སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

གེ་སར་ལོ་རྒྱུས་ཚིགས་བཅད། པདྨ་ཚེ་རིང་།

 

ཁྲོམ་གླིང་གེ་སར་རྒྱལ་པོའི་དངོས་ཡོད་ལོ་རྒྱུས་

གཟུར་གནས་ཡིད་ཆེས་གསུམ་ལྡན།

དཔལ་ཡུལ་པདྨ་ཚེ་རིང་གིས་བྲིས།

འདི་ལ་ས་བཅད་གཉིས་ཡོད་པ་ལས་གླིང་གེ་སར་གྱི་རྣམ་ཐར་ལ་དཔྱད་པའི་ཚིགས་བཅད་ཟུར་དུ་དྲངས་པ

བོད་ཀྱི་ལུགས་གཉིས་གསེར་འཁོར་རྩིབ་སྟོང་ལྡན། །ལེགས་པར་ཕྱག་མཚན་བཞེས་པས་སྡེ་སྲིད་མཆོག །ཕག་མོ་གྲུ་པའི་རིགས་རྒྱུད་རླངས་ཀྱི་གསུང༌། །ཨ་མྱེ་བྱང་ཆུབ་འདྲེ་བཀོལ་ཁྱི་ཐུལ་ཅན། །སློབ་དཔོན་པདྨའི་ཐུགས་སྤྲུལ་གྲུབ་པའི་གཙོ། །གླིང་རྗེས་གླིང་ཡུལ་ལན་གཉིས་གདན་དྲངས་ཏེ། །གེ་སར་དཔའ་ཐུལ་སོགས་ཀྱིས་བླ་མར་བཀུར། །དེ་ནས་གུ་རུས་གླིང་རྗེ་ཚེ་ཚད་དང༌། །ཡུལ་གྱི་དར་རྒུད་ལ་སོགས་གང་མཆིས་རྣམས། །མ་འོངས་ཅི་ལྟར་འབྱུང་བར་ལུང་བསྟན་ཚུལ། །ཆོས་འབྱུང་རྒྱལ་རབས་ཡོངས་ཀྱི་ཕྱི་མོ་མཆོག །བོད་ཀྱི་རུས་མཛོད་པོ་ཏི་བསེ་རུ་དང༌། །ཕག་གྲུའི་གདུང་རབས་དག་ཏུ་གསལ་བར་མཆིས། །གཞན་ཡང་པཎ་ཆེན་དྲན་པའི་ཡེ་ཤེས་ཀྱིས། །གླིང་རྗེས་རྒྱ་གར་པཎ་ཆེན་མཇལ་ཚུལ་ནི། །ལོ་ཆེན་རིན་བཟང་དགུང་ལོ་ལྔ་བཅུ་ཙམ། །ཕེབས་ལ་ཉེ་དུས་རྒྱ་གར་ཤར་ཕྱོགས་ནས། །པཎ་ཆེན་བད་བ་ཤྭ་རི་ཞེས་གྲགས་དང༌། །པཎ་ཆེན་ནཱ་རོ་པ་ཡི་སློབ་མ་མཆོག །པཎ་ཆེན་ཕྲ་ལ་རིང་བ་ཞེས་གྲགས་གཉིས། །བལ་བོའི་ལོ་ཙཱ་རྨེ་རུ་རྩེ་ཞེས་པས། །གདན་དུ་དྲངས་ཏེ་པུ་རངས་ཕེབས་པའི་མོད། །ལོ་ཙཱ་དུས་མིན་འཆི་བའི་སད་ཀྱིས་ཁྱེར། །ཇོ་བོ་གཉིས་པོས་བོད་སྐད་མ་མཁྱེན་པས། །གཙང་གི་ཕྱོགས་སུ་ཡུན་རིང་གཏད་འཁྱམས་སྐབས། །མིས་བཟུང་གཞན་ལ་བཙོངས་ཏེ་ཕྱུགས་རྫིའི་དུས། །ངུ་བྲོ་ལན་གསུམ་དགོད་བྲོ་ལན་གསུམ་སོགས། །པཎ་ཆེན་ཉིད་ལ་འོ་བརྒྱལ་ཅི་རིགས་བྱུང༌། །སྐབས་ཤིག་དཔྱལ་ལོ་བསོད་ནམས་རྒྱལ་མཚན་ཉིད། །འཕགས་པའི་ཡུལ་ནས་བོད་དུ་ཕྱིར་འཁོར་ཚེ། །ཉིད་ཀྱི་སློབ་དཔོན་པཎ་ཆེན་སྨྲི་ཏི་ཡང༌། །གཙང་དུ་ཕེབས་པ་མཁྱེན་ཏེ་འཚོལ་བ་ན། །རི་བོང་འཛིན་པ་རྒྱུ་སྐར་ཕྲེང་བ་ཅན། །མཚན་མོ་མཁའ་ལ་རྒྱུ་བ་འདི་དོར་ནས། །དྭངས་པའི་ཆུ་ནང་འདི་ན་ཟླ་བ་ཞེས། །གཟུགས་ལ་མཚན་མར་འཛིན་པ་བྱིས་པའི་བློ། །ཞེས་པའི་སྙན་རྩོམ་སང་སྐྲི་ཏ་ཡི་སྐད། །ལན་ཛ་ཤིན་ཏུ་ལེགས་པར་བྲིས་པ་ཞིག །གུང་ཐང་ཚང་གི་སྒོ་ཡི་ཡ་ཐེམ་ལ། །གླན་པ་ལོ་ཙཱ་ཉིད་ཀྱིས་གཟིགས་པ་ན། །དེ་ཉིད་སྨྲི་ཏིའི་ཕྱག་བྲིས་ཡིན་པ་མཁྱེན། །དེ་ནས་ལོ་ཙཱས་གནས་ཚང་དེ་ཉིད་ལ། །པཎ་ཆེན་གར་བཞུགས་དྲིས་པས་གནས་པོ་ཡིས། །པཎ་ཆེན་ཞེས་པ་སུ་ཡིན་མ་ཤེས་ཀྱང༌། །ཨ་པོ་གཉེད་ལེགས་ཟེར་ན་ལུག་རྫི་དེ། །དེ་སྐད་གོ་ཐོས་བྱུང་བའི་དེ་མ་ཐག །ཨ་པོ་གཉེད་ལེགས་ཞེས་པའི་ལུག་རྫིར་སོང༌། །པཎ་ཆེན་ཡིན་པར་མཁྱེན་ནས་འཚོལ་བའི་ཚེ། །རྙེད་ནས་དགའ་བས་ཕན་ཚུན་འཁྱིད་བཞིན་བཤུམ། །དེ་ནས་དཔྱལ་ལོས་ཇོ་བོ་སྨན་ལུང་དུ། །གདན་དུ་དྲངས་ཏེ་ཆོས་བསྒྱུར་ཞབས་ཏོག་ཕུལ། །ཇོ་བོས་བོད་སྐད་སྦྱང་སོགས་མཛད་པའི་མཐར། །མྱང་ཡུལ་སྟོད་དུ་མ་ཡུམ་ཉི་ཚེ་ཡི། །དམྱལ་བར་སྐྱེས་པ་དེ་ལས་འདྲེན་པའི་ཆེད། །ཁྲོ་བོ་ཆེན་པོ་ཡང་དག་ཧེ་རུ་ཀའི། །ལྷ་སྐུ་ཕྱག་གིས་བཟོས་སོགས་མཛད་པའི་ཚུལ། །ཏཱ་ར་ན་ཐའི་མྱང་ཡུལ་ཆོས་འབྱུང་དང༌། །བསམ་ཡས་དཀར་ཆག་ལྡེའུ་ཆོས་འབྱུང་སོགས། །སྨྲི་ཏིའི་རྣམ་ཐར་ཉུང་ངུར་གསུངས་རྣམ་གསལ། །དེས་ནས་ལས་དང་སྨོན་ལམ་རྟེན་འབྲེལ་གྱིས། །རིམ་པར་དབུས་སུ་ཕེབས་ཏེ་ཕན་ཡུལ་ནས། །ཁམས་ཀྱི་ཚོང་བ་དང་འགྲོགས་ཤར་ཕྱོགས་བཏེགས། །ཁམས་ཀྱི་འབུམ་རི་བྱ་བར་འབྱོར་བའི་ཚེ། །ཚང་སྡེ་ངག་གི་དབང་ཕྱུག་ཅེས་བྱ་བས། །ཐོག་མའི་སྣེ་ལེན་གུས་པས་བསྙེན་བཀུར་ཞུས། །དེ་ནས་རིམ་བཞིན་བོད་སྐད་བྱང་བ་དང༌། །ཇོ་བོས་ཁམས་སུ་རྒྱལ་བསྟན་སྤེལ་ཚུལ་ནི། །འཕགས་མཆོག་ལོ་ཀེ་ཤྭ་རིའི་གསང་གསུམ་གྱི། །བྱིན་རླབས་ཁ་བས་གཡོགས་པའི་གངས་ཅན་ལྗོངས། །ཆོས་ཚིགས་གཉིས་པ་བོད་ཆེན་ཡུལ་གྱི་དབུས། །སྒང་དྲུག་ཆུ་བཞིའི་ནང་གི་ཆུ་བོ་གཉིས། །འབྲི་དང་ཟླ་ཀླུང་གཡས་གཡོན་གཞོལ་བའི་བར། །ཟལ་མོ་སྒང་ཞེས་གྲགས་པའི་ས་ཡི་ཆར། །འདན་ཀླུང་ཐང་གི་གནས་མཆོག་ག་ལ་བར། །འགྲོ་ཀུན་འཇིགས་བརྒྱད་གཡུལ་ལས་སྒྲོལ་བའི་མ། །གང་དུ་བསྟི་བའི་ཡང་འདུལ་ལྷ་ཁང་དཔེར། །དྲན་པ་ཡེ་ཤེས་གྲགས་པའི་པཎ་ཆེན་དེས། །མངོན་པ་མཛོད་ཀྱི་བཤད་པ་བཙུགས་པ་དང༌། །བོད་ལ་ཉེར་མཁོའི་བསྟན་བཅོས་བརྩམས་པ་སོགས། །བྱ་བ་ལས་ཀྱི་འཁོར་ལོའི་འདུ་འགོད་ཀྱིས། །རྒྱལ་བསྟན་མདོ་སྔགས་དམ་ཆོས་རིན་པོ་ཆེ། །སྤེལ་བའི་སྐབས་དེར་གླིང་རྗེ་གེ་སར་གྱིས། །པཎ་ཆེན་ཞལ་མཇལ་ཆོས་ཞུས་བསྙེན་བཀུར་དང༌། །གཙུག་ལག་ཁང་སོགས་གསར་དུ་བཞེངས་པ་ཡིས། །བསྟན་པའི་ཆ་རྐྱེན་ལེགས་པར་བསྒྲུབས་པའི་ཚུལ། །བྲག་དགོན་ཞབས་དྲུང་བསྟན་པ་རབ་རྒྱས་ཀྱི། །མདོ་སྨད་ཆོས་འབྱུང་དེབ་ཐེར་རྒྱ་མཚོར་གསུངས། །

འཕྲོ་མུ་འགོད།

 

 

 

ཀློག་གྲངས།:[1533]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com