སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

མགོ་ལོག་པདྨའི་སྨར་མདོ་གེ་སར་ཕོ་བྲང་པདྨ་ལྷ་རྩེ།

 

མགོ་ལོག་པདྨའི་སྨར་མདོ་གེ་སར་ཕོ་བྲང་པདྨ་ལྷ་རྩེ།
ཚེ་རིང་སྒྲོལ་མ།

སྨར་མདོ་གེ་སར་ཕོ་བྲང་ནི་སྤྱི་ལོ༡༩༩༠ལོའི་ཟླ་གསུམ་པའི་ཚེས་བཅུ་དྲུག་ཉིན་གངས་ཅན་མཁས་གྲུབ་ཡོངས་ཀྱི་གཙུག་རྒྱན་སྙིགས་དུས་བསྟན་པའི་གསལ་བྱེད་ཆེན་པོ་རྗེ་འཇིགས་མེད་ཕུན་ཚོགས་འབྱུང་གནས་ཀྱིས་དགོན་གནས་འདི་འདན་སྲས་གཡུ་འོད་འབུམ་མེའི་སྐུ་མཁར་གྱི་ཤུལ་ཡིན་ཞེས་ངོས་འཛིན་དང་འབྲེལ་གེ་སར་བསང་ཆེན་ཞེས་པའི་ཕྱག་སྲོལ་དབུ་བཙུགས་གནང་ཞིང་རྟེན་འབྲེལ་དགེ་བའི་ཤིས་བརྗོད་མཛད་པ་ནས་བཟུང་། གེ་སར་རྒྱལ་པོ་དང་འབྲེལ་བའི་བྱ་བ་མང་པོ་ཞིག་གི་དབུ་བརྩམས། དུས་དེ་ནས་བཟུང་ནམ་རྒྱུན་དུས་ངེས་དུ་ལོ་བཞིན་བསང་ཆེན་འདི་རྒྱས་སྤྲོས་ཀྱི་སྲོལ་རྒྱུན་རྒྱུན་ཆགས་སུ་གནས་ཡོད། སྤྱི་ལོ༢༠༠༦ལོའི༦པའི་ཚེས༢༠ཉིན། རྒྱལ་ཡོངས་གེ་སར་བྱ་བའི་མགོ་ཁྲིད་ཆེད་ཕེབས་མི་སྣའི་ཀྲུའུ་རིན་ཡང་ཨིན་ཧོང་དང་ཁུལ་རིམ་པའི་འབྲེལ་ཡོད་མགོ་ཁྲིད་སོགས་ཀྱིས་གེ་སར་བྱ་བ་སྒྲུབ་ཡུལ་དུ་ཆོག་མཆན་གནང་ཞིང་། གེ་སར་རིག་གནས་ངག་ཐོག་སྲོལ་རྒྱུན་ཞིབ་འཇུག་རྟེན་གཞི་རུ་སྒོ་ཕྱེས་ཏེ། གེ་སར་ཕོ་བྲང་པདྨ་ལྷ་རྩེ་ཞེས་པའི་མཚན་བྱང་བསྩལ། སྤྱི་ལོ༢༠༡༠ལོའི་ཟླ༣པའི་ཚེས༡༤ཉིན། ད་ལྟའི་སྨར་མདོ་གེ་སར་ཕོ་བྲང་པདྨ་ལྷ་རྕེ་གསར་བཞེངས་ཀྱི་ལས་གཞིའི་མགོ་བརྩམས་ཤིང་། རེབ་གོང་ལྷ་བཟོ་ཤ་བོ་ལྷུན་གྲུབ་དང་ཁོང་གི་ཞབས་འབྲིང་པ་དག་གིས་གནའ་དེང་གཉིས་ལྡན་གྱི་སྒྱུ་རྩལ་ཁྱད་ཆོས་འབུར་དུ་ཐོན་པ་སྟེ། རིན་ཆེན་བརྩེགས་པའི་ཁྲི་འཕང་མཐོན་པོར་མི་རྗེ་སེང་ཆེན་ནོར་བུ་དགྲ་འདུལ་མཆོག་ཁྲབ་རྨོག་འཁོར་གསུམ་ཅན། རྟ་མཆོག་རྐྱང་རྒོད་བཅིབས་པ། ཕྱག་གཡས་རྦ་ལྕགས་དང་། གཡོན་དུ་མདུང་རིང་བ་དན་གྱིས་བརྒྱན་པ་འཁོར་དགྲ་བླ་ཝེར་མ་བཅུ་གསུམ་གྱིས་བསྐོར་ཅིང་། གཡས་སུ་འབུམ་པ་རྒྱ་ཚ་ཞལ་དཀར་དང་། སྟག་རུང་ཨ་ཁུ་ཁྲོ་ཐུང་། གསེར་བའི་ཉི་འབུམ་དར་ཡག དམུ་བྱང་རིན་ཆེན་དར་ལུ། འོམ་བུའི་ཨ་ནུ་དཔའ་སེང་། དཔའ་བོ་སེང་སྟག་ཨ་དོམ། སྤྱི་དཔོན་སྣང་ཆུང་གཡུ་སྟག ལྷ་སྲས་དགྲ་ལྷ་རྩེ་རྒྱལ། སྟག་སྲས་ནོར་བུ་རྩེ་རྒྱལ། འདན་སྲས་གཡུ་འོད་འབུམ་མེ། སྟག་རོང་ལྷ་རྒོད་འབུམ་ལུ། མི་ཆེན་ཐར་བའི་བསོད་ནམས། དཔའ་མོ་ཨ་སྟག་ལྷ་མོ།(གླིང་སྨན་ཆོས་མཚོ)བཅོ་ལྔའི་དཔའ་གསར་ཟླ་བ། ཡ་ཐེའི་སྐྱེས་མཆོག་ཐར་བ། གདོང་བཙན་སྣང་ལུ་ཨ་དཔའ། ལྕགས་ནག་དཔོན་པོ་སེང་སེང་། གསེར་སྲས་ཉི་མ་གུང་རྒྱལ། འབྲི་སྲས་ནམ་མཁའ་ཐོག་རྒྱལ། ཨ་མྱེ་རྨ་ཆེན་སྤོམ་ར།(སྒོ་སྲུང)ཡུལ་སྐྱོང་གཡུང་དྲུང་ལྕགས་རྩེ།(སྒོ་སྲུང་)ནེའུ་ཆུང་མེ་ཏོག་མདངས་འཛིན། སྐྱང་ལོའི་སེང་ལྕམ་འབྲུག་མོ། ཁྲོམ་དཔོན་མེ་ཟ་འབུམ་སྐྱིད། གྲོ་ཟ་པད་དཀར་ལྷ་མཛེས་སྟེ་དྭངས་སྨན་མཁའ་འགྲོ་སྡེ་བཞི་བཅས་དང་། གཡོན་དུ་རིམ་པར་ཚ་ཞང་འདན་མ་བྱང་ཁྲ་དང་། སྤྱི་དཔོན་བྱང་ཆུབ་བློ་གྲོས། ལྷ་བུ་ནམ་མཁའ་སེན་ཞལ། དར་འཕེན་དུག་གི་སྡོང་པོ། མི་ཆེན་རྒྱལ་བ་ལྷུན་འགྲུབ། སྐྱ་ལོའི་སྟོན་པ་རྒྱལ་མཚན། སྟག་རོང་དཔོན་པོ་གཟིག་འཕེན། དཔའ་བོ་ཉ་ཚ་ཨ་བསྟན། རོང་ཚ་གེ་འཕེན་དམེ་ལེབ། དམུ་བའི་ཤེལ་དཀར་རྒྱང་གྲགས། ཨ་འབར་དཔའ་བོ་འབེན་སྟག སྐྱ་ལོའི་བུ་ཡག་འབྲུག་རྒྱལ། དཀར་རུའི་ཉི་མ་རྒྱལ་མཚན། འདན་གྱི་གུ་རུ་རྒྱལ་མཚན་བཅས་གླིང་གི་དཔའ་རྟུལ་རྣམས་རྟ་ལ་བཅིབས་ཤིང་། དྭངས་སྨན་རྣམས་བཞེངས་ཚུལ་གྱིས་ཕྱག་ན་མཆོད་རྫས་ཐོགས་པའི་འཇིམ་སྐུ་བཞི་བཅུ་རྩ་གྲངས་གསར་དུ་བསྐྲུན། སྤྱི་ལོ༢༠༡༡ལོར་ཟླ༤བར་ཕོ་བྲང་གི་ཉིས་ཐོག་ཏུ་གུ་རུ་སྣང་སྲིད་ཟིལ་གནོན་དང་། གཏེར་ཆེན་བདུད་འཛོམ་གླིང་བ། གཏེར་ཆེན་བདེ་གཤེགས་གླིང་བ་བཅས་ཀྱི་གསེར་སྐུ་སྤོས་དག་ཆེ་ཚད་སོགས་དང་། བཀའ་བསྟན་འགྱུར་དང་། རྙིང་མ་རྒྱུད་འབུམ། སྔ་འགྱུར་བཀའ་མའི་དཔེ་ཚོགས། མི་ཕམ་གསུང་འབུམ། གསར་རྙིང་རིས་ཀྱི་བཀའ་འབུམ་པོ་ཏི་སྟོང་ལྷག་དང་། གཅིག་ཐོག་ཏུ་དུས་ཀྱི་རྒུད་པ་གསོ་བར་ལུང་གིས་བསྔགས་པའི་ཟངས་སེར་གྱི་གེ་སར་རྒྱལ་པོ་མི་རྟ་མཉམ་འཛོམས་དང་། འཁོར་དགྲ་ལྷ་བཅུ་གསུམ་བཅས་མཐོ་ཚད་ལ་རྨིས་ལྔ་ཡོད་པ་དང་། དཔའ་རྟུལ་བཞི་ཅུ་རྩ་གཉིས། དྭངས་སྨན་མཁའ་འགྲོ་སྡེབ་བཞི། མགོ་ལོག་གི་ཡུལ་ལྷ་ཆེན་པོ་སྟེ་རྨ་གཡུ་ལྕགས་གསུམ། ཙིའུ་དམར་བོ་སོགས་མཐོ་ཚད་ལ་རྨིས་གཉིས་ཙམ་ཀྱི་གསེར་སྐུ་ལྔ་བཅུ་ལྷག་བླུས་ནས་གཟུངས་དང་རབ་གནས་རྒྱ་ཆེར་སྤེལ་ཏེ། གེ་སར་རིག་གནས་ལོ་རྒྱུས་དང་འབྲེལ་བའི་མགོ་ལོག་སྤྱིའི་ལོ་རྒྱུས་འགྲེམ་སྟོན་ཁང་དང་། སྨར་མདོ་གེ་སར་རིག་གནས་ཁྲིད་སྦྱོང་རྟེན་གཞི། གེ་སར་རིག་གནས་གཙོས་པའི་བོད་ཀྱི་རིག་གནས་བང་མཛོད་གསུམ་གཞི་གཅིག་ཏུ་འབྲེལ་བའི་གེ་སར་ལྷ་ཁང་སྔར་མེད་ཅིག་བཞེངས་སྐྲུན་མཛད་ཡོད།
དགོན་པའི་རྒྱབ་ཕྱོགས་སུ་རྒྱ་ཚའི་རྨོག་ཕོར་ཡིན་ཞེས་པའི་རྨོག་ཞུ་ལྟ་བུའི་གནས་རི་ཡོད་ལ། གཡས་གཡོན་གྱི་ཕག་རྒོད་ཐང་དང་ངར་ཆུ་ཐང་གཉིས་ནི་རྒྱ་ཚ་ཞལ་དཀར་གྱི་གཞུ་མཆོག་དཀར་གྱི་གཡས་གཡོན་གཉིས་ཡིན་ཟེར་སྲོལ་འདུག དེའི་དཀྱིལ་གྱི་ད་ལྟའི་དགོན་གནས་ནི་རྨོག་དཀར་འཇོག་ས་ཡིན་ཞེས་ཡུལ་མིའི་ངག་རྒྱུན་ཁུངས་དག་རླུང་ལྟར་གྲགས།
ཡོངས་ཁུངས། པདྨ་ས་ཁུལ་གྱི་གེ་སར་རིག་གནས་རགས་བཤད

 

 

ཀློག་གྲངས།:[2715]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com