སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

གླིང་བླ་ཆོས་རྡོར་ངོ་སྤྲོད།


༄༅། །གླིང་བླ་མ་འཇིགས་མེད་ཆོས་ཀྱི་རྡོ་རྗེ།
༼༡༨༧༧ • ༡༩༥༤༽
ཀུན་མཁྱེན་ཀློང་ཆེན་རབ་འབྱམས་དང་ཚ་ཞང་འདན་མ་བྱང་ཁྲ་ཟུང་གི་རྣམ་སྤྲུལ་གླིང་བླ་མ་འཇིགས་མེད་ཆོས་ཀྱི་རྡོ་རྗེ་ནི། མདོ་ཁམས་རྨ་ཡུལ་མཐོང་བ་ཀུན་སྨོན་མགོ་ལོག་དར་ལག་རྫོང་དུ། རབ་བྱུང་བཅོ་ལྔ་པའི་མེ་གླང་༼༡༨༧༧༽ལོའི་དབོ་ཟླའི་ཡར་ངོས་ཚེས་བཅུའི་ཉིན་གླིང་ཆུང་རྒྱུད་ཀྱི་གདུང་རིགས་ལས་ཆད་པའི་༼ གླིང་སེང་ཆེན་རྒྱལ་པོ་དང་གདུང་རྒྱུད་གཅིག་པ་གླིང་ཁྲི་བར་མ་པདྨ་ཚེ་བརྟན་ཟེར་བའི་རྒྱུད་ལས་འཁྲུངས་པའི་སྲས་ཆུང་དགྲ་ལྷ་རྩེ་རྒྱལ་ནས་བརྩིས་པའི་རྒྱལ་ཐོག་ཞེ་དགུ་པ་སྡེ་དགེའི་གླིང་ཚང་རྒྱལ་པོས་བླ་མ་རིན་པོ་ཆེའི་སྐུ་གེགས་ལན་གཉིས་སེལ་བའི་བརྟན་བཞུགས་ཕུལ་བའི་ཕྱག་ཡིག་ལས། ཁྱེད་ནི་འཛམ་གླིང་སེང་ཆེན་གྱི་གདུང་རྒྱུད་མ་ནོར་བ་ཡིན་སྟབས་ང་རང་དང་མི་རྒྱུད་གཅིག་པ་དང་། ཐུགས་རྒྱུད་ཡང་ཐ་དད་མེད་པའི་རྟེན་འབྲེལ་གྱིས་ཡུན་དུ་བཞུགས་པ་ཞུ་ཞེས་འཁོད་ཡོད་ཚུལ་བཤད། མཆན།༽ཡབ་གླིང་རི་ལོ་དང་། མ་ཡུམ་སོག་བཟའ་ཚེ་ལྷ་གཉིས་ཀྱི་སྲས་སུ་ཡ་མཚན་དགེ་བའི་མཚན་བཟང་དུ་མ་བཅས་འཁྲུངས། གང་ཉིད་ཡུམ་གྱི་ལྷུམས་སུ་བཞུགས་སྐབས་ཡབ་རི་ལོ་བླ་བྲང་དུ་ཕེབས་ཚེ། ཨ་ལགས་རིག་སྒྲ་ཐབ་ཁར་བྱོན་ནས་གསོལ་ཇ་དགྱེས་བཞེས་ངང་ཁྱོད་རྒད་པོ་བསོད་ནམས་ཅན་ཞིག་ཡིན་འདུག །ཁྱོད་ཕར་ཁྱིམ་ལ་ཐོན་དུས་ཀུན་མཁྱེན་ཆེན་པོའི་སྤྲུལ་པའི་སྲས་ཤིག་ཁྱེད་ཚང་ལ་འཁྲུངས་ཡོད་པས། བཀུར་སྟི་དང་ཞབས་ཏོག་སྒྲུབས་ལ་སྐྱོངས་དང་འགྲོ་དོན་རྒྱ་ཆེན་འབྱུང་བར་འགྱུར་ཞེས་གསུངས། ཆུང་དུས་ནས་སྐྱེ་མེད་ཨ་ཡིག་གི་གསུང་འབྱོན་ཞིང་སྒོམ་པ་བསམ་གཏན་ལས་དུས་མི་འདའ་བར་བཞུགས། ཡི་དམ་ལྷ་ཡི་ཞལ་གཟིགས་དང་། མ་དང་མཁའ་འགྲོའི་སྡོངས་གྲོགས་སོགས་གནང་ཞིང་སོ་སྐྱེའི་བློ་ཡུལ་ལས་འགོང་པའི་གྲུབ་པའི་རྟགས་མཚན་ཡང་རས་ཆས་སུ་མངའ། དགུང་ལོ་དྲུག་གི་ཐོག་ཀློག་བསླབས་པས་ཉིན་གསུམ་གྱི་ཡུན་ལ་བོད་ཡིག་གི་སྦྱོར་ཀློག་མཐའ་དག་ཚེགས་མེད་དུ་མཁྱེན་པས་གླིང་ཚང་གི་བནྡེས་ཡི་གེ་བསླབ་མ་དགོས་པར་ཤེས་འདུག་ཅེས་པའི་བཤད་སྲོལ་བྱུང་། དགུང་གྲངས་བཅུ་གཉིས་སྟེང་རྒྱལ་ཚབ་མི་ཕམ་མགོན་པོའི་སྤྲུལ་པ་ཀཿཐོག་སི་ཏུ་ཆོས་ཀྱི་འབྱུང་གནས་དབང་ཆེན་སྟོད་པའི་གླིང་དུ་དབང་ཁྲིད་གནང་བར་བྱོན་སྐབས་ཁོང་ཉིད་གྲུབ་མཆོག་ཊོམྦྷི་ཧེ་རུ་ཀ་དངོས་སུ་མཇལ་བའི་སྣང་བ་བྱུང་། དགུང་གྲངས་བཅུ་གསུམ་སྐབས་གུ་རུའི་ཐུགས་སྲས་པདྨ་གསུང་གི་བཀའ་བབས་གྲུབ་བརྙེས་རྒྱལ་བ་མཆོག་དབྱངས་དང་། སོག་པོ་ལྷ་དཔལ་ཟུང་གི་རྣམ་འཕྲུལ་གཏེར་ཆེན་རིག་འཛིན་པདྨ་བདེ་ཆེན་རོལ་པའི་རྡོ་རྗེའི་དྲུང་ནས་ཟབ་རྒྱས་ཆོས་སྡེ་ཡོངས་རྫོགས་ཀྱི་དབང་ཁྲིད་གདམས་པ་མ་ལུས་པ་མནོས་ཤིང་ཆོས་བདག་ཏུ་མངའ་གསོལ། གང་སྐུ་བསམ་ཡས་ལུང་མང་བ་དྲི་མེད་འོད་ཟེར་དང་ཞལ་མི་གཉིས་པའི་ཕྱིར་ན་མཁའ་འགྲོ་སྙིང་ཐིག་གི་བཀའ་བབས་ཡིན་པས་དབང་ལུང་སོགས་མེད་ཀྱང་ཆོག་མོད། མ་འོངས་གང་ཟག་རྣམས་སྔགས་ལ་རང་འགར་འཇུག་ཅིང་ཆོས་ལ་དབང་ཟ་བའི་སྲོལ་ངན་མི་འབྱུང་ཆེད་འཇམ་མགོན་བླ་མ་གླིང་སྤྲུལ་རིན་པོ་ཆེ་པདྨ་ལུང་རྟོགས་རྒྱ་མཚོའི་ཞལ་སྔ་ནས་རྫོགས་པ་ཆེན་པོའི་རྒྱུད་བཅུ་བདུན་དང་། ཀློང་ཆེན་མཛོད་བདུན། ངལ་གསོ་སྐོར་གསུམ་དང་རང་གྲོལ་སྐོར་གསུམ། སྙིང་ཐིག་པོད་བཞི་སོགས་རྒྱལ་བ་ཀློང་ཆེན་པའི་ཆོས་སྡེ་ཡོངས་ཀྱི་དབང་ཁྲིད་རྫོགས་པར་གནང་མཐར་གླིང་སྤྲུལ་རིན་པོ་ཆེས་ཁོང་ལ་གདམས་དོན། ཁྱོད་ལ་དབང་དང་ཁྲིད་ལུང་ཡོངས་རྫོགས་བསྐུར་ཞིང་གཏད་པའི་དོན་འདི་ནི། རྒྱལ་དབང་ཀློང་ཆེན་པའི་གསུང་འདི་རྣམས་ནི་བསྟན་བཅོས་གཞན་ལས་ཁྱད་པར་དུ་འཕགས་པ་ཉིད་ངེས་པ་དང་། ཁྱད་པར་ཚེ་གཅིག་གིས་སངས་རྒྱས་འགྲུབ་པའི་མྱུར་ལམ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་ཐམས་ཅད་ཀྱི་མཐར་ཐུག་རྫོགས་ཆེན་ཨ་ཏི་ཡོ་གའི་ལམ་ཉམས་སུ་ལེན་པ་ལ་རྫོགས་ཆེན་གྱི་རྒྱུད་ལུང་ཟབ་མོ་རྣམས་ཀྱི་དགོངས་དོན་འཁྲུལ་བའི་དྲི་མ་ཅུང་ཟད་ཀྱང་མེད་པར་ཇི་ལྟ་བ་བཞིན་དུ་གསལ་ཞིང་མ་སྦས་པར་རྗེན་པར་སྟོན་པའི་བསྟན་བཅོས་འདི་རྣམས་ནི། རྣམ་གྲོལ་དོན་གཉེར་ཅན་རྣམས་ལ་མིག་ཏུ་གྱུར་པའི་ཕྱིར་ཏོ། །རྒྱལ་མཆོག་ལྔ་པ་ཆེན་པོ་སོགས་ངེས་པའི་དོན་ལ་མཁས་པའི་དབང་པོ་དུ་མས་ཀྱང་། ངེས་གསང་རྡོ་རྗེ་སྙིང་པོའི་ལམ་འཆད་པ་ལ། ཀུན་མཁྱེན་ཆེན་པོ་འདི་ཉིད་རྒྱུད་ཀྱི་སྡུད་པ་པོ་དང་མཚུངས་པར་བསྔགས་པ་ལྟར། ཁྱོད་ཀྱིས་འདི་ཁོ་ན་ཉམས་བཞེས་མཛད་ཅིང་གཞན་སྐལ་ལྡན་རྣམས་ལ་འཆད་སྤེལ་བྱས་ན་དོན་འབྲས་ཤིན་ཏུ་ཆེ་བར་སྣང་ཞེས་གསུངས། ཕྱག་རྡོར་སྤྲུལ་པ་སུ་རུག་སྤྲུལ་སྐུའི་མདུན་ནས་པད་གླིང་ཕྱག་རྡོར་དང་། མོན་སྐྱེར་ཆུའི་ལྷ་ཁང་ནས་སྤྱན་དྲངས་པའི་པད་གླིང་གི་ཆོས་སྐོར་འགའ་ཞིག་གི་དབང་ཁྲིད་གདམས་སྐོར་དང་། མ་ཅིག་སྙན་བརྒྱུད་སོགས་གཅོད་ཁྲིད་སྐོར་མང་དུ་གསན་ཞིང་གཉན་ཁྲོད་བརྒྱ་རྩ་འགྲིམས་ནས་གཉན་ས་བཅད། དེ་ཡང་སློབ་དཔོན་དབྱིག་གཉེན་གྱིས། ཚུལ་གནས་ཐོས་དང་བསམ་ལྡན་པས། །སྒོམ་པ་ལ་ནི་རབ་ཏུ་སྦྱོར། །ཞེས་གསུངས་པ་ལྟར་དགུང་གྲངས་ཉེར་གཅིག་པའི་ཐོག་དཔལ་རྒྱལ་བ་ཀཿཐོག་པའི་བསྟན་དགོན་གྱི་བདག་པོ་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་མདུན་ནས་དགེ་འདུན་པ་གྲངས་ཚང་བའི་སྒོ་ནས་རབ་ཏུ་བྱུང་ཞིང་བསྙེན་པར་རྫོགས་ཏེ་སོ་སོར་ཐར་བའི་དགེ་སློང་གི་སྡོམ་པ་བཞེས། ས་དགེ་བཀའ་རྙིང་སོགས་ཕྱོགས་དང་རིས་སུ་མ་ཆད་པའི་བླ་མ་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ཀྱི་མདུན་དྲུང་ནས། གསར་རྙིང་རྒྱུད་སྡེ་རབ་འབྱམས་ཀྱི་སྨིན་ཁྲིད་རྒྱབ་རྟེན་གྱི་ཚོགས་མཐའ་ཡས་པ་གསན་ཞིང་ཐམས་ཅད་གཡས་ཆུང་དུ་མི་བཞག་པར་གྲུབ་མཐའ་སོ་སོའི་བཤད་པའི་རྣམ་གྲངས་དང་། ལྟ་སྒོམ་གྱི་འཇོག་མཚམས། བསྐྱེད་རྫོགས་སོ་སོའི་ཟབ་གནད། ཆོ་ག་དང་མན་ངག་ཕྱག་ལེན་ཕྲ་མོ་ཚུན་ཆད་རང་རང་གི་ལུགས་སྲོལ་མ་འདྲེས་པར་གསལ་བར་མཁྱེན་ཅིང་དེ་ལྟར་ཕྱག་ལེན་དུའང་བསྟར་ཏེ་དགུང་གྲངས་བཅོ་ལྔ་ནས་སོ་དགུའི་བར་རི་ཁྲོད་ཁོ་ན་འགྲིམས་ནས་བྱ་བཏང་གི་ཚུལ་གྱིས་ཟས་གོས་སོགས་ལུས་རྟེན་མི་འདོར་ཙམ་གྱིས་ཆོག་པར་བྱས་ཏེ་སྒོམ་བསྒྲུབ་ཁོ་ནར་བརྩོན། སི་ཏུ་རིན་པོ་ཆེའི་བཀའ་བསྐུལ་བཞིན་སྔ་འགྱུར་ཁྲ་གླིང་དགོན་ཐུབ་བསྟན་བཤད་སྒྲུབ་ནོར་བུའི་དགའ་ཚལ་བཀྲ་ཤིས་ཆོས་ལྡན་གླིང་ཕྱག་བཏབ་གནང་སྟེ་བསྟན་འགྲོའི་དོན་རྒྱ་ཆེ་བ་བསྒྲུབས། ཁོང་ཉིད་སྐྱེས་མཆོག་གཞན་དག་གིས་མཐོང་ཚུལ་ལ་ཡང་། རྒྱ་ཏོག་བླ་མ་དགེ་ལོས་ཨོ་རྒྱན་ཆེན་པོར་མཐོང་བ་དང་། རྒྱ་ལུག་བླ་མ་འོད་ཚུལ་གྱིས་ཐུགས་རྗེ་ཆེན་པོར་མཐོང་བ། མ་ཎི་བླ་མ་པདྨ་སིདྡྷིས་པཎ་ཆེན་བི་མ་མི་ཏྲར་མཐོང་བ་སོགས་ཧ་ཅང་མང་། སློབ་མའི་གཙོ་བོ་ནི་མཁན་ཆེན་པདྨ་བློ་གྲོསདང་། མཁན་རྒན་དད་པའི་རྟེན། མཆོག་སྤྲུལ་བསྟན་པའི་ཉི་མ། ཁམས་གཙང་སྨན་པ་འབྲུག་རྒྱལ། མཁན་མུན་སེལ་སོགས་སྐྱེས་ཆེན་དུ་མ་བཞུགས། མཐར་གདུལ་བྱ་གདུལ་བྱ་རྟག་འཛིན་པའི་ཞེན་སྣང་བཟློག་ཕྱིར་དགོངས་པ་ཞི་དབྱིངས་སུ་བསྡུ་བར་བརྩམས་པ་ན། ཁོང་གི་ཉེ་གནས་བླ་མ་རཏྣ་སོགས་ཀྱིས་བཞུགས་ཞུ་དང་། དགོན་གཞུང་གི་བླ་གྲྭ་ཡོངས་ཀྱིས་ཞབས་བརྟན་རིམ་གྲོ་མང་དུ་བསྒྲུབས་ཀྱང་བསོད་ནམས་ཀྱི་སྐལ་བས་མ་ཆུན་པར་དགུང་གྲངས་དོན་བརྒྱད་བཞེས་པ་རབ་རྒྱལ་ཤིང་རྟ་ལོའི་༼༡༩༥༤༽དགུན་ཟླ་ར་བའི་ཚེས་བཅུའི་ཉིན་ཁྲ་གླིང་དགོན་གྱི་གཟིམ་ཆུང་འོད་གསལ་ཕུག་ཏུ་རེ་ཞིག་གཟུགས་སྐུ་རགས་པའི་བཀོད་པ་སྤྲོས་མེད་བདེ་བ་ཆེན་པོའི་དབྱིངས་སུ་མནལ་བའོ། །
ཀུན་བཟང་ཐུགས་ཀྱི་བསྟན་པའི་གསལ་བྱེད་མཆོག །
ཀུན་མཁྱེན་གཉིས་པ་འཇིགས་མེད་ཆོས་ཀྱི་རྗེ། །
ཀུན་གཞིའི་རྨག་ན་འཕྱན་པའི་གདུལ་བྱའི་དོན། །
ཀུན་གསལ་ཉི་ཟླའི་ཟོལ་དུ་འཕྲུལ་བ་དགེ །
ཞེས་པ་འདི་ནི་རྗེ་ཁོང་གི་མཛད་པའི་ཆ་ཤས་ཕྲ་མོ་ཙམ་ཞིག་རང་གཞན་ཀུན་ཀྱི་དད་པའི་ས་བོན་དུ་རྨོངས་རྟུལ་གྱི་ན་པ་བ་རོད་ཐུབ་བསྟན་བསྟན་པའི་རྒྱལ་མཚན་གྱིས་རབ་གནས་ཤིང་ལུག་ལོའི་རྟ་བ་ཟླ་བའི་དཀར་ཕྱོགས་དགའ་བ་གཉིས་པར་མདོར་བསྡུས་སུ་སྦྱར་པ་དགེ །

 


 

ཀློག་གྲངས།:[2586]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com