སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

སྒྲུང་རྟ་རྙིང་བའི་སྐོར་ལས་ལྷོ་འབྲུག་པདྨ་ལྷ་སྒྲོན་གྱི་ངག་རྟ།

   སྒྲུང་ངག་རྙིང་བའི་སྐོར་ལས་ལྷོ་འབྲུག་

       པདྨ་ལྷ་སྒྲོན་གྱི་སྒྲུང་རྟ། 

དུས་རབས་ཀྱི་འགྱུར་བའི་དབང་གིས་ཕྱི་སྣོད་དང་། ནང་བཅུད་ཀྱི་འགྲོ་བ་མིའི་རིགས་ཀྱི་མི་གཤིས་དང་དད་མོས། རིག་གནས། ཡུལ་སྲོལ་གོམས་གཤིས་དང་སེམས་ཁམས་སོགས་གང་ཅི་ལ་ཡང་འགྱུར་བ་འགྲོ་བཞིན་པའི་སྐབས་འདིར། ང་ཚོ་བོད་ཀྱི་དཔའ་བོའི་མི་སྣ་གྲགས་ཅན་གླིང་རྗེ་གེ་སར་རྒྱལ་པོ་མཆོག་ལ་དོན་དངོས་ལོ་རྒྱུས་ལས་འཕྲོས་པའི་བྱུང་བརྗོད་རྩོམ་རིག་སམ། བསྟོད་སྒྲུང་རྟོགས་བརྗོད་རིང་མོའི་གྲུབ་སྟངས་ནི་བཅད་ལྷུག་སྤེལ་མ་ཡིན་པར་མ་ཟད། ལོ་རྒྱུས་སྟེང་ཆེས་རིང་བའི་བཅད་ལྷུག་སྤེལ་མའི་རྩོམ་རིག་ཞེས་ད་ལྟ་འཛམ་གླིང་གྲགས་ཅན་ཟིན་ཐོ་ལས་བརྒལ་བཞིན་པ་ཀུན་གྱིས་མཁྱེན་གསལ་ཡིན་ལ། དེ་ལྟ་བུའི་རྟོགས་བརྗོད་རིང་མོ་འདི་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་མུ་ནས་མུ་རུ་སྤྱི་ཚོགས་ཁྲོད་འཕེལ་རིམ་བྱུང་སྟངས་ཀྱི་མ་ལག་གཙོ་བོ་ཞིག་ནི། སྒྲུང་རྟ་གྱེར་ལེན་བྱེད་པ་དེ་ཡིན་ལ། མེས་པོ་དག་གི་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་ངག་རྩལ་དང་དབྱངས་ཀྱི་འགྱུར་ཁུག་གི་སྒྲ་མཛོད་ལྟ་བུར་གྱུར་བའི་རིག་ཚན་དེ་ཡང་། བོད་ཡུལ་ཆེན་པོའི་སྨད་མདོ་ཁམས་གླིང་གསུམ་དང་། བར་དབུས་གཙང་། སྟོད་མངའ་རིས་ལ་དྭགས། གཞན་ལྷོ་མོན་འབྲུག་པའི་ཡུལ་སོགས་སུ་དར་ཁྱབ་བྱུང་ཞིང་། གྱེར་ལེན་གྱི་འཕེལ་རིམ་དེ་ལ་ཡང་གླིང་ཚང་མི་རབས་ཀྱི་ཡུལ་སྲོལ་ངག་རྩལ་ལས་བརྒྱུད་དེ་ཡོང་བའི་རིགས་དང་། མེས་པོ་བློ་རིག་ཅན་ཚོས་བརྩམས་པའི་དབྱངས་རྟ་སྙན་མོ་དང་། ད་ལྟ་ཚན་རིག་གིས་ཀྱང་ཐག་གཅོད་ར་བ་ལས་ཤོར་བའི་ཆོས་ཉིད་བསམ་འདས་ཀྱི་ཡུལ་གྱུར་བབས་སྒྲུང་པ་དང་། ཉམས་སྒྲུང་མཁན་རང་རང་ལ་གླིང་གི་མི་སྣ་གྲགས་ཆེན་སོ་སོའི་གླུ་ངག་གི་དབྱངས་འགྲོས་ཐུན་མོང་མ་ཡིན་པ་རེ་རྩོལ་མེད་ལྷུན་གྲུབ་ཏུ་བབས་པའི་སྒྲུང་རྟ་དང་། ཡང་དམ་པའི་སྐྱེས་ཆེན་འགའ་ཞིག་གིས་དག་གཟིགས་དང་། དགོངས་གཏེར་ལས་གླིང་རྗེ་རྒྱལ་བློན་དཔའ་བརྟུལ་མ་སྲི་དྭངས་སྨན་རྣམ་པའི་གླུ་ངག་གི་དབྱངས་རྟ། བླ་བྱ། ལས་རྟ་ཅང་ཤེས། བླ་མདའ། གཞན་གླིང་སྡེ་ལས་གཞན་པའི་ཧོར་དང་མོན་འཇང་གི་མི་སྣ་གཙོ་འགྲས་ཀྱི་སྐད་ཀྱི་གདངས་དང་གླུ་ངག་གི་དབྱངས་རྟ་རྣམས་རེ་རེ་བཞིན་འདི་དང་འདི་ཞེས་ངོས་འཛིན་སྟངས་རེ་དང་ཕན་ཚུན་མ་འདྲེས་པ་རེ་གྱེར་བའི་ལུགས་སྲོལ་ཡོད་པ། དཔེར་ན་ལོ་བརྒྱ་ཕྲག་གི་སྔོན་ནས་བྱུང་བའི་ངག་རྒྱུན་ཅན་དང་ལྷག་པར་བོད་ཀྱི་སྒྲུང་གཏེར་ཉི་མ་རང་ཤར་ལྟ་བུའི་སྐྱེས་ཆེན་བསམ་འདས་མང་པོའི་ཞལ་སྒོ་དང་དགོངས་ཉམས་ལས་བརྒྱུད་དེ་བྱུང་བའི་བློན་འདན་མའི་ཐ་ལ་དྲུག་འགྱུར་གྱི་དབྱངས་རྟ་སྙན་ཞིང་འཇེབས་པའི་བདག་ཉིད་ཅན་གྱེར་མཁན་སྨོས་ཅི་དགོས་ཏེ། ཐོས་མཁན་གང་ཟག་གི་རྒྱུད་ལ་ཡང་མོས་གུས་དང་ངེས་འབྱུང་སོགས་ཐར་བའི་ས་བོན་སྐྲུན་ཐུབ་པའི་རྟེན་འབྲེལ་ཅན་དུ་གྲགས་པ།༼ཨ་རི་ལོ་༽ཞེས་པའི་དབྱངས་རྟ་ལྟ་བུས་མཚོན། སྒྲུང་ངག་གི་དབྱངས་རྟ་ཐོས་ན་རྣ་དབང་འཕྲོག་པ། བསམ་ན་བྱིན་རླབས་ཀྱི་ཚན་ཁ་ཆེ་ཞིང་། དེང་སྐབས་མེས་པོའི་ཤུལ་བཞག་གི་སྒྱུ་རྩལ་ལམ་གཟུགས་འདས་རིག་གནས་ཞེས་བསྙད་པ་དེའི་ཁོངས་སུ་རྟོགས་པའི་བྱ་དངོས་རྙིང་བའི་རིན་ཐང་ཆེས་མཐོ་བ་མང་པོ་དུས་རབས་ནས་དུས་རབས་ལ་མེས་པོ་དག་གིས་རྡོ་ལག་བརྒྱུད་ཀྱི་ཚུལ་དུ་མཁོ་སྤྲོད་དང་འཕེལ་རྒྱས་ཀྱི་ལམ་ཁ་དེད་དེ་དུས་རབས་ཉེར་གཅིག་པ་འདིར་གཏུགས་པ་ཡིན་མོད། ད་ལྟ་ནི་དུས་དང་འཚམ་པའི་བྱ་ངོས་མང་པོ་གསར་དར་གྱི་ཁ་གཏད་ནས་གླིང་གེ་སར་རྒྱལ་པོའི་རྟོགས་བརྗོད་སྒྲུང་གླུའི་དབྱངས་རྟ་རྙིང་བའི་རིགས་མང་པོ་ཞིག་གཞི་ནས་ཉམས་པ་དང་། ཐར་ཐོར་གནས་ཡོད་པ་དག་ཀྱང་འགྱུར་བའི་ལམ་ཁར་ཤོར་བཞིན་པའི་གནས་བབས་ཤིག་ལ་ཐུག་བཞིན་ཡོད་པ་མངོན་གསལ་ཡིན་པས། གླིང་གེ་སར་གྱི་རྟོགས་བརྗོད་ཀྱི་གནས་ཚད་དང་འཕེལ་རིམ་ལ་ཆེད་དུ་སེམས་ཁུར་བྱེད་མཁན་ཞིག་ཡིན་ན་བློ་ཚབ་པའི་གནས་ཤིག་ཏུ་གྱུར་འདུག ། དེར་རྟེན་མདོ་ཁམས་ཡར་མར་གྱི་རྒས་སོང་དག་གི་ངག་ལམ་ནས་སྒྲུང་རྟ་རྙིང་བ། དེང་སྐབས་སུ་དར་ཁྱབ་ཆེ་བའི་ཕྱི་ནང་གི་གཞས་རྟ་འདྲ་མིན་དང་། བློ་བཟོ་བཅད་གཏུབ་སྣ་ཚོགས་ཀྱི་ལྷད་མ་ཞུགས་པ་རེ་ཨེ་ཐོས་དང་། ཉར་ཚགས་རེ་ཨེ་ཐུབ་ལ་འབད་རྒྱུ་ནི་མ་བསྐུལ་ཕྲག་ཏུ་བབས་པའི་འོས་འགན་ཞིག་རེད་སྙམ་ཡོད་པ་ནང་བཞིན།

ཉེ་བའི་ཆར་གླིང་གེ་སར་རིག་གནས་སྐོར་ལ་ལྷག་བསམ་ཆེ་བའི་ན་གཞོན་དྲྭ་མིང་ལ་གླིང་མུན་སེལ་ཞུ་བ་ལགས་གྱིས་གཉེར་བའི་གེ་སར་ཞིབ་འཇུག་ཅེས་ཚོགས་མི་བརྒྱ་ཕྲག་ལྷག་གིས་གྲུབ་པའི་འཕྲིན་ཕྲན་གླེང་ཚོམས་ནས་གླིང་གེ་སར་སྒྲུང་ངག་རྙིང་བ་བསྔོག་འདོན་ལ་ཁ་གཏད་པའི་འགྲན་ཚོགས་ཤིག་ ༢༠༡༦ ལོའི་ཟླ་༤བའི་ཚེས་༡༠ཉིན་གྱི་དགོང་མོ་ནས་ཉིན་གསུམ་རིང་བསྡུས་སོང་། སྐབས་དེའི་འགྲན་ཞུགས་ལ་བོད་མདོ་དབུས་ཁམས་གསུམ་གྱི་སྒྲུང་བ་སྒྲུང་མ་གཙོ་བོ་དང་། གཞན་དཔལ་ལྡན་འབྲུག་པའི་འགྲན་ཞུགས་པ་སོགས་འདུས་པའི་མི་གྲངས་ལྔ་བཅུ་ལྷག་ཅིག་གིས་སྒྲུང་ངག་སྣ་ཚོགས་གྱེར་ལེན་འགྲན་བསྡུར་ཟབ་རྒྱས་ངང་བྱས། དེའི་ཁྲོད་ནས་སྒྲུང་རྟ་རྙིང་ཤོས་ཀྱི་ཨང་དང་པོའི་གཟེངས་རྟགས་ལེན་མཁན་ནི། འབྲུག་བུམ་ཐང་ཕྱོགས་ནས་ཡིན་པའི་སྒྲུང་མ་ལྷོ་འབྲུག་པདྨ་ལྷ་སྒྲོན་ཞེས་དགུང་ལོ་དྲུག་ཅུ་ལ་ཉེ་བ་ཅན་ཞིག་རེད། སྐུ་ཞབས་མ་པདྨ་ལྷ་སྒྲོན་ལགས་ནི། དཔལ་ལྡན་འབྲུག་པའི་རྒྱལ་ཁབ་ཅེས་འདས་པའི་ལོ་རྒྱུས་སྟེང་བོད་མདོ་ཁམས་གླིང་གསུམ་ནང་བཞིན་གླིང་གེ་སར་སྐྱེས་བུ་ལ་དགའ་དད་མོས་གསུམ་ཆེ་བ་དང་། འཛམ་གླིང་སྟེང་གླིང་གེ་སར་སྒྲུང་དཔེ་རྙིང་བ་ཉར་ཚགས་བྱས་པ་མང་ཤོས་དང་། གླིང་སྒྲུང་དར་སྤེལ་ལྟེ་གནས་ཀྱི་རྩེ་གྲས་སུ་གྱུར་ཅིང་། རྒྱལ་ཁོངས་སུ་གླིང་གེ་སར་གྱི་བཀའ་བློན་མོན་དུང་སྐྱོང་སྟག་ལྷ་ཁྲི་དཀར་གྱི་རྗེས་ཤུལ་དང་རུས་རྒྱུད་ཚོ་བ་ད་ལྟའི་བར་དངོས་སུ་ཡོད་ཚུལ་ལོ་རྒྱུས་ཁྲོད་ཡོངས་ཁྱབ་ཡིན་པ་ལྟ་བུ། ཤུགས་རྐྱེན་རབས་དང་རིམ་པའི་འོག་གླིང་སྒྲུང་བཤད་གྱེར་གྱི་སྲོལ་རྒྱུན་མ་ཉམས་པར་གནས་པའི་ཁོར་ཡུག་ནས་འཚར་ལོངས་བྱུང་བའི་དབང་གིས་སྐུ་ན་ཆུང་བའི་དུས་ནས་གླིང་གེ་སར་སྒྲུང་གི་སྐོར་ལ་དགའ་ཕྱོགས་ཟབ་མཁན་ཞིག་ཡིན་ཚུལ། སྐུ་ཞབས་ཁོང་སྐུ་དངོས་ཀྱིས་གེ་སར་འཕྲིན་ཚོགས་ནས་སྒྲུང་ངག་འགྲན་ཞུགས་མཛད་སྐབས་ཚོགས་ཆེན་ནང་སྐུར་འོང་བའི་སྙན་ཞུའི་ཡི་གེ་བཅོས་ལྷད་མེད་པར་དངོས་བཀོད་གཤམ་གསལ། ༼ འདིར་བཞུགས་ཚོགས་མི་ཡོངས་ལ་བཀྲ་ཤིས་བདེ་ལེགས་དང་ཐུགས་བསམ་ལྷུན་གྱིས་འགྲུབ་པའི་སྨོན་འདུན་ཞུ། གུས་མོ་རང་ནི་སྐྱེ་ཡུལ་བུམ་ཐང་ལུང་པ་ཡིན། མིང་ལ་པདྨ་ལྷ་སྒྲོན་ཟེར། ད་ལྟ་མོ་ལོ་ ༥༩ ཡིན། སྔོན་རང་ལོ་༢༠ ཡས་མས་སུ་གཏེར་སྟོན་རྡོ་རྗེ་གླིང་པའི་གདུང་འཛིན་སྟང་ཨོ་རྒྱན་ཆོས་གླིང་གི་སྐུ་ངོས་དྲག་ཤོས་ཨོ་རྒྱན་དབང་འདུས་དང་། ཀུན་མཁྱེན་ཀློང་ཆེན་པའི་སྲས་བརྒྱུད་འཁྲུལ་མེད་མཁས་དབང་དྲག་ཤོས་ཤིང་མཁར་བླ་མ་སོགས་ཀྱིས་གེ་སར་གྱི་སྒྲུང་གསུངས་སྐབས་ཐོས་འཇགས་དང་བསླབས་ཤེས་སུ་གྱུར་པའི་གནའ་བོའི་སྒྲུང་ངག་དག་ལ་ཐུན་མིན་གྱི་དངས་འདོད་དང་སྤྲོ་བ་ཞིག་ངང་གིས་འཕེལ། དུས་ཕྱིས་རང་ལོ་༣༤ནས་ ༣༦ བར་དུ་འབྲུག་གི་གེ་སར་ཟློས་གར་འཁྲབ་ཆུང་ནང་དང་། རྒྱལ་གཞུང་རྒྱང་བསྒྲག་འཕྲུལ་ཁང་སོགས་སུ་སྒྲུང་གླུས་ཞབས་ཏོག་ཞུ་ཁུལ་བྱས། ད་སྐབས་ངག་རྟ་ ༡༣ ཙམ་ཞིག་མ་བརྗེད་པར་ཡོད་པ་རྣམས། དེ་རིང་ང་རང་གི་རྩ་བའི་བླ་མ་སྟང་རིན་པོ་ཆེ་ཡབ་ཡུམ་གྱི་བཀའ་ལྟར་ཕུལ་རྒྱུའི་སྐལ་བ་བཟང་པོ་བྱུང་། ཡིན་ན་ཡང་ཡུན་རིང་པོར་མ་བླངས་པ་དང་ན་ཚོད་རྒས་པའི་དབང་གིས་ཁྱེད་རྣམ་པའི་ཐུགས་རེ་བསྒྲུབ་ཐུབ་མིན་མི་ཤེས་པས་གསེར་སྙན་དུ་འཛེར་བར་གྱུར་ན་ཐོག་མ་ནས་དགོངས་དག་ཞུ་རྒྱུ་ཡིན། ༽ ཞེས་སྐུ་དངོས་ནས་གསལ་བཤད་གནང་བ་ལྟར་། སྐུ་ཞབས་སྒྲུང་མ་པདྨ་ལྷ་སྒྲོན་ཁོང་སྤྱི་ལོ་༡༩༥༧ ལ་འབྲུག་བུམ་ཐང་གི་སྟེང་ཞེས་པའི་གྲོང་དུ་སྤྲུལ་བའི་གཏེར་ཆེན་རྡོ་རྗེ་གླིང་བ་མཆོག་དང་གདུང་རུས་གཅིག་པར་སྐྱེས་པ་དང་། འཚར་ལོངས་ཁྲོད་སྲོལ་རྒྱུན་སྒྲུང་རྟ་རྙིང་བའི་ཁུངས་ལྡན་དྲག་ཤོས་སྟེང་ཨོ་རྒྱན་དབང་འདུས་དང་། མཁས་དབང་དྲག་ཤོས་ཤིང་མཁར་བླ་མ་ཞུ་བ་སོགས་ཀྱི་མཁྲིས་སུ་གཅར་ཏེ་སྒྲུང་རྟ་རྙིང་བ་ལ་ཉམས་རྒྱུས་རྒྱུད་རིམ་ལྡན་པའི་སྒོ་ནས་ཡུན་རིང་ལ་སྒྲུང་ངག་གྱེར་བཤད་ཀྱི་བྱ་བར་ཟབ་ཞུགས་བྱས་པ་དོན་དངོས་དང་། ཁོང་ཉིད་དགུང་ལོ་བགྲེས་གྲས་སུ་སོན་ཕྱིར། ཁོང་གི་ཐུགས་སུ་བཞུགས་པའི་སྒྲུང་རྟ་རྣམས་ནི་དེང་གི་དབྱངས་རྟ་འདྲ་མིན་དང་། གསར་བཅོས་བློ་བཟོ་སོགས་ཀྱི་ལྷད་མ་འདྲེས་པའི་སྲོལ་རྒྱུན་གྱི་སྒྲུང་ངག་ཁུངས་ལྡན་ཡིན་མིན་ལ་ཐེ་ཚོམ་མི་དགོས་པར་མ་ཟད། ཁོང་གིས་ངོ་སྤྲོད་མཛད་པའི་གླིང་ལྷ་མི་དག་གི་སྒྲུང་ངག་བཅུ་གཅིག་དང་། གཞན་གླིང་གེ་སར་སྐྱེས་བུའི་ཞབས་བྲོ་ཁག་གཉིས་ཀྱི་མཚན་བགྲང་སྟངས། དེ་བཞིན་དུ་ཁོང་གིས་གྱེར་བའི་དབྱངས་ཀྱི་འདེགས་འཇོག་དང་སྙན་ཞིང་འཇེབས་པའི་འགྱུར་ཁུགས་སོགས་ལ་དཔྱད་ཞིབ་རྒྱུས་ལོན་གྱི་རིན་ཐང་བླ་ན་མེད་པར་ཞིག་ཡོད་འདུག་སྙམ་ནས། ཁོང་སྐུ་དངོས་ལ་འབྲེལ་བཅར་དགོངས་སྐོར་བཅས་ཁོང་གིས་འགྲན་ཞུགས་སྐབས་བླངས་པའི་དབྱངས་རྟ་རྣམས་རེ་རེ་བཞིན་གོ་རིམ་མ་ནོར་བར་བྱས་ཏེ་སྒྲ་ཕབ་ཉར་ཚགས་དང་། སྒྲུང་ངག་རྣམས་ཀྱི་མིང་འབོད་སྟངས་ཀྱང་ལས་རིགས་འདི་ལ་སྤྲོ་སྣང་དང་དོན་གཉེར་མཁན་ཚོར་དཔྱད་གཞིའི་དགོས་མཁོ་ཡོད་པར་མཐོང་ནས་ངོ་སྤྲོད་བྱས་ཁུལ་གཤམ་གསལ།

༡ མོན་བཟའ་མེ་ཏོག་ལྷ་མཛེས་ཀྱི་ངག་རྟ་ཁུ་བྱུག་ལྡེམ་གླུ། ༢ ལྷ་ཆེན་ཚངས་པ་དཀར་པོའི་ལུང་བསྟན་གྱི་གླུ་རྟ་ཁུ་བྱུག་ལྡེམ་དྲུག ། ༣ མ་ཨ་ནེ་གནམ་སྨན་དཀར་མོའི་ལུང་བསྟན་མགུར་གླུ་སྟོང་ཆེན་གཡུ་འབྲུག་སྔོན་མོའི་གད་རྒྱང་། ༤ དཔའ་ལྷ་སེང་སྟག་ཨ་དོམ་གྱི་སྟོང་འཇུག་མེད་པའི་ཁྲག་འཐུང་རྔམ་གླུ། ༥ མ་ཡུམ་ཀླུ་མོ་འགོག་བཟའ་ལྷ་མོའི་གླུ་བྱིའུ་ཆུང་འཇོལ་མོའི་འགྱུར་གླུ། ༦ འཇང་བཟའ་པདྨ་ལྷ་སྒྲོན་གྱི་སྒྲུང་ངག་བྱ་ཁུ་ལོའི་དྲུག་འགྱུར། ༧ དམེ་བཟའ་འབུམ་སྐྱིད་ཀྱི་གླུ་ངག་ཆུང་སྒྱུ་མའི་རོལ་མོ། ༨ བདུད་སྤྲུལ་བཏུལ་སྐབས་ཀྱི་བཀྲ་ཤིས་མངའ་གསོལ་གླུ་རྟ། ༩ ཨ་ཅེ་སེང་འབྲུག་མོའི་ངག་རྟ་དགུ་སེང་དྲུག་འགྱུར། ༡༠ དུང་སྐྱོང་སྟག་ལྷ་ཁྲི་དཀར་གྱི་དབྱངས་རྟ་དུང་དཀར་རྒྱང་གྲགས། ༡༡ མགར་བཟའ་ཆོས་སྒྲོན་གྱི་གླུ་ངག་ཆོས་གླུ་བདེ་སྟོང་རང་སྒྲ། ༡༢ ཨ་སྟག་གླུ་མོའི་བྱང་གླུ་བྱང་མོའི་ལྷ་འབོད། ༡༣ འཇང་ཕྲུག་གཡུ་ལྷ་ཐོག་འགྱུར་གྱི་དཔའ་གླུ་ས་སྟེང་ཀུན་གྲགས། གེ་སར་རྒྱལ་པོའི་བྲོ་དབྱངས་བཀྲ་ཤིས་ཆར་འབེབས། ལྷོ་མོན་འབྲུག་ཡུལ་གྱི་དམངས་ཁྲོད་དུ་སྔ་མོ་ནས་དར་ཁྱབ་ཆེ་བའི་ཞབས་བྲོ་དཔའ་བོ་གེ་སར་གྱི་དགྲ་འདུལ་རིང་མོ་རྣམས་རེད་འདུག་པས་སྒྲུང་གི་དབྱངས་རྟ་ལ་རྒྱུས་ལོན་དང་བསྡུ་ཉར་གནང་མཁན་རྣམ་པར་རྒྱུས་ལོན་གྱི་རྒྱུ་ཆར་ཕུན་སུམ་ཚོགས་པར་འགྱུར་བར་སྨོན་ཞེས་གླིང་དགའ་བ་སྨིན་དབུས་ཨ་དཀར་པོས་ཟིན་ཐོར་བཏབ།

ཟིན་ཐོའི་རྒྱུ་ཆ་འདོན་སྤྲོད་གནང་མཁན་རྨ་ཤེལ་ལྕམ་ལགས་དང་ལྷག་པར་གེ་སར་ཞིབ་འཇུག་འཕྲིན་ཚོམས་ཀྱི་གཙོ་སྒྲུབ་པ་རྣམ་པར་བཀའ་དྲིན་ཆེ་ཞུ།

 

 

 

 

ཀློག་གྲངས།:[2717]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com