སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི།བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་།དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར།དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས།བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་།དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ།ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ།གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད།འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས།གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་།གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ།གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ།མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་།ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན།དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ།།ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་ སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

གླིང་སྒྲུང་བའི་གཞིས་ཁྱིམ།


2015-11-28 ཉིན། ཤར་གཉན་པོ་གཡུ་རྩེའི་གནས་མདུན་ནས་འཚར་ལོངས་བྱུང་བའི་བོད་ཀྱི་པྲ་སྒྲུང་བ་བཻ་སྤྲུལ་ཚེ་སྒྲུབ་ལགས་གྱིས་གཙོ་གཉེར་མཛད་པའི་མཚོ་སྔོན་ཞིང་ཆེན་གྱི་གེ་སར་སྒྲུང་རྒྱུན་འཛིན་རྟེན་གཞི་དང་མགོ་ལོག་གེ་སར་སྒྲུང་བའི་ཁྱིམ་གཞིས་སྒོ་བྱང་འགེལ་བའི་མཛད་སྒོ་ཟི་ལིང་དུ་བསྡུས་པ་དང་། མཛད་སྒོ་འདིར་རྒྱལ་ཡོངས་གེ་སར་གཞུང་ལས་ཁང་གི་དབུ་ཁྲིད་ནོར་བུ་དབང་ལྡན་དང་། ཞིང་ཆེན་གེ་སར་ཞིབ་འཇུག་ཁང་གི་དབུ་ཁྲིད་དབང་གྲགས། གཅོད་པ་དོན་འགྲུབ། མགོ་ལོག་ཁུལ་སྲིད་གཞུང་གི་དབུ་ཁྲིད་བསོད་ནམས་སྐྱིད། འབྲུག་སྐྱིད། ཁུལ་མང་ཚོགས་སྒྱུ་རྩལ་ཁང་གི་དབུ་ཁྲིད་ཚེ་རིང་། གཞན་ཡུལ་ཤུལ་གྱི་སྒྲུང་ཆེན་ཐ་གའི་ཟླ་བ་གྲགས་པ་དང་། མགོ་ལོག་དར་ལག་རྫོང་སེང་ལྕམ་འབྲུག་མོའི་སློབ་གླིང་གི་སྒྲུང་བཤད་མཁས་པ་སྙན་གྲགས་ལྷ་མོ། གཞན་སོགས་ས་གནས་མི་འདྲ་བའི་སྒྲུང་བ་སྒྲུང་མ་མང་པོ་དང་།



དེ་བཞིན་དུ་མགོ་ལོག་དར་ལག་སེང་ལྕམ་འབྲུག་མོའི་སློབ་གླིང་གི་སློབ་གཙོ་ཁྲ་གྲོགས་པོ་དང་། ཨ་མདོ་བརྙན་འཕྲིན་ཁང་གི་བཀྲ་ཤིས་དོན་གྲུབ། མགོ་ལོག་རྨ་ཆེན་རྫོང་གི་འབྲོང་ཁེར་ལྡོམ་སྒྲ་སྙན་སྒྲིག་སྦྱོར་ཁང་གི་དཔལ་ཆེན་སྐྱབས། མགོ་ལོག་གཅིག་སྒྲིལ་རྫོང་གི་གཡུ་རྩེ་ཨུཏྤལ་རིག་གནས་སྒྱུ་རྩལ་དར་སྤེལ་ཚད་ཡོད་འགན་ལེན་སྤྱི་གཉེར་ཁང་གི་གཙོ་སྒྲུབ་པ་ཀུན་ཕན་དང་། རི་མོའི་སྒྱུ་རྩལ་བ་གཡས་ཚུལ་ཁྲིམས་ཉི་མ་སོགས་། སློབ་གསོ་བ་དང་ཁེ་ལས་པའི་མི་སྣ་མང་པོས་གྲུབ་ཡོད་ལ། མགོ་ལོག་ཁུལ་གྱི་ཁུལ་དཔོན་འབྲུག་སྐྱིད་ཀྱིས་ཚོགས་འདུའི་དབུ་འཛིན་མཛད་པ་དང་། གཙོ་གཉེར་བ་བཻ་སྤྲུལ་ཚེ་སྒྲུབ་སོགས་ཀྱིས་བགྲོ་གླེང་རབ་དང་རིམ་པ་མཛད་རྗེས།


སྒྲུང་བའི་ཁྱིམ་གཞིས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་དངོས་སུ་སྤེལ་བ་དང་བསྟུན། སྒྲུང་མཁན་ཟླ་བ་གྲགས་པ་དང་། པྲ་སྒྲུང་བ་ཚེ་སྒྲུབ། སེང་ལྕམ་འབྲུག་མོའི་སློབ་གླིང་གི་ཚེ་རིང་མཚོ་མོ་དང་། སྙན་གྲགས་ལྷ་མོ། གཞན་མཚོ་སྔོན་པོའི་ཕྱོགས་ཀྱི་སྒྲུང་བཤད་གྱེར་བ་འཇམ་དབྱངས་རྒྱ་མཚོ་དང་། ཀླུ་མོ་མཚོ་སོགས་ཀྱིས་དབྱངས་རྟ་སྙན་མོས་སྒྲུང་གླུ་རེ་རེ་བླངས་རྗེས་རྒྱལ་ཁའི་ངང་གྲོལ།

པྲ་སྒྲུང་བ་བཻ་སྤྲུལ་ཚེ་སྒྲུབ་ལགས་ཀྱིས་ལྷག་བསམ་ཆེན་པོས་དཀའ་ངལ་འགོག་རྐྱེན་གང་ལ་ཡང་མ་འཛེམས་པར་གཉེར་བའི་སྒྲུང་བའི་ཁྱིམ་གཞིས་འདིས། བོད་ཞིང་ལྗོངས་ལྔའི་གླིང་སྒྲུང་བ་རྣམ་པར་རིས་མེད་ཀྱི་ཞབས་ཞུ་དང་ཕན་ཐོག་རྒྱ་ཆེན་པོ་ཡོང་བའི་ཡིད་ཆེས་དང་རེ་བ་འདུག ། བཀའ་དྲིན་ཆེ།

 

 

ཀློག་གྲངས།:[4039]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com