སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

གྲུ་གླིང་སྒྲུང་རྙིང་ཞིག །


ཁ་སང་གྲོགས་པོ་ཐ་གའི་ཟླ་བ་གྲགས་པ་ལགས་ཀྱི་ཞལ་སྒོ་ནས་ཉེ་ལམ་ཧོར་བྲག་མགོའི་ཕྱོགས་ཀྱི་གྲུ་གླིང་གཡུལ་འགྱེད་ཆེན་མོ་ཟེར་བའི་པོད་གསུམ་ཅན་གྱི་སྒྲུང་དེབ་ཅིག་དཔེ་ཁང་དུ་ཐོན་འདུག་ཚུལ་ཐོས་པ་ལྟར། དེ་རིང་སྤོས་ལྡན་བོད་ཁྲོམ་གྱི་མཆོད་རྟེན་དཀར་པོའི་དཔེ་ཁང་དུ་ཕྱིན་པ་ན། ངོ་མ་ར་ཧོར་དགེ་འདུན་དར་རྒྱས་ཞེས་པས་གཙོ་བསྒྲིགས་མཛད་པ་གསལ་བའི་གྲུ་གླིང་གཡུལ་འགྱེད་ཆེན་མོ་དེབ་སྟོད་སྨད་བར་གསུམ་ཅན་འདི་མཇལ་ཐུབ་སོང་བས་སེམས་པ་རབ་ཏུ་དགའ་བོ་བྱུང་སྟེ། མགོ་བརྗོད་མྱུར་ཀློག་བྱས་ཚེ་སྔར་ཀློག་པ་པོའི་མིག་ལམ་དུ་མ་སོན་པའི་གྲུ་གླིང་གཡུལ་འགྱེད་ཀྱི་སྒྲུང་དེབ་རྙིང་བ་ཞིག་ཡིན་པའི་གསལ་བཤད་འདུག་པས། སེམས་ལྷག་ཏུ་དགའ་ནས་མཛད་པ་པོ་སུ་ཡིན་ལ་རེ་བས་མྱུར་དུ་མཛད་བྱང་ལ་མིག་ཉུལ་བྱས་ཚེ། ཡིད་ཅུང་ཕམ་པ་ཞིག་ལ་འཇུ་མི་ཕམ་དང་ཨ་འཛོམས་དཔའ་བོ་རྡོ་རྗེ་ཚང་གི་ཐུགས་བཀོད་ལྟར་གྲུ་གླིང་འགའི་སྙིང་བཅུད་བྲིས་པ་ཞིག་ཡིན་རབས་ཙམ་མ་གཏོགས། སྒྲུང་ཆེན་སུ་ཞིག་གིས་ཕབ་འབྲི་བྱས་པ་མི་གསལ་འདུག །

དེར་དཀར་ཆག་གི་རིམ་པ་ནས་བཟུང་ཕྱོགས་ཙམ་བམ་བཀླགས་བྱས་པའི་འགྲོས་ནས་ཚོར་སྣང་ཞིག་བྱུང་བ་ནི། གྲུ་གླིང་འདིའི་ནང་དོན་ནི་གཙོ་བོ་ཁམས་སྟོད་ཡུལ་ཤུལ་གྱི་གླིང་སྒྲུང་འཚོལ་ཞིབ་པ་གྲགས་ཅན་ཐུབ་དགའ་ཕ་བུའི་ཕྱག་སོན་བྱུང་བའི་གྲུ་གླིང་། ཡོངས་གྲགས་ལ་ཉ་ཚོའི་ཁ་སྒྲུང་དུ་གྲགས་པ་དེ་དང་ཕལ་ཆེར་འདྲ་འདུག་པ་དང་། ཡང་མཚམས་མཚམས་ཀྱི་ལེའུ་རེ་ཟུང་ནི་སྒྲུང་གཏེར་ཉི་མ་རང་ཤར་གྱི་གྲུ་གླིང་དུ་གྲགས་པའི་དུམ་བུ་ཁ་འཐོར་ཞིག་མཇལ་དུ་ཡོད་པ་དེ་དང་གཅིག་མཚུངས་སུ་འདུག་པར་བསམ་ན། འདི་ནི་སྒྲིག་པ་པོའི་ལག་སོན་བྱུང་ཡུལ་གྱི་ས་གནས་དང་། སྒྲུང་དཔེའི་ནང་དོན་ཁ་ཤས་ཀྱི་ངོས་ནས་གཞལ་ན། བོད་ཀྱི་སྒྲུང་གཏེར་གྲགས་ཅན་ཉི་མ་རང་ཤར་གྱིས་དུས་རབས་བཅུ་དགུ་བའི་སྨད་ཡས་མས་སུ་ཕབ་པའི་གྲུ་གླིང་ཆེན་མོ། རིག་གསར་སྐབས་ཁ་འཐོར་དུ་སོང་བར་གྲགས་པ་དེའི་དཔེ་ཞིག་མ་ཡིན་ནམ་སྙམ་པའི་དཔྱད་སྒོ་གསལ་བོ་ཞིག་འདུག་པ་དང་། ཡང་མཛད་བྱང་དུ་ཀུན་མཁྱེན་མི་ཕམ་པ་དང་། ཨ་འཛོམས་རིན་པོ་ཆེའི་མཚན་ཐོན་པ་འདི་ནི་དག་མ་ཡིན་ནམ། ཡང་ན་གྲུ་གླིང་འདིའི་མ་ཕྱིའི་ཡིག་མཁན་གྱིས་ཡིད་འཇོག་གིས་བསྣན་པ་གང་ཡིན་ཐེ་ཚོམ་གྱི་གནས་སུ་འདུག་པས། གླིང་སྒྲུང་འཚོལ་ཞིབ་ལ་འབྲེལ་ཡོད་ཀྱི་གྲོགས་པོ་ཚོས་འདིའི་མ་དཔེ་ལག་བྲིས་མ་གཞན་མཇལ་མྱོང་ཡོད་ན་གསལ་བཤད་རེ་འམ། ཕྱོགས་སྟོན་གྱི་རམ་འདེགས་དང་། ལྷག་པར་སྒྲིག་པ་ར་ཧོར་དགེ་འདུན་དར་རྒྱས་ལགས་ངོ་ཤེས་མཁན་ཚོས་གྲུ་གླིང་འདིའི་མ་དཔེ་ལག་བྲིས་དེ་ཅི་འདྲ་ཞིག་བཞུགས་རྒྱུས་ལོན་བཅལ་འདྲི་རེ་གནང་རོགས་ཞུ་སྙིང་བྱུང་།

གང་ལྟར་གྲུ་གླིང་སྒྲུང་ཆེན་འདི་ནི་སྔར་ཀན་སུའུ་ནས་པར་བའི་སྒྲུང་ཆེན་དཔའ་བོ་དབང་རྒྱལ་གྱི་གྲུ་གླིང་དེབ་བཞི་ཅན་དེ་དང་ཅུང་མི་འདྲ་ཞིང་། ཉ་ཚོའི་ཁ་སྒྲུང་དང་ཧ་ཅང་འདྲ་བའི་སྒྲུང་དཔེ་ཞིག་ཡིན་འདུག་པས་སྒྲུང་དགའ་བ་ཚོས་གྲུ་གླིང་འདི་མཇལ་ན། གླིང་སྒྲུང་གི་སྤྱིའི་ཆ་ལ་གོ་ཚོར་སྔར་མེད་རེ་སྣོན་ངེས་སུ་འདུག ། ངས་ཀྱང་དོ་ནུབ་ནས་བཟུང་ཞིབ་བཀླགས་བྱ་རྒྱུ་ཡིན། ཞོར་དུ་སྒྲུང་རྙིང་འདི་མིག་གི་བསོད་ནམས་སུ་སྩོལ་མཁན་ར་ཧོར་དགེ་འདུན་དར་རྒྱས་ཞུ་བ་ལ་ཐུགས་རྗེ་ཆེ་ཡང་ཞུ།

ཞེས་གླིང་དགའ་བ་སྨིན་དབུས་ཀྱིས་ཕུལ།



ཀློག་གྲངས།:[1838]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com