སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

གླིང་རྗེ་གེ་སར་གྱི་སྒྲུབ་སྐོར་ཕྱོགས་བསྒྲིགས་ཀྱི་ཁྱབ་བསྒྲགས།

གླིང་རྗེ་གེ་སར་རྒྱལ་པོའི་མཛད་པ་རྣམ་ཐར་དང་། རྟོགས་བརྗོད་སྙན་ངག ། ལྷག་པར་གླིང་རྗེ་དམ་པ་དང་འབྲེལ་བའི་ཆོས་སྡེ་སྒྲུབ་སྐོར་མཆོད་བསྟོད་ཀྱི་སྐོར་ལ་རྒྱུས་ལོན་བྱེད་འདོད་ཀྱི་གྲོགས་པོ་རྣམ་པར་བཀྲ་ཤིས་བདེ་ལེགས་དང་བཅས།

འདིར་ངེད་ཚོས་ཡུལ་མགོ་ལོག་གི་མཁས་དབང་མཛོད་ཚ་ཨ་བུ་དཀར་ལོ་ལགས་ཀྱི་ཐུགས་བཞེད་དང་བསྟུན། སྤྱི་ལོའི་དུས་རབས་བཅུ་གཉིས་པ་དང་དུས་རབས་ཉི་ཤུ་བའི་དཀྱིལ་ཡན་དུ་བྱོན་པའི་བོད་དར་བན་བོན་གྲུབ་མཐའ་རིས་མེད་ཀྱི་སྐྱེས་ཆེན་བརྒྱ་དང་ཉི་ཤུ་རྩ་ལྔ་ལྷག་གིས་གསུང་རྩོམ་ལས། གླིང་རྗེ་གེ་སར་སྐྱེས་བུ་དོན་གྲུབ་མཆོག་བླ་མ་དང་། ཡི་དམ། བསྟན་སྲུང་དགྲ་བླའི་རྣམ་པར་གཟིགས་པའི་རྡོ་རྗེའི་གསུང་གི་བསྙེན་སྒྲུབ་མཆོད་གསོལ་བསྟོད་པ་སོགས་ཀྱི་ཆོས་སྐོར་ལག་ཏུ་རྙེད་ཚད་ཕྱོགས་གཅིག་ཏུ་བསྡུས་ཏེ། གངས་ལྗོངས་དར་རྒྱས་ཀུན་ཕན་རྩིས་སློབ་གླིང་གི་རྩོམ་སྒྲིག་དཔག་བསམ་དགའ་ཚལ་ནས་ཡིག་བསྟར་དང་དཔེ་བསྡུར་བྱས་ཤིང་། འགྲོ་མགོན་བཀའ་བརྒྱུད་པར་དེབ་གཉིས། གསང་ཆེན་སྔ་འགྱུར་བར་དེབ་དྲུག དཔལ་ལྡན་ས་སྐྱ་བ་དང་། རི་བོ་དགེ་ལྡན་པ། རྒྱལ་བ་ཇོ་ནང་བ་གསུམ་ལ་དེབ་གཅིག ། གཡུང་དྲུང་བོན་ལ་དེབ་གཅིག་བཅས་ཁྱོན་དེབ་ཕྲེང་བཅུའི་བདག་ཉིད་ཅན་དུ་བསྒྲིགས་པ་དང་། མགོ་ལོག་ཁུལ་མང་ཚོགས་སྒྱུ་རྩལ་ཁང་དང་གླིང་གེ་སར་རིག་གནས་ལ་འབྲེལ་ཡོད་ལས་ཁུངས་ཀྱི་དབུ་ཁྲིད་རྣམ་པས་རྒྱབ་སྐྱོར་རམ་འདེགས་ལ་བརྟེན། མཚོ་སྔོན་མི་རིགས་པར་སྐྲུན་ཁང་ནས་པར་དུ་བསྐྲུན་ཏེ་མི་རིང་བར་རྒྱ་ཆེའི་དོན་གཉེར་མཁན་རྣམ་པའི་སྤྱན་ལམ་དུ་འགྲེམ་ཐུབ་ལ་ཉེ་བས་སེམས་པ་སྤྲོ་བོ་བྱུང་ཡོད་པ་དང་ལྷན། ལས་ཀ་འདི་ལ་དངོས་ཤུགས་བརྒྱུད་གསུམ་ནས་རམ་འདེགས་དང་རྒྱབ་སྐྱོར་མཛད་མྱོང་མཁན་གྱི་གྲོགས་པོ་རྣམ་པ་དང་། གཙོ་བདག་མགོ་ལོག་ཁུལ་འབྲེལ་ཡོད་ལས་ཁུངས་སོ་སོའི་དབུ་ཁྲིད་རྣམ་པར་བཀའ་དྲིན་ཆེ་ཞུ་བ་དང་། གསུང་རྩོམ་མང་ཆེ་བ་དུས་རབས་དང་ས་ཆ་ཡུལ་ལུང་མི་འདྲ་བ་ནས་ཐོན་ཕྱིར་བརྡ་དང་ཐ་སྙད་བཀོལ་སྟངས་མི་འདྲ་བའི་རིགས་དང་། ལྷག་པར་རིག་གནས་གོད་ཆགས་སྐབས་སོགས་སུ་རྙིང་རུལ་དང་ཁ་འཐོར་དུ་ཤོར་རྐྱེན་ཚབས་ཆེ་ཕྱིར་ང་ཚོས་དཔེ་རྙིང་བསྡུ་སྒྲིག་གི་ལས་ཀ་འདིའི་ཐད་ནས་མ་ཐོན་ས་དང་མ་འཇོན་པའི་ཆ་མང་པོ་ཤོར་ཡོད་པ་སྨོས་མེད་ཡིན་པས་རྒྱ་ཆེའི་ལྟ་ཀློག་པ་རྣམ་པར་སྔ་སེ་ནས་དགོངས་དག་ཞུ་བ་དང་། ལེགས་ཚོགས་ཀྱི་ཆ་ཅི་མཆིས་རྒྱལ་བསྟན་སྤྱི་དང་ལྷག་པར་གླིང་རྗེ་མི་ཡི་ཉི་མའི་མཛད་འཕྲིན་སྔར་ལས་ཀྱང་དར་ཞིང་རྒྱས་པའི་རྒྱུ་དང་། དེའི་མཐུ་དཔལ་ལ་བརྟེན་ནས་ཡངས་པའི་རྒྱལ་ཁམས་ཀུན་ལ་ནད་མུག་མཚོན་འཁྲུག་མི་འདོད་པའི་རྐྱེན་ངན་ཞི་ཞིང་འགྲོ་རྣམས་བདེ་སྐྱིད་ཀྱི་དཔལ་ཞི་བ་དམ་པར་སྤྱོད་པའི་རྒྱུར་སྨོན།

དེ་དང་ལྷན་ཅིག་ཏུ་ང་ཚོས་ད་དུང་མུ་ནས་མུ་རུ་སྤྱི་ལོའི་དུས་རབས་ཉི་ཤུ་བའི་དཀྱིལ་ཡན་དུ་བྲིས་ཕབ་ཟིན་པའི་གླིང་རྗེ་རྒྱལ་བློན་དང་འབྲེལ་བའི་བསྟོད་སྒྲུབ་གསོལ་མཆོད་ཀྱི་རིགས་རྙིང་ཤོས། ད་ཐེངས་ཀྱི་དེབ་ཕྲེང་དུ་འཁོད་མ་ཐུབ་པའི་རིགས་ཅི་ལོན་གང་ལོན་གྱིས་འཚོལ་བསྒྲིག་བྱེད་འདུན་ཡོད་པས། བོད་ཡུལ་སྟོད་སྨད་བར་གསུམ་གྱི་གྲོགས་པོ་རྣམ་པས་སྔར་བཞིན་སྡོངས་གྲོགས་མཐུན་སྦྱོར་ཡོད་པར་མཁྱེན་མཁྱེན་ཞུ །

 

ཀློག་གྲངས།:[3459]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com