་རྒྱུད་ཕྱི་མ་དག་གིས་གཙོས་བོད་འབངས་སྤྱིའི་དཔྱོད་ལྡན་པ་རྣམས་ཀྱིས་ཁོང་གི་བཟང་སྤྱོད་གྲུབ་རྗེས་ལ་གཞིགས་ཏེ། མ་འོངས་པར་ཁོང་གི་མཛད་པ་རྣམ་ཐར་འཛམ་གླིང་ལ་ཁྱབ་པའི་རྟེན་འབྲེལ་ལམ་སྔོན་དཔག་དཔྱོད་ཤེས་ཀྱིས་འཛམ་གླིང་གེ་སར་རྒྱལ་པོ་ཞེས་པའི་མཚན་ཐོབ་དཔང་མཐོན་པོ་ཞིག་བསྩལ་བར་མ་ཟད། བན་བོན་གྲུབ་མཐའ་རིས་སུ་མ་ཆད་པའི་ཚད་མའི་སྐྱེས་བུ་མང་པོས་དད་མོས་ཀྱི་སེམས་ཁམས་རབ་ཏུ་བརྟན་པོས་སྐྱེས་བུ་ཁོང་བྱིན་རླབས་ཀྱི་རྩ་བ་བླ་མ་ལྟར་དུ་བསྟེན་ཐབས་དང་། དངོས་གྲུབ་ཀྱི་རྩ་བ་ཡི་དམ་དང་མཁའ་འགྲོ་ལྟར་དུ་བསྙེན་ཚུལ་གྱི་སྒྲུབ་ཐབས། འཕྲིན་ལས་ཀྱི་བྱེད་པོ་ཆོས་སྐྱོང་དང་དགྲ་བླ་ཝེར་མའི་ཚུལ་དུ་མཆོད་གསོལ་བསྟོད་སྐུལ་བྱེད་ཐབས་སོགས་སོ་སོའི་མོས་པ་དང་མཐུན་ཞིང་། བྱིན་རླབས་ཀྱི་ཚན་ཁ་འབར་བའི་ཆོས་སྒོ་མཐའ་ཡས་པ་དུས་རབས་མི་ཉུང་བ་ཞིག་གི་ཡུན་ལ་མཛད་པ་ད་ལྟ་དངོས་སུ་བཞུགས་ཡོད་པ་དང་། ལྷག་པར་དུ་བོད་དམངས་ཁྲོད་དུ་རྒྱུག་ཆེ་བའི་བཤད་རྒྱུན། སྟག་གི་མགོ་ལ་སྦྲུལ་གྱི་མཇུག་མ་ཅན་། །ཞེས་པ་ལྟ་བུ་འཁྲུངས་འདས་ཀྱི་ལོ་ཚིགས་ལ་སྡོམ་ཚིག་བཀོད་མྱོང་པའི་བཞེད་ཕྱོགས་དང་། དེ་ལས་ཀྱང་བོད་སིལ་འཐོར་རྗེས་ཀྱི་ལོ་རྒྱུས་ཆོས་འབྱུང་ཀུན་ཀྱི་ཕྱི་མོར་གྱུར་བ། རླངས་ཀྱི་པོ་ཏི་བསེ་རུ་ལྟ་བུའི་ཡིག་ཚང་རྙིང་བ་དག་གི་བཞེད་པ་རྣམས་ཕན་ཚུན་གོ་བསྡུར་ཏེ། གླིང་རྗེ་ཁོང་མདོ་ཁམས་གླིང་ཡུལ་དུ་སྟག་ལོར་སྐུ་འཁྲུངས་ནས་སྦྲུལ་ལོར་འདས་པའི་ལུགས་ཏེ། ཐུན་མོང་སྣང་ཚུལ་དུ་དགུང་ལོ་གྱ་བརྒྱད་དུ་བཞུགས་པའི་ལུགས་ལྟར་གྱི་དུས་མཉམ་མི་སྣའི་ལོ་རྒྱུས་ཁག་ལས་གསལ་བའི་དཔྱད་གཞི་སྟོབས་ལྡན་གྱི་རིགས་དང་། གཞན་གླིང་རྗེ་དམ་པའི་ཞལ་ཟིན་པའི་གླིང་ཚང་མི་རབས་ཀྱི་སྐལ་ལྡན་སྐྱེ་བོ་རྣམས་ནས་རིམ་པར་ངག་ནས་ངག་ཏུ་བརྒྱུད་པའི་གཏམ་ཁུངས་ལྡན་དག་གི་ས་བོན་དངོས་ལ་གཞི་བྱས་ཏེ། ཕྱིས་ཀྱི་ལོ་རྒྱུས་པ་དང་སྙན་ངག་པ་དག་གིས་བསྐྲུན་པའི་རྟོགས་བརྗོད་སྙན་རྩོམ་རིང་མོའི་རིགས་དང་། གཞན་དུ་སྣང་བ་དཔེ་རུ་ཤར་བའི་དག་སྣང་རྣལ་འབྱོར་བ་རྣམས་ཀྱི་དགོངས་ཉམས་ལས་ཐོན་པའི་གསང་བ་བསམ་མི་ཁྱབ་པའི་ཉམས་སྒྲུང་། གླིང་རྗེ་རྒྱལ་བློན་གྱི་སྐྱེ་མཐའ་ཡང་སྲིད་རྣམ་པས་སྔོན་གྱི་མཛད་པ་འཕྲིན་ལས་རྗེས་སུ་དྲན་པའི་རིམ་པ་བཀྲལ་བའི་སྒྲུང་། གང་ཟག་ཁྱད་པར་བ་དག་གི་རིག་ཁམས་ལ་སེང་ཆེན་དགྲ་བླ་ཝེར་མའི་ཡེ་ཤེས་ཀྱི་འཇུག་པ་ཐུན་མོང་མ་ཡིན་པ་ཞུགས་པའི་བབས་སྒྲུང་སོགས། མདོར་ན་དུས་རབས་མི་ཉུང་བ་ཞིག་གི་ཡུན་ལ། གླིང་རྗེ་གེ་སར་ལ་ཕྱི་ནང་གསང་གསུམ་གྱི་མཛད་པ་རྣམ་ཐར་བསམ་མི་ཁྱབ་པའི་སྒོ་མཐའ་ཡས་པ་ཞིག་བྱུང་བས། ད་ལྟ་བོད་ཀྱི་ལོ་རྒྱུས་སྙན་རྩོམ་རིང་མོ་ཞེས་འཛམ་གླིང་གི་གྲགས་ཆེན་ཟིན་ཐོ་ལས་བརྒལ་ཟིན་པ་ནི། བོད་སྔ་རབས་ཀྱི་གླིང་སྒྲུང་བ་དག་གི་བཀའ་དྲིན་བདག་རྐྱེན་དང་། ད་ལྟའི་གླིང་གེ་སར་གྱི་མཛད་པ་རྣམ་ཐར་རྒྱུན་འཛིན་པ་དག་གིས་བརྩོན་སྟོབས་ལས་བྱུང་བ་ཡིན་ལ། འཛམ་གླིང་མི་རིགས་ཀྱི་སྔོན་དུ་ངོ་གནོང་མི་དགོས་པའི་བྱས་རྗེས་རླབས་ཆེན་པོ་ཞིག་ཀྱང་ཅི་ལ་མིན།

འོན་ཀྱང་དུས་རབས་དང་དུས་རབས་ཀྱི་འགྱུར་བའི་ནང་མི་རིགས་ཤིག་གི་ཆབ་དཔལ་རིག་གསུམ་ལ་དར་རྒུད་སྣ་ཚོགས་ཤིག་བྱུང་བའི་གནས་བབ་དང་བསྟུན། གླིང་གེ་སར་གྱི་མཛད་པ་རྣམ་ཐར་རྒྱུད་འཛིན་དར་སྤེལ་གྱི་ལས་སྒོ་ལ་ཡང་། འགོག་རྐྱེན་ཉམས་རྒུད་ཅི་རིགས་པ་ཞིག་བྱུང་ཡོད་པ་ནི། དཔེར་ན་རིག་གནས་གསར་བརྗེ་ལས་འགུལ་ཁྲོད་ཀྱི་གླིང་སྒྲུང་གི་ལས་དབང་ལྟ་བུ་གཅིག་པུ་ལ་ཕྱིར་མིག་འཕངས་ན་ཡང་མངོན་གསལ་ཅན་ཡིན་པ་སོགས་ནི་ལོ་རྒྱུས་འཕེལ་འགྲིབ་ཀྱི་ཆོས་ཉིད་ཅིག་ཀྱང་ཡིན་སྲིད་པས་གཡོལ་ཐབས་མེད་པ་རེད་ཟེར་རྒྱུ་ལས་མ་བྱུང་ལ།

དེའི་ཕྱིས་རྒྱལ་ཡོངས་སུ་ཆོས་རིག་བསྐྱར་དར་གྱི་མགོ་འབུས་པ་ནས་བཟུང་། སླར་ཡང་ཞིང་ལྗོངས་སོ་སོའི་འབྲེལ་ཡོད་ལས་ཁུངས་དང་ཆེད་ལས་པས་གླིང་གེ་སར་གྱི་རྟོགས་བརྗོད་རྣམ་སྒྲུང་འཚོལ་བསྡུ་དང་འགྲེམ་སྤེལ་གྱི་མཐོ་རླབས་ཤིག་ཕྱོགས་ཡོངས་ནས་འཕྱུར་བར་བྱས་ཏེ། ད་ཆ་གླིང་གེ་སར་རྣམ་ཐར་རྟོགས་བརྗོད་མ་ཉམས་སྲུང་སྐྱོབ་དང་། ཉམས་པ་སླར་གསོ་སོགས་གླིང་གེ་སར་ཀྱི་སྐོར་ལ་དངོས་ཤུགས་བརྒྱུད་གསུམ་ནས་ཞིབ་འཇུག་གི་ལས་རིགས་སྣ་མང་པོ་ཅན་དང་། རྒྱ་ཆེན་པོ་ཅན་གྱི་ལམ་ཁར་འགྲོ་བཞིན་པའི་དུས་ཚོད་ཅིག་ལ་སླེབས་ཡོད་པ་ནི། གླིང་གེ་སར་གྱི་རུས་རྒྱུད་མི་རིགས་དང་ཡང་ན་ལས་རིགས་འདི་ལ་སྤྲོ་བའི་མི་སུ་ཞིག་ཡིན་ཡང་དགའ་འོས་པའི་གནས་དང་། སྤྲོ་སྣང་གིས་ཐལ་མོ་རྡེབ་པའི་ཡུལ་ཞིག་ཅི་ལ་མིན།

ཡིན་ན་ཡང་ཕྱོགས་གཞན་ཞིག་ནས་བལྟས་ན། གླིང་གེ་སར་གྱི་རྟོགས་བརྗོད་གཏམ་བརྒྱུད་རིང་མོའི་ཕྱོགས་ཡོངས་ན་ཡི་གེའི་དག་ཆ་དང་། ཕྱི་ཤོག་གི་མཛེས་བཟོ། སྒྲིག་རིམ་གྱི་སྤུས་ཚད་སོགས་ལ་མ་ལྟོས་པར། གླིང་གེ་སར་སྒྲུང་གི་རང་འགྲོས་རྣལ་མ་ལ་ཆབ་སྲིད་ཀྱི་བསམ་བློ་དང་། མི་སྒེར་ཁེ་ཕན་ཕུག་བཅུག་བསམ་སྤྱོད་ཀྱི་ལྷད་སྐྱོན་སོགས་མ་ཞུགས་པའི་གླིང་སྒྲུང་རང་རྐང་ཅན་གྱི་དུས་ནི་ཕལ་ཆེར་རིག་གནས་གསར་བརྗེ་ལས་འགུལ་གྱི་སྔོན་ནམ། དུས་རབས་ཉི་ཤུ་བའི་དཀྱིལ་ཡན་ཆོད་རེད་ཅེས་གླིང་སྒྲུང་ཞིབ་འཇུག་པ་བྱིངས་ཀྱིས་ངོས་འཛིན་སྟངས་གཅིག་གྱུར་ཡིན་པ་ནང་བཞིན། ད་ཐེངས་འདིར་ཡང་ཕ་ཡུལ་ཁམས་ཡུལ་ཤུལ་ཕྱོགས་ནས་ཡིན་ཞིང་། གླིང་གེ་སར་སྐྱེས་བུའི་སྒྲུང་གི་བསྟན་པར་ཐུགས་བློ་རབ་ཏུ་དཀར་བར་མ་ཟད། ལས་རིགས་འདི་ལ་ཕྱག་རྗེས་བླ་ན་མཐོ་བའི་སྐུ་ཞབས་རྣམ་གྲགས་ལགས་ཀྱིས། སྐུ་ཚེགས་འོ་བརྒྱལ་ལ་མ་འཛེམས་པར་དཀའ་བ་དང་ལེན་གྱིས་ཁམས་སྟོད་སྨད་དང་། བོད་ཀྱི་ནང་བསྟན་དཔེ་ཚོགས་ཁང་སོགས་རྒྱལ་ཕྱི་ནང་ཀུན་ནས་བསྡུས་པའི་གླིང་སྒྲུང་དཔེ་རྙིང་ལག་བྲིས་མའི་བསྐྱར་དཔེ། རྟ་རྒྱུག་ནོར་བུ་ཆ་བདུན་དང་རྟ་རྒྱུག་གི་དཔེ་མི་འདྲ་བ་གཉིས། རྨ་ཤེལ་བྲག་གི་གཏེར་རྫོང་། ཧོར་གླིང་གཡུལ་འགྱེད་དཔའ་བོའི་སྙིང་གི་དགའ་སྟོན་སོགས་ཧོར་གླིང་མི་འདྲ་བ་གསུམ། བྱང་བདུད་དང་ཧོར་འདུལ་བའི་ལེའུ་བསྡུས་པ། འཇང་གླིང་གཡུལ་འགྱེད་ལེའུ་ཆུ་ནག་གཉེར་མ་ཞེས་པ། ལྷོ་ཤིང་ཁྲི་བཏུལ་བའི་ལོ་རྒྱུས་རྣམ་རྒྱལ་ནོར་བུའི་ཕྲེང་བ་སོགས་མོན་གླིང་མི་འདྲ་བ་གསུམ། སྟག་གཟིག་ནོར་རྫོང་དཔེ་མི་འདྲ་བ་གཉིས། སོག་སྟོད་རྟ་རྫོང་། ཨ་གྲགས་གཟི་རྫོང་། སྒང་གླིང་གི་སྨད་ཆ་བྱང་བྱེ་རིའི་བྱུར་རྫོང་། གོ་ར་ཚྭ་རྫོང་། ཞང་ཞུང་མུ་ཏིག་རྫོང་། ཁ་ཆེའི་གཡུ་རྫོང་། གྲུ་གུ་གོ་རྫོང་ཁ་འཐོར། དྲུ་གླིང་གཡུལ་འགྱེད་རིགས་མི་འདྲ་བ་ཁ་འཐོར། རྒྱ་གླིང་གི་ལེའུ་དང་རྒྱ་གླིང་མི་འདྲ་བ་གཉིས། མཚོ་མི་ནུབ་དར་རྫོང་གི་སྟོད་ཆ་རྩི་རོང་ལུག་རྫོང་། དབུས་འཆི་བདག་ཆམ་ལ་ཕབ་པའི་ལོ་རྒྱུས་ཐོས་གྲོལ་ཆེན་མོ། དམྱལ་བའི་ལེའུ། དམྱལ་གླིང་རྫོགས་ཆེན། འཛམ་གླིང་གེ་སར་གྱི་རྟོགས་བརྗོད་ཅེས་པ་སྟེ། སྒྲུང་སྣ་མི་འདྲ་བ་ཉེར་དགུ་བསྡུས་ཏེ། ཡུལ་ཤུལ་ས་གནས་གཙོ་བོ་ཡིན་པའི་བོད་ཁུལ་ཡོངས་ཀྱི་གླིང་སྒྲུང་ལག་བྲིས་མའི་རིགས་བསྐྱར་བསྡུའི་ལས་རིགས་ལ་སྣེ་ཁྲིད་དང་། གླིང་གེ་སར་སྒྲུང་ཞིབ་འཇུག་ལ་དཔྱད་གཞིའི་རྒྱུ་ཆར་དམིགས་ནས་སི་ཁྲོན་ཞིང་ཆེན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་ནས་པར་དུ་འདེབས་རྩིས་བྱེད་པ་མཐོང་བྱུང་བ་དང་ལྷན། ཕྲན་ཆུང་གི་ཡིད་སེམས་རབ་ཏུ་དགའ་སྟེ། རང་ཉིད་ཀྱིས་སྔོན་ཞིག་ནས་སྒྲུང་གི་དཔེ་རྙིང་པར་བསྐྲུན་བྱས་ཟིན་མང་པོའི་ཁྲོད་ནས་སྒྲུང་རྙིང་འགའ་ཞིག་གི་མཆོད་བརྗོད་དང་གསལ་བཤད། མཇུག་གཏམ་མཛད་བྱང་སོགས་ཀྱི་ཐད་ནས་ནང་དོན་གལ་ཆེན་རང་བཞིན་ཅན་མང་པོ་ཆད་བོར་དུ་གྱུར་པ་ཅི་རིགས་མཐོང་བར་མ་ཟད། ཐ་ན་གནའ་བོའི་སྒྲུང་རྙིང་ལ་ཤས་ཀྱི་མཛད་བྱང་དུ་མཛད་པ་པོའི་མཚན་གྱི་ཚབ་ཏུ་དེང་སྐབས་ཀྱི་རྩོམ་སྒྲིག་པའི་མིང་བཀོད་དེ་གནའ་བོའི་སྒྲུང་རྙིང་གི་ཐོབ་ཐང་དང་། སྒྲུང་ཕབ་མཁན་ནམ་རྩོམ་པ་པོའི་བདག་དབང་ཉམས་བཞིན་པ་ཡང་མི་ཉུང་བ་མཐོང་བས་ཞེ་བློ་མ་བདེ་སྟེ། བོད་ཁུལ་གྱི་སྒྲུང་རྙིང་ལག་བྲིས་སྐོར་འཚོལ་བསྡུ་ཞིག་ནུས་ན་ཅི་མ་རུང་སྙམ་ནས་ཡུན་རིང་ཡིད་ལ་བརྣགས་པ་ཡིན་ལ། རྗེས་སུ་བོད་ལྗོངས་དཔལ་བརྩེགས་བོད་ཡིག་དཔེ་རྙིང་ཞིབ་འཇུག་ཁང་གི་མཐུན་རྐྱེན་དང་རམ་འདེགས་འོག་ནས་བོད་མདོ་དབུས་ཁམས་གསུམ་གྱི་རོང་འབྲོག་ས་ཁུལ་སོ་སོའི་མི་སྒེར་དང་དུད་ཁྱིམ་གྱི་དད་རྟེན་དང་མེས་པོས་ཤུལ་བཞག་རྩ་ཆེན་རིན་ཐང་ལྟ་ཚུལ་གྱིས་རིག་གསར་དུས་རླུང་གི་ཁར་ཡང་མ་ཤོར་བར་ཉར་ཚགས་དང་། དོ་དམ་ནན་མོ་བྱས་ཡོད་པའི་སྒྲུང་དཔེ་ལག་བྲིས་རྙིང་རུལ་མཐོང་ཚད་བཤེར་འབེབ་དང་འདྲ་པར་དུ་བཏབ། གཞན་ཕྱི་ནང་གི་དཔེ་མཛོད་ཁང་ཁ་ཤས་ནས་ལག་ཏུ་སོན་ཚད། ༼གླིང་སྒྲུང་ཕྱོགས་བསྡུས་ཨ་དཀར་འཕྲུལ་མཛོད་༽ཅེས་པའི་དཔེ་སྒྲོམ་དུ་བསྡུས་ཏེ། ད་ཐེངས་དེའི་ཁྲོད་ནས་དཔེ་ཆ་རྙེད་ཁུངས་སོགས་འབྲེལ་ཡོད་མི་སྣས་འགྲེམ་སྤེལ་ཆོག་པའི་བདག་དབང་གནང་ཡོད་རིགས་དང་། དཔེ་གཟུགས་སྣ་རིང་ཤིང་པར་རེ་འགའ་དང་གཞན་ལག་བྲིས་མ་ཁོ་ན་ཡིན་པའི་སྐོར་ནས། ལྷ་གླིང་གབ་ཙེ་དགུ་སྐོར་ཤིང་པར་མ། འཁྲུངས་གླིང་དང་རྨ་ས་བཟུང་ཤིང་པར་དང་དེའི་པར་ཚ་ལག་བྲིས་མ་སྟེ་དཔེ་གཉིས། འཁྲུངས་གླིང་ནོར་བུའི་དགའ་ཚལ་དཔེ་དཀོན། འདན་མའི་ནས་རྫོང་ལག་བྲིས་དཔེ་དཀོན། རྟ་རྒྱུག ཕུ་ནུའི་རྟ་རྒྱལ་དཔའ་བོའི་དགའ་སྟོན་དཔེ་དཀོན། ཧོར་འདུལ་འཛམ་གླིང་དགའ་སྟོན། ཧོར་གུར་དམར་འདུལ་བའི་སྐོར་དཔེ་དཀོན། ཤན་འདན་ནང་འཁྲུགས་དཔེ་མི་འདྲ་བ་དཔེ་དཀོན། འཛམ་གླིང་གསེར་རྫོང་དཔེ་དཀོན། སྟག་གཟིག་ནོར་རྫོང་། ཏཱ་ཟིག་ནོར་རྫོང་དཔེ་དཀོན། བྲག་དམར་ཁྱུང་རྫོང་དཔེ་དཀོན། རུག་ཡུལ་དངུལ་རྫོང་དཔེ་དཀོན། སྟག་གཟིག་ནོར་འགྱེད་ཤིང་པར་དང་ལག་བྲིས་དཔེ་སྣ་གཉིས། སོག་སྨད་ཁྲབ་རྫོང་། སོག་ལྷུ་ཁྲིའི་རྟ་རྫོང་། སོག་ལྷུ་ཁྲིའི་རྟ་རྫོང་མི་འདྲ་བ་དཔེ་དཀོན། མངའ་རིའི་གངས་དཀར་ཤེལ་རྫོང་། གྲུ་གླིང་གཡུལ་འཁྲུགས་ཀྱི་སྟོད་ཆ་མི་འདྲ་བ། རྩི་རོང་ལུག་རྫོང་འགྲོ་སྣང་དབང་སྡུད་དཔེ་དཀོན ཨུ་ཡན་དངུལ་རྫོང་། མེ་རུ་ཐོག་རྫོང་(གླིང་ཚང་རྒྱལ་ཁྱིམ་གྱི་རྟེན་གྲས།) ཀོང་ཐེའུ་རང་གི་ར་རྫོང་། མུ་སྟེགས་ཁྲབ་རྫོང་དཔེ་དཀོན། རྒྱ་གར་མུ་སྟེགས་ཆམ་ལ་ཕབ་པའི་སྐོར་དཔེ་དཀོན། འབྲུ་གཡང་གི་སྐོར་དཔེ་དཀོན། རྒྱ་ནག་བཤོལ་རྟ་ཞེས་པའི་རྟོགས་བརྗོད་དཔེ་དཀོན། བདུད་རྩིའི་སྨན་རྫོང་དཔེ་དཀོན། གེ་སར་རྟོགས་བརྗོད་འཆི་མེད་ལྷ་ཡི་རྔ་སྒྲ། ཁྲ་མོ་གླིང་གི་སྐྱོ་བསང་ངམ་རྟ་ཡང་རྒྱུག་གི་མཚར་གླུ། ཆོས་སྒྲུང་ཉི་མའི་ཤིང་རྟའམ་བྲོ་མགུར་དཀར་མོ་རྒྱང་གྲགས། (འདི་སྟོང་ཟ་བླ་མ་ཉི་འབུམ་པདྨ་བཛྲ་གྱི་གསུང་ཡོངས་ཁྱབ་ཅིག་ཡིན་མོད། ༡༩༩༣ ལོར་མཚོ་སྔོན་ནས་པར་སྐྲུན་བྱས་པ་དེའི་ཁ་བྱང་ལ། གླིང་གི་བྲོ་ར་ཡིད་འཕྲོག་པད་དཀར་ཕྲེང་མཛེས་ཞེས་ཁ་བྱང་འགྱུ ར་འདུག་པ་ལྟ་བུ་མང་།) གླིང་སྐྱེས་བུའི་ཆོས་སྒྲུང་སིལ་མ། སེམས་ཉིད་ཆོས་རྫོང་ཕབ་མཁན་གྱི་ཕྱག་བྲིས་མ་སོགས་དུས་རབས་ཉེར་གཅིག་པའི་སྔོན་དུ་ཕབ་པའི་སྒྲུང་སྣ་སུམ་ཅུ་སོ་དྲུགབཏོན་ཏེ། སྐུ་ཞབས་རྣམ་གྲགས་ལགས་ཀྱིས་བསྡུས་པའི་ལག་བྲིས་བསྐྱར་དཔེ་དག་གི་ཁར་བསྣན་ཅིང་། ཁྱོན་ཤིང་པར་དང་ལག་བྲིས་སོགས་མ་ཕྱི་མི་འདྲ་བའི་སྒྲུང་སྣ་དྲུག་ཅུ་ལྷག་གི་བསྐྱར་དཔེ་དག ། གླིང་སྒྲུང་སྤྱིའི་འགྲོས་ལྟར་དུ་གོ་རིམ་ཡང་ཕྱོགས་ཙམ་བསྒྲིགས་(འདིར་འཁོད་ཀྱི་སྒྲུང་དཔེ་ཕལ་ཆེ་བ་ཁ་འཐོར་དུ་གྱུར་བ་དང་། ཡང་ན་ཤོག་གྲངས་ཆད་ལྷག་སོགས་ཀྱི་སྐྱོན་མང་ན་ཡང་ཆེད་དུ་ཞིབ་འཇུག་གི་རྒྱུ་ཆར་སོར་བཞག་གིས་བཀོད་པ་ཡིན། )ཏེ། ཁྱོན་པོ་ཏི་ལྔ་བཅུ་་བདུན་གྱི་བདག་ཉིད་ཅན་གྱི་པོད་ཕྲེང་དུ་པར་བ་མ་ཟདད་དུང་མུ་མཐུད་དུ་ལག་བྲིས་རྙིང་བའི་རིགས་འཚོལ་བསྡུ་བྱས་ཏེ་པར་རྩིས་ཀྱང་ཡིན།

འདི་ནི་གཅིག་གླིང་གེ་སར་གྱི་སྒྲུང་རྙིང་རྣམས་ཀྱི་བསྟན་པ་ཉམས་ཟིན་ལ་ཉེ་བའི་སྐོར་གྱི་དཔེ་རྒྱུན་སྲུང་སྐྱོབ་ཉར་ཚགས་ཀྱི་ཆེད་ཡིན་པ་རྩ་བའི་དམིགས་ཡུལ་དང་། གཉིས་བོད་ཁུལ་གྱི་གླིང་སྒྲུང་ལ་དོ་སྣང་དང་ཞིབ་འཇུག་མཛད་མཁན་ཚོར་དཔྱད་གཞིའི་རྒྱུ་ཆ་རུ་དམིགས་ཏེ། མ་ཕྱི་ལག་བྲིས་དང་ཤིང་པར་མ་སོགས་ཀྱི་དཔེ་ཇི་མ་ཇི་བཞིན་དུ་བསྐྱར་པར་བཤེར་འབེབས་སོགས་བྱས་ནས་པར་ཡོད། སྤྱིར་དཔེ་འདི་དག་ནི་ཕལ་ཆེར་དམངས་ཁྲོད་དང་དེ་ལས་ཀྱང་དུས་རབས་ཉི་ཤུ་བའི་སྔོན་གྱི་བོད་རོང་འབྲོག་མང་ཚོགས་ཏེ་རི་ཁ་ལུང་ཁུག་ནས་འཚོ་བ་རོལ་མཁན། ཡི་གེ་འབྲི་ཀློག་གི་ཆུ་ཚད་ཧ་ཅང་དམའ་རིགས་ཀྱིས་དཔེ་བཤུས་པ་དང་། ཉར་ཚགས་སྦེད་སྐོང་སོགས་ཀྱི་བརྒྱུད་རིམ་ཁྲོད་ནས་དུས་རབས་བརྒལ་ཏེ་ཐོན་པ་མང་ཤས་ཆེ་ཕྱིར། ཡི་གེ་ཐོབ་ཐང་ནོར་བ་ཅུང་ཚབས་ཆེ་ཞིང་ས་ཆ་ཡུལ་ལུང་མི་འདྲ་བའི་ཡུལ་སྐད་ཀྱིས་ལྷད་པ་ཡང་ཧ་ཅང་མང་བ་དང་། ལྷག་པར་དུ་དུས་རབས་ནས་དུས་རབས་བར་གྱི་འཕོ་འགྱུར་རབ་དང་རིམ་པ་བརྒྱུད་ནས་འོང་བའི་ཆ་ནས་དཔེ་ཆ་འགའ་ཞིག་ལ་རུལ་སྐྱོན་དང་། ཁ་འཐོར་དུ་གྱུར་བ་མང་བས་དབུ་མཇུག་སོགས་ཁ་མི་ཚང་བའི་གནད་དོན་ཧ་ཅང་མང་ན་ཡང་། འདི་ནས་ཡི་གེའི་ཐོབ་ཐང་ནོར་བཅོས་དང་། ཁ་མ་ཚང་བའི་རིགས་ལ་ཁ་སྐོང་སྣོན་འཕྲི་བྱེད་ཁུལ་སོགས་མ་བབ་པའི་ལས་ལ་ལག་པ་རྩ་བ་ཉིད་ནས་མ་བསྲིངས་པར་ཐད་ཀར་དཔེ་ཇི་བཞིན་དུ་བཀོད་ཡོད། འདི་ལྟར་རང་སོར་འཇོག་དགོས་པའི་རྒྱུ་མཚན་དང་དམིགས་ཡུལ་ཡང་། དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་རིག་གནས་བསྐྱར་དར་གྱི་དུས་དང་བསྟུན་ཞིང་ལྗོངས་ལྔའི་ས་གནས་སོ་སོ་ནས་ཚ་ཚ་འུར་འུར་གྱིས་གླིང་སྒྲུང་དག་སྒྲིག་དང་འགྲེམ་སྤེལ་ལ་བརྩོན་ལེན་བྱས་པའི་བརྒྱུད་རིམ་ཁྲོད། ལག་བསྟར་རྩོམ་སྒྲིག་པ་དག་གིས་གླིང་སྒྲུང་གི་རྩ་བའི་མ་ཡིག་བུ་ཡིག་བར་གྱི་ཡི་གེའི་དག་བཅོས་ཀྱི་ཐད་དང་ཚིག་སྐྱོན་བསྒྱུར་བཅོས་བྱས་པ། ལེའུ་དང་ས་བཅད་བགོས་ཏེ་བསྐྱར་བསྒྲིགས་བྱས་རིམ་ལ་ལེགས་པའི་ཆ་ག་ཙམ་ཐོན་ཡོད་པ་དང་། ཉེས་པའི་ཆ་ག་ཙམ་ཤོར་ཡོད་མེད་ལ་བསྡུར་བ་བྱེད་ས་དང་། ཁྱད་པར་དུ་རྩ་བའི་མ་ཕྱི་དག་ནི་མི་རིགས་རང་གི་རིག་གཞུང་གི་འགྲོས་ལྟར་ཕབ་འབྲི་བྱས་ཡོད་པ་ཤ་སྟག་ཡིན་པའི་ངོས་ནས། ཉེ་ཆར་དཔེ་སྐྲུན་བྱས་ཟིན་པ་དག་གི་ཁ་བྱང་དང་། མཆོད་བརྗོད་མཛད་བྱང་སོགས་ཀྱི་ཐད་དུ་ཆད་འཕྲི་བཅད་གསུམ་བྱུང་ཡོད་མེད། དེ་བཞིན་དུ་སྒྲིག་པ་པོ་དག་གིས་རང་སྣང་གང་ཤར་རམ་ཡང་ན་སྒྲིག་འཛུགས་དབང་བཙན་གྱིས་བཟོ་བཅོས་བྱས་ཏེ། མ་ཕྱི་རྩོམ་པ་པོ་དག་གི་ཁེ་དབང་ལ་རྩིས་མེད་དང་མི་འོས་པའི་ལས་ཀ་ཤོར་ཡོད་མེད། སྒྲུང་གསར་རྙིང་གི་བརྡ་དང་ཐ་སྙད་བར་གྱི་འགྱུར་བ་སོགས། མདོར་ན་གླིང་སྒྲུང་གི་འཕེལ་རིམ་ལ་ཕྱོགས་མང་པོ་ཞིག་ནས་ཕྱིར་ལྟས་དང་ཞིབ་བསྡུར་གྱི་རྒྱུ་ཆར་བསྐྲུན་པ་ཡིན་པས། ད་ནས་བཟུང་ང་ཚོ་གླིང་སྒྲུང་ཞིབ་འཇུག་པ་དང་གླིང་སྒྲུང་གི་ལས་ཀ་གཉེར་མཁན་ཡོངས་ཀྱིས་དཔུང་པ་མཉམ་གཤིབ་ཀྱིས་ཡ་སྔོན་འཐུས་ཚང་མིན་པ་དཔེར་ན། གླིང་སྒྲུང་རྙིང་ཤོས་དག་དུས་རབས་ནམ་ཞིག་ལ་སྒྲུང་བ་སུ་ཞིག་གིས་བྲིས་ཕབ་མཛད་པ་རེད་ཅེས་དྲི་བ་བཏང་ཡོང་སྐབས། ཞིབ་འཇུག་པ་དང་ཆེད་ལས་པ་ཁ་ཤས་ཀྱིས་གླིང་སྒྲུང་ནི་བོད་སྤྱི་ཚོགས་ཐུན་མོང་གི་བློ་གྲོས་ཀྱི་རྩལ་ལས་ཐོན་པ་ཡིན་པས། འདི་ལ་རྩོམ་པ་པོ་ཡོད་པ་མ་རེད་ཟེར་བའི་མགོ་བདེ་དྲན་འཕྲུལ་གྱི་སྐད་ཆ་གཡོལ་བདེ་ཙམ་རེ་ལས། དོན་ལ་གནས་པའི་ལན་གྱིས་སྟོངས་ཀྱིན་འདུག་པ་ལྟ་བུའི་གནད་འགག་གི་རིགས་ལ། ང་ཚོས་རིན་བྲལ་ནོར་བུའི་གཏེར་མཛོད་ལྟ་བུའི་སྒྲུང་རྙིང་རྩ་ཆེན་འདི་དག་ལ་རྒྱུས་ལོན་དང་ཞིབ་བསྡུར་ནན་མོ་བྱས་ཏེ། སྔོན་གྱི་སྒྲུང་རྙིང་དག་གི་རྩ་ཟིན་དང་ཡང་ན་རྒྱས་འབྲི་མཛད་མཁན་རྣམས་དུས་རབས་ནམ་ཞིག་དང་ཡུལ་ལུང་གང་ཞིག་གི་ཡིན་པར་ཞིབ་འཇུག་འཐུས་ཚང་གིས་ལན་ཡག་པོ་འདེབས་ཐུབ་པའི་ཕྱོགས་ལ་གོམ་གང་མདུན་སྤོས་བྱེད་རྒྱུ་ནི། གླིང་གེ་སར་སྐོར་གྱི་ལས་རིགས་གཉེར་མཁན་ཡོངས་ཀྱི་ཕྲག་ལ་བབས་པའི་འོས་འགན་དུ་ཤེས་པའི་རང་རྟོག་སད་རྒྱུ་ནི་གལ་ཆེན་གྱི་སྙིང་པོ་ཞིག་རེད་ཅེས་ཞུ་བཞིན་ཡོད།

དེ་ལས་ཀྱང་གལ་ཆེ་བའི་གསལ་འདེབས་བྱེད་རྒྱུ་ཞིག་ལ་དཔེ་རྙིང་འདི་རིགས་ཀྱིས་མཚོན་བོད་ཁུལ་ཡོངས་སུ་ད་དུང་གླིང་སྒྲུང་གི་དཔེ་རྙིང་ཇི་སྙེད་ཅིག་འཚོལ་བསྔོག་བྱེད་རྒྱུ་ཡོད་སྲིད་པས། རྗེས་མར་གླིང་གེ་སར་ཆེད་ལས་པ་འམ་ཡང་ན་ལས་རིགས་འདི་ལ་ལག་རྐྱོང་མཁན་དག་གིས་གླིང་སྒྲུང་དག་སྒྲིག་གི་ལས་ཀ་གཉེར་ན། སྒྲུང་ཚན་རྙིང་རིགས་གང་ཡིན་གྱི་ཁ་བྱང་དང་། མཆོད་བརྗོད་མཛད་བྱང་སོགས་གང་འདོད་དུ་བཅད་གཏུབ་བྱེད་པ་དང་། དེ་བཞིན་དུ་ཡི་གེའི་དག་བཅོས་དང་ས་བཅད་བགོ་བ་སོགས་ཀྱི་ཐད་ནས་ཀྱང་དག་སྒྲིག་པ་ཞིག་གི་འོས་འགན་ལས་བརྒལ་ཏེ། སྒྲུང་རྙིང་གི་མ་ཕྱི་དག་ལ་སྒེར་གཅོད་ཀྱིས་འཕྲི་སྣོན་བཅད་གསུམ་དང་། ཐ་ན་མཛད་པ་པོའི་མཚན་གསལ་མིན་གྱི་ཐད་ནས་གསལ་བཤད་ཙམ་ཡང་མེད་པར་རྩོམ་སྒྲིག་པ་བྱེད་མཁན་རང་གི་མིང་འཛེམ་ཟོན་མེད་པར་བཀོད་དེ་རྩོམ་གྱི་ཁེ་དབང་རྐུ་ཐབས་ལ་འཇབ་པའི་ངན་ལོབ་ཀྱི་ཕྱོགས་སུ་ཐུགས་གཟབ་གནང་རོགས་མ་གཏོགས། ང་ཚོས་ལོ་ངོ་མི་ཉུང་བ་ཞིག་གི་ཡུན་ལ་བོད་ཁུལ་ཡོངས་ཀྱི་སྒྲུང་རྙིང་ལག་ཏུ་སོན་ཚད་ཉར་ཚགས་བྱས་དང་བྱེད་བཞིན་ཡོད་པས། ང་ཚོས་མེས་པོ་གོང་མ་དག་གི་ཚབ་བྱས་ཏེ་རྩོམ་གྱི་ཁེ་དབང་དང་། རྩོམ་པ་པོའི་བདག་དབང་ལ་སྲུང་སྐྱོབ་ནན་མོ་བྱས་ཏེ། རིག་གཞུང་རྙིང་བའི་ཐོབ་ཐང་ལ་རྩིས་མེད་དང་། སྔོན་རབས་ཀྱི་རྩོམ་པ་པོ་དག་གི་ཁེ་དབང་ལ་རྡོག་རོལ་བྱེད་མཁན་བྱུང་ན། མཐའ་གཅིག་ཏུ་འཁྲུལ་སེལ་ཐེར་འདོན་བྱེད་རྒྱུ་ཡིན་པས་ཀུན་ཀྱིས་དོ་ཁུར་དང་རྒྱབ་སྐྱོར་ཡོད་པའི་རེ་འདུན་ཟབ་མོ་ཡོད།

དེ་མིན་ད་ཐེངས་འདིར་<<གླིང་གེ་སར་གྱི་སྒྲུང་རྙིང་ཕྱོགས་བསྡུས་རིན་བྲལ་ནོར་བུའི་ཕྲེང་བ་>>འདི་ཉིད་དུ་བོད་ཀྱི་ནང་བསྟན་དཔེ་ཚོགས་སོགས་ནས་སྒྲུང་དཔེ་བསྡུ་རུབ་ཀྱི་ཕྱག་ལས་དང་། པོད་ཕྲེང་འདི་པར་སྐྲུན་གྱི་ཐད་ལ་སྣེ་ཁྲིད་དེ་མཐུན་སྦྱོར་གནང་མཁན་སྐུ་ཞབས་རྣམ་གྲགས་ལགས་དང་། གཞན་དུ་ཕྲན་གྱིས་གླིང་སྒྲུང་དཔེ་རྙིང་འཚོལ་སྡུད་ཀྱི་ཐད་ལ་རྣམ་རྒྱུན་ཁ་འཛིན་སྡོངས་གྲོགས་མཛད་མཁན་གྱི་གྲོགས་ཀརྨ་བདེ་ལེགས་མཆོག་དང་། སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་གི་དབུ་འཛིན་ཁྲོཾ་ལྗོངས་མཁན་པོ་འཇམ་བློའི་གཙོས་ལས་གྲོགས་རོགས་འདེགས་གནང་མཁན་རྣམས་ལ་སྙིང་ནས་ཐུགས་རྗེ་ཆེ་དང་བཀའ་དྲིན་ཆེ་ཞུ་བ་ཡིན་ནོ། ཞེས་གླིང་གེ་སར་སྐྱེས་བུ་དང་འབྲེལ་བའི་ཆོས་སྡེ་སྒྲུབ་སྐོར་དང་། རྣམ་ཐར་རྟོགས་བརྗོད་ཀྱི་རིགས་བསྡུ་སྤེལ་ལ་ལས་སྨོན་མི་དམན་པར་རློམ་པའི་སྨིན་དབུས་ཨ་དཀར་པོས་བོད་རབ་བྱུང་༡༧པའི་དབང་ཆེན་མེ་སྤྲེལ་གྱི་ལོ་སྟེ། སྤྱི་ལོ༢༠༡༦ལོའི་ཟླ༣པར་སི་ཁྲོན་བོད་ཡིག་དཔེ་རྙིང་བསྡུ་སྒྲིག་ཁང་ནས་བྲིས།

ཀློག་གྲངས།:[3912]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com