སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི།བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་།དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར།དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས།བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་།དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ།ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ།གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད།འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས།གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་།གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ།གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ།མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་།ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན།དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ།།ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་ སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

དབུས་གླིང་གཡུལ་འགྱེད་ངོ་སྤྲོད།


གླིང་གེ་སར་གྱི་སྒྲུང་དེབ་ཆེ་ཤོས་གྲས་<< དབུས་གླིང་གཡུལ་འགྱེད། >>དམ་གླིང་གེ་སར་སྐྱེས་བུའི་རྣམ་ཐར་སྐྱེ་བོའི་སྙིང་གི་དགའ་ཚལ་པདྨོ་དགའ་བའི་འཛུམ་ཟེར་དབུས་འཆི་བདག་ཆམ་ལ་ཕབ་ཅིང་། ཆོས་ཀྱི་རྫོང་ཆེན་འབེབས་པའི་ལོ་རྒྱུས་ཐོས་གྲོལ་ཆེན་མོ་ཞེས་བྱ་བ་བཞུགས་སོ། ། ཞེས་པའི་སྒྲུང་དེ་ཕབ་མཁན་ནི་དམ་པའི་སྐྱེས་ཆེན་ཀར་ལུ་རིན་པོ་ཆེ་ཞུ་བ་ཡིན་འདུག་ལ། ཁོང་ནི་མདོ་ཁམས་ཏྲེ་ཤོད་དུ་བོད་རབ་བྱུང་བཅོ་ལྔ་བའི་ཤིང་འབྲུག ་༡༩༠༤__༡༩༨༩ ལོར་ཡབ་སྔགས་འཆང་ལེགས་བཤད་སྒྲ་དབྱངས་ཞུ་བ་དང་། ཡུམ་སྒྲོལ་དཀར་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་ཤིང་། སྐུ་ན་ཆུང་བའི་དུས་ནས་བཀའ་རྒྱུད་ཀྱི་གདན་ས་དཔལ་སྤུངས་དགོན་དུ་དམ་པའི་སྐྱེས་ཆེན་སི་ཏུ་པདྨ་དབང་མཆོག་རྒྱལ་པོའི་མདུན་རབ་ཏུ་བྱུང་ཞིང་། མཚན་ལ་ཀརྨ་རང་བྱུང་ཀུན་ཁྱབ་ཏུ་གསོལ་བ་ཡིན་འདུག ། དེ་མིན་མཚན་ལྡན་དགེ་བའི་བཤེས་གཉེན་མང་པོ་བསྟེན་ཏེ་མདོ་སྔགས་ཀྱི་གཞུང་ལ་ཐོས་བསམ་མཛད་པ་དང་། རྒྱལ་ཕྱི་ནང་ཀུན་ཏུ་བཤད་སྒྲུབ་ཀྱི་སྡེ་མང་པོ་བཙུགས་ཏེ་རིས་མེད་རྒྱལ་བསྟན་ལ་ཕྱག་རྗེས་ཇི་ལྟར་བཞག་པའི་སྐོར་ནི་རྣམ་ཐར་ངོ་སྤྲོད་རྒྱས་པ་རུ་གསལ་ཁ་ཆེ་བས་འཐུས།


འདིར་ཁོང་གི་གསུང་རྩོམ་གྱི་ཁྲོད་ན་ད་ལྟ་མཇལ་དུ་ཡོད་པའི་གླིང་རྗེ་རྟོགས་བརྗོད་དབུས་གླིང་གཡུལ་འགྱེད་ཅེས་པ་འདི་ནི་དམ་པ་ཁོང་གིས་སྐུ་ཡུལ་མདོ་ཁམས་ཏྲེ་ཧོར་གྱི་གནས་ཆེན་འ་འ་རི་ཁྲོད་དུ་འཆད་ཉན་སྒོམ་སྒྲུབ་ལ་བཞུགས་པའི་དུས་སུ་འབྲི་ཕབ་གནང་བ་ཞིག་ཡིན་པ་རྣམ་ཐར་ངོ་སྤྲོད་དུ་གསལ་ཁ་ཆེ་བ་དང་། སྒྲུང་འདིའི་དཔེ་ལག་བྲིས་དུས་རབས་ཉི་ཤུ་བའི་ནང་ནས་བཟུང་འབྲུག་ཡུལ་དང་རྒྱ་གར་སོགས་ཀྱི་དཔེ་མཛོད་ཁང་དང་། རྗེས་སུ་བོད་ཀྱི་ནང་བསྟན་དཔེ་ཚོགས་སོགས་སུ་བསྡུ་ཉར་བྱས་མྱོང་ཞིང་། ལོ་ངོ་འགའི་སྔོན་དུ་སི་ཁྲོན་ཞིང་ཆེན་གེ་སར་གཞུང་ལས་ཁང་གིས་ཕྱི་འོང་གི་ལག་བྲིས་མའི་དཔེ་ཇི་བཞིན་བཤེར་འབེབས་སམ་བསྐྱར་དཔེ་ཚད་ལྡན་དཔེ་རྟགས་ཅན་དུ་ཡང་བསྐྲུན། དེ་བཞིན་དུ་ཁམས་དཀར་མཛེས་བན་རྒན་དགོན་པས་པར་བསྐྲུན་བྱས་ཏེ་འགྲེམ་སྤེལ་བྱས་པ་སོགས་ཁྱབ་རྒྱ་ཆེན་པོ་ཡིན་འདུག ། འདིར་ཆེད་དུ་ཞུ་དགོས་པ་ཞིག་ནི་གླིང་སྒྲུང་ཞིབ་འཇུག་བྱས་པའི་རྩོམ་ཡིག་འགའ་ཞིག་ཏུ་སྒྲུང་དཔེ་འདིའི་རྩོམ་པ་པོའི་མཚན་ལ་ཁ་ལུ་རིན་པོ་ཆེ་ཞེས་བྲིས་འདུག་པ་ནི་ཀར་ལུ་དང་གོ་ནོར་ཐེབ་པ་འམ། ཡང་ན་ཡིག་ནོར་ཤོར་བ་ཞིག་ཡིན་ངེས་པས། གླིང་སྒྲུང་ཞིབ་འཇུག་པ་རྣམ་པས་དཔྱད་འཚལ་ཞེས་ཨ་དཀར་མིང་དེས་ཁོང་གི་རྣམ་ཐར་ལས་བཏུས་ཏེ་ཕུལ།

 




ཀློག་གྲངས།:[1376]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com