སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

གླིང་སྡེ་ངོ་སྤྲོད།


དྲི་བ།
གྲོགས་པོ་ལགས། འདིར་གླིང་སྒྲུང་ནང་གི་སྟོད་གླིང་གསེར་བ་མཆེད་བརྒྱད་དང་། བར་གླིང་འོམ་བུ་ཚོ་དྲུག། སྨད་གླིང་མུ་སྤྱང་སྡེ་བཞི་རྣམས་རེ་རེ་བྱས་ཏེ། སོ་སོར་ཅི་ལྟར་བགྲང་དགོས་སམ་ཞེས་དྲི་མཁན་མང་བས། དེའི་ཕྱོགས་ནས་ལན་ཉུང་བསྡུས་ཤིག་འདེབས་རོགས།
དྲི་བ་འགོད་མཁན་བདུད་རྩི་ཐེང་ཆོག །
ལན།
གླིང་རྗེ་གེ་སར་རྒྱལ་པོའི་རྣམ་ཐར་རྟོགས་བརྗོད་ལ་མོས་འདུན་དང་རྒྱུས་ལོན་བྱེད་རྒྱུར་དགའ་མཁན་ཞིག་ཡིན་ཚེ། གྲངས་འདྲེན་འདི་རིགས་ནི་ཆེས་གལ་ཆེན་གྱི་རྒྱུན་ཤེས་ཁོ་ན་ཡིན་མོད། དེང་སྐབས་ཆེད་པའི་ཁྲོད་དུ་ཡང་རྒྱུན་ཤེས་འདི་ལྟ་བུའི་གྲངས་འདྲེན་ཤེས་མཁན་ཙམ་ཡང་ག་ཚོད་ཡོད་མ་ངེས་པས། གྲོགས་པོ་དམ་པས་དྲི་བ་གལ་ཆེན་འདི་ཡོང་བར་སྙིང་ནས་བཀའ་དྲིན་ཆེ་ཞུ།

དྲིས་ལན་དངོས་ལ།


དང་པོ་གླིང་ཚོ་དྲུག་ནི།
༡ སྟོད་གླིང་གསེར་བ་མཆེད་བརྒྱད།
༢ བར་གླིང་འོམ་བུ་ཚོ་དྲུག།
༣ སྨད་གླིང་མུ་སྤྱང་སྡེ་བཞི།
༤ གཡས་རུ་སྒ་ཡི་སྡེ་བ།
༥ གཡོན་རུ་འབྲི་ཡི་སྡེ་བ།
༦ འདན་མ་ཆུ་ལ་ཉིན་སྲིབ་ཅེས་བགྲང་ལ།


དེའི་ནང་གསེས་སྟོད་གླིང་གསེར་བ་མཆེད་བརྒྱད་ནི།
༡ གསེར་བ་ཟོམ་རུ་གདོང་དྲུག།
༢ གསེར་བ་གྲང་ལུང་ཚོ་དྲུག།
༣ གསེར་བ་གཏམ་རུ་ཚོ་བརྒྱད།
༤ གསེར་བ་ཡ་མ་སྡེ་བཞི།
༥ གསེར་བ་ཨ་ཤག་སྡེ་དྲུག། (ཁུག་པོ་ཨ་ཤག་ཡང་ཟེར)
༦ གསེར་བ་སྟག་མོ་ཉིན་སྲིབ། (སྟག་རོང་ཉིན་སྲིབ་ཡང་ཟེར)
༧ མཁར་བྱེ་གཡུ་ཤོད་སྡེ་གསུམ།
༨ བེའུ་གཅོང་ཆེན་རུ་གསུམ།


བར་གླིང་འོམ་བུ་ཚོ་དྲུག་ནི།
༡ དཀར་རུ་ཁྲི་སྡེའི་ཚོ་བ།
༢ ནག་རུ་སྟོང་སྡེའི་ཚོ་བ།
༣ སྨད་འབྲི་སེ་བའི་ཚོ་བ།
༤ རྨ་ཉིན་བྲག་དཀར་ཚོ་བ།
༥ རྨ་སྲིབ་ལྕགས་ནག་ཚོ་བ།
༦ རོམ་པ་རྟ་རམ་ཚོ་བ།


སྨད་གླིང་མུ་སྤྱང་སྡེ་བཞི་ནི།
༡ རྨ་ལུང་འབུམ་པའི་སྡེ་བ།
༢ ལྷ་ལུང་མུ་པའི་སྡེ་བ།
༣ སྐྱིད་ལུང་འབྲོང་པའི་སྡེ་བ།
༤ གདོང་རུ་ཡེ་སྤྱང་སྡེ་བ།


ད་དུང་གླིང་ནང་སྡེ་དེ་དག་ལས་ཀྱང་སྡེ་མགོ་དཔོན་མགོའི་དབྱེ་བ་མང་པོ་ཡོད་པ། དཔེར་ན་ཆེ་རྒྱུད་གསེར་བ་ལས་སྲིད་པ་སྟག་རོང་ལ། རྟའུ་དང་ཨ་སྐྱིད། བྱ་དང་སྨུག་གྲོང་ལྟ་བུ་ཤོག་ཆེན་བཅོ་བརྒྱད་དུ་དབྱེ་སྲོལ་དང་། བར་གླིང་ལ་ཡང་། ཡ་ཐ་ཚང་དང་མ་ཐ་ཚང་། མངའ་རིས་ཚང་དང་གངས་རི་ཚང་ལྟ་བུ་སྡེ་ཡན་མང་དུ་དབྱེ་རྒྱུ་འདུག། དེ་བཞིན་དུ་ཆུང་རྒྱུད་འབུམ་པའི་མངའ་སྡེ། གོ་ཨ་དཀར་སྡེ་དང་ཨ་ནག་སྡེ། རྫ་གུ་ར་སྡེ་དང་ཚ་རོང་སྡེ། རབ་དང་མེ་ཉག་སྡེ་སོགས་ནང་གསེས་ཧ་ཅང་མང་པོ་འདུག །འོན་ཀྱང་སྔོན་གྱི་སྒྲུང་ཆེན་ཚོ་ལ་བཞེད་ལུགས་ཅུང་རེ་མི་འདྲ་ས་མང་བས་མཐའ་གཅིག་ཏུ་ངེས་པ་མེད་མོད། འདིར་གྲོགས་པོ་བསྟན་རྒྱམ་པ་འམ་བདུད་རྩི་ཐེང་ཆོག་ལ་ཞུས་ལན་གྱི་ཚུལ་དང་། ལྷག་པར་དེང་གི་སྐབས་འདི་རིགས་ཀྱི་གྲངས་འདྲེན་མཁོ་སའི་ཞིབ་འཇུག་པ་དང་སྒྲུང་གཉེར་པ་ཚོར་དྲན་སློང་ངམ་ཕན་པའི་སེམས་ཀྱིས་སྒྲུང་དཔེ་རྙིང་བའི་རྐང་བཟུང་ཞིང་། རང་གི་སྒྲུང་ལུགས་ཀྱི་ཟུར་མངོན་པར་བྱས་ཏེ། སྨིན་དབུས་ཨ་དཀར་པོས་༢༠༡༦-༣-༡༦ལ་དཔྱད་གཞི་རུ་ཕུལ་བ་དགེ།





ཀློག་གྲངས།:[1724]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com