སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

གེ་སར་ཤྭོ་འབོད་ལ་དཔྱད་པ་གནའ་མིའི་ཤུལ་བཞག་ཅེས་བྱ་བ། ༼ ཁག་དང་པོ། ༽

༄༅། ། གེ་སར་ཤྭ་འབོད་ལ་དཔྱད་པ་གནའ་མིའི་

ཤུལ་བཞག་ཅེས་བྱ་བ།

༼མུ་འགོད།༽

མགོ་ལོག་སྦྲ་སར་དཔོན་དབང་ཆེན་སྟོབས་རྒྱལ་གྱི་གསུང་རྩོམ་ལས་བཤུས།

ལེགས་བྱས་རྔ་ཆེན་དབྱར་སྐྱེས་སྤྲིན་གྱི་སྒྲ། །

སྙིང་རྗེའི་ཆུ་འཛིན་གློག་ཕྲེང་དྲ་བ་ཅན། །

གཞན་ཕན་གྲུ་ཆར་བདུད་རྩིའི་མཛོད་འཛིན་པ། །

གླིང་རྗེ་གེ་སར་སྲིད་འདིར་མངོན་པར་འཕགས། །

དེ་ལ་འདིར་བརྗོད་པར་བྱ་བ་ནི། གླིང་རྗེ་གེ་སར་འཛམ་གླིང་ཡིད་བཞིན་དབང་ གི་རྒྱལ་བོ་ཞེས་ཡོངས་སུ་གྲགས་པ་འདི་ཉིད་ཀྱི་རིགས་རུས་ ཆད་ཁུངས་དང་། དུས་ རབས་ནམ་ཞིག་ལ་སྐུ་འདས་འཁྲུངས་བྱས་པ་དང་། ལོ་རྒྱུས་ཀྱི་མི་སྣ་ངོ་མ་ཞིག་ཡིན་པ་ སོགས་ད་སྔོན་དཔྱད་གཏམ་དུ་སྤེལ་ཟིན་པའི་འདིར་མི་བརྗོད། ད་རེས་ཀྱི་དཔྱད་ གཏམ་གྱི་ནང་དོན་གཙོ་བོ་ནི་ཁོང་གི་མཛད་རྫེས་ཀྱི་གྲགས་པ་རྒྱལ་ཁབ་ཕྱི་ནང་ཀུན་ ཏུ་ཁྱབ་ཡོད་པ་དང་། ཁྱད་པར་དུ་སྟོད་མངའ་རི་སྐོར་གསུམ། བར་དབུས་གཙང་རུ་ བཞི ། སྨད་མདོ་ཁམས་སྒང་དྲུག་སོགས་བོད་ཆེན་པོའི་ས་ཁུལ་ཀྱི་ཆོས་དང་སྲིད ། མང་ ཚོགས་ཀྱི་ངག་རྒྱུན་འཚོ་བ་ཐམས་ཅད་ཀྱི་ནང་དུ་ཁྱབ་ཡོད་པའི་རང་གི་ཞིབ་འཇུག་ རྒྱུས་ལོན་བྱས་པ་ལྟར་ན་བརྒྱུད་སྒྲུང་། ཁ་སྒྲུང་། བབ་སྒྲུང་། ལྷ་སྒྲུང་། གཏེར་སྒྲུང་། རྩམ་སྒྲུང་། པྲ་སྒྲུང་སོགས་མི་འདྲ་བ་དང་མི་མཐུན་པའི་རིགས་མང་པོའི་སྒོ་ནས་སྒྲུང་སྣ་ ཚོགས་པ་དང་གཞན་ཡང་གེ་སར་གྱི་གཡང་འབོད། གཡང་སྒྲུབ། རླུང་རྟའི་ཀའཛུགས། རླུང་རྟ་བསྐྱེད་པ། ལྟ་འབོད་འདྲེ་བཀར། སྲུང་བཀོད། འཆི་བླུ། པྲ་སྒྲུབ། མདའ་ མོ་སོགས་འཚོ་བའི་ནང་དུ་ཁྱབ་ནས་ཡོད་པར་མ་ཟད། ཤྭ་དང་ཆོ་ལོ་མིག་མང་ཙམ་འགྱེད་ཚེ་ལའང་འབོད་ཚུལ་རེ་རེ་ཡོད་པས་སྐབས་འདིར་ཤྭ་འབོད་ལ་དཔྱད་པར་བྱ་ སྟེ་འདི་མ་འཆད་པའི་སྔོན་དུ་ཆོས་སྲིད་ཕྱོགས་ནས་གླེང་སློང་གི་ཚུལ་དུ་ཅུང་ཟད་ཅིག་ བཤད་པར་བྱའོ། དེ་ཡང་པཎ་ཆེན་བློ་བཟང་ཆོས་རྒྱལ་གྱིས་མཛད་པའི་འཛམ་གླིང་ རྒྱུག་བསང་ཞེས་བྱ་བའི་ནང་དུ། བསྭོ། ཁྲོམ་གེ་སར་དམག་གི་རྒྱལ་བོ་ནི། ། དུས་སྙིགས་ མར་འཛམ་གླིང་བླ་མའི་ཚུལ། སྐྱབས་ཀུན་འདུས་ཐམས་ཅད་མཁྱེན་པ་བསང་། ས་ཡུལ་ སྐྱོད་རྐྱང་རྒོད་ཕེར་བ་ནི། དུས་སྙིགས་མར་བདུད་འདུལ་ཁྲོ་བོའི་ཚུལ། དཔལ་རྟ་མགྲིན་ དབང་གི་རྒྱལ་བོ་བསང་། ཡབ་སྐྱ་ལོའི་སེང་ལྕམ་འབྲུག་མོ་ནི། དུས་སྙིགས་མར་རྗེ་ བཙུན་སྒྲོལ་མའི་ཚུལ། འཇིགས་བརྒྱད་སྐྱོབ་སེང་ལྡེང་སྒྲོལ་མ་བསང་། དཔའ་ཡང་དག་ དམ་པ་སུམ་ཅུ་ནི་། དུས་སྙིགས་མར་གྲུབ་ཆེན་སུམ་ཅུའི་ཚུལ། ཞེས་གླིང་གེ་སར་ནི་ སྐྱབས་གནས་ཀུན་འདུས་ཀྱི་ཐམས་ཅད་མཁྱེན་པའི་སངས་རྒྱས་ཡིན་པ་དང་། ཆིབས་ པ་རྐྱང་རྒོད་ནི་བདུད་འདུལ་གྱི་ཁྲོ་བོ་དཔལ་ཆེན་རྟ་མགྲིན་དང་། ཡུམ་འབྲུག་མོ་ནི་ འཇིགས་པ་བརྒྱད་སྐྱོབ་པའི་འཕགས་མ་སྒྲོལ་མ་དང་། དཔའ་ཐུལ་རྣམས་ནི་གྲུབ་པའི་ རིག་འཛིན་ཡིན་པར་གསུངས་ནས་སངས་རྒྱས་དང་ཐ་མི་དདཔའི་བདག་ཉིད་དུ་ བསྒྲུབས་ཡོད་པ་དང་། འཇིག་རྟེན་གྱི་ཕྱོགས་ནས་འཇུ་མི་ཕམ་པས་དགྲ་ལྷའི་ལྷ་བསང་ རིང་མོ་ལས། སྟོད་ལྷ་ཡུལ་གྱི་སྤྲིན་དཀར་འོད་རེ་ཆེ། བར་མི་ཡུལ་གྱི་རྡོ་ཁང་སྨུག་རེ་ ཆགས། འོག་ཀླུ་ཡུལ་གྱི་ན་བུན་ཐོལ་རེ་ལྡིང་། དམུ་ཐག་ལ་འཇུས་ཏེ་འདི་རུ་ཕེབས། གུད་སྐྱིད་པའི་གདན་ས་རྒྱལ་བོ་བཞུགས། གནས་ནོར་རྫས་འཛོམས་པའི་བདག་པོ་དེ། གླིང་གེ་སར་རྒྱལ་བོ་ཁྱེད་ཀྱིས་མཛོད། ཅེས་ཁོང་ཉིད་གསོན་པོར་བཞུགས་ཡོད་པ་ལྟར་ ཡུལ་གྱི་རྒྱལ་བོར་བཞུགས་པའི་རེ་ལྟོས་བྱེད་གི་ཡོད་པ་དང་། ཡང་གསོལ་མཆོད་འཕྲིན་ ལས་མྱུར་འགྲུབ་ལས། བཀྲ་ཤིས་ཐམས་ཅད་ཀྱི་འབྱུང་གནས། བསྐལ་བ་བཟང་བོ་ ཐམས་ཅད་ཀྱི་གཞི་མ། ལེགས་པའི་ཡོན་ཏན་ཐམས་ཅད་ཀྱི་བརྟེན་གནས། དཔལ་དང་ ཕུན་སུམ་ཚོགས་པ་ཐམས་ཅད་ཀྱི་བདག་ཉིད་ཆེན་པོ། རྒུད་པ་སེལ་བའི་ནོར་བུ། ནད་ རྣམས་འཇོམས་པའི་བདུད་རྩི་ཞེས་ཡོད་དོ་ཅོག་གི་བདེ་སྐྱིད་ཀྱི་འབྱུང་གནས་ཡིན་ པར་ཡིད་ཆེས་ཀྱིས་རེ་ལྟོས་བྱེད་པར་ཁོང་གི་མཚན་སྙན་གྱི་གྲགས་པ་དེ་དང་རྒྱ་ཆེ་ བའི་མང་ཚོགས་ཀྱི་བརྩེ་དུང་ཟབ་མོ་མཚོན་ནུས་སོ། བྱེ་བྲག་འདིར་དཔྱད་པར་བྱ་བ་ནི། བྱང་འབྲོག་རྫ་ཆུ་ཁ་བ་དང་མགོ་ལོག་སོགས་རྨ་ཆུའི་ཁ་བ། སྟོད་འབྲོག་འབྲི་ཆུའི་ཁ་ བ་སོགས་ཀྱིས་མི་རབས་ནས་མི་རབས་བརྒྱུད་ནས་མང་ཚོགས་ཀྱི་ཁ་རྒྱུན་དུ་གྲགས་ པའི་ཁྲ་མོ་གླིང་པའི་ཤྭ་འབོད་ཅེས་པ་དེ་འཆད་པར་བྱའོ། དེ་ཡང་འབྲོག་པ་རྣམས་ ཀྱིས་ཤྭ་གདན་ས་ལ་བཀོད། ཤྭ་རྡེལ་ཕྱོགས་སུ་བཀྲམ། ཤྭ་ཁྱུ་རིམ་པར་བཀོད། དུང་ཤྭ་ ལག་ཏུ་བཟུང་ནས། ། ཡང་ན་མི་རེ་ཟུང་དང་འབྲོག་པ་བཅུ་ཕྲག་མང་པོ་འཚོགས་ནས་ ཤྭ་འཕེན་རྒྱལ་འཇོག་བྱེད་སྐབས། ཤྭ་འབོད་བྱེད་སྲོལ་ཆགས་ཡོད་པ་དང་། དེ་ཡང་ཤྭ་ མིག་སུམ་པ་ལ་སྤ་ར་དང་བ་ལི་ཟེར་ཞིང་(སྤ་ར་ནི་རྒྱན་ཆའི་མིང་ཡིན་པར་འདྲ། )དེ་ བབ་དགོས་སྐབས་འདི་ལྟར་བརྗོད་པ་རེད། སྤ་ར་སྤ་ར་སྤ་ར། ཤྭ་སྤ་གཅིག་སྤ་རིའི་གོང་ ཐོག་ན། སྨུག་རུག་རུག་གླིང་དཀར་སྡེ་བ་ཡོད། ཁྲ་རུག་རུག་ལྷ་སྡེ་དཀར་པོ་ཡོད། སྤ་ ལྡན་མི་ཡི་རྒྱལ་བོ། སེང་ཆེན་ཆིབས་ཁ་སྒྱུར་ཤོག སྤ་སེང་གཡས་ནས་འདྲེས་ཤོག སྤ་སེང་གཡོན་ནས་འདྲེས་ཤོག འདོད་འཇོའི་བ་མོ་ཁྲིད་ཤོག དགོས་འདོད་ཆར་བ་ཕོབ་ ཤོག་ཅེས་དང་། ཤྭ་མིག་བཞི་བ་ལ་ཙི་ལི་ཞེས་འབོད་དེ(ཁྲོ་གཏུམ་གྱི་མིང་ཡིན་པ་འདྲ། ) བཞི་ཙི་ལི་ཙི་ལི། ཙི་ལི་མོ་བཙུན་གྱི་རྒྱལ་མོ། བྱང་ཨ་སྟག་འཁྱིལ་བའི་ཀླུ་མོ། རྟ་ཙི་ལིའི་ ནས་སྐྱོད་ཤོག རྣོ་གཅོད་རལ་གྲི་ཐོགས་ཤོག བཙན་པོའི་བུ་ཞིག་གསོད་དགོས། ཉམས་ ཆུང་བུ་ཞིག་གསོས་དགོས། ཙ་ར་ར་ཙི་རི་རི། དགྲ་ཤ་ཟོ་དགྲ་ཁྲག་འཐུང་། ཅེས་དང་། ཤྭ་མིག་ལྔ་བ་ལ་ཁ་ལ་ཟེར་ཞིང(གཏམ་གྱི་མིང་ཡིན་སྙམ། )དེ་བབ་དགོས་པའི་དུས་སུ། ལྔ་ཁ་ལ་ཁ་ལ། ཁ་ལ་དྲག་སྔགས་ཀྱི་རྒྱལ་བོ། སེར་བ་མཛུབ་ཁྲིད་ཀྱི་གདམ་པ། ཧཱུཾ་ཤི་ཕཊ་འགྱེལ་གྱི་སྔགས་པ། སྒ་བདེའི་ཆོས་སྐྱོང་བེར་ནག ཞེས་དང་ཡང་ན་ཁ་ལ་ཁ་རྟགས་རྒྱག་ནི་བོ། འཛམ་གླིང་སེང་ཆེན་རྒྱལ་བོ་རེད། འབྲོང་མོའི་ཐོ་ཀོ་བཀོག་ནི་བོ། བྱང་གི་ཨ་སྟག་ཀླུ་མོ་རེད། སྟག་དམར་མཆེ་བ་རྫོགས་ནི་བོ། ཚ་ཞིང་འདན་མ་བྱང་ཁྲ་ རེད། དེ་རིང་སྐྱིད་པའི་ཉི་མ་ལ། ཁ་ལ་ཡག་པའི་བྱེ་མར་ཟ། ལག་ལ་ཡག་པའི་མདའ་དར་འཛིན། ཁ་ལ་བོས་པའི་ཁ་ལས་དགེཞེས་དང་། ཤྭ་མིག་དྲུག་པ་ལ་དྲུག་གུ་ཟེར་ ཞིང་། དེ་བབ་དགོས་པའི་དུས་སུ། ཤྭ་དྲུག་བུ་དྲུག་གུ། དགུང་ལ་སྐར་མ་སྨིན་དྲུག ས་ལ་འཁོར་བ་རིགས་དྲུག ཆོས་ལ་མ་ཎི་འབྲུ་དྲུག གླིང་ལ་ཕྱུག་པོ་རུ་དྲུག དྲུག་གུས་དྲུག་ སྙིང་གློ་ལ་ཐོག་ཤོག འོག་མ་ཎི་རྒྱབ་ལ་ཁུར་ཤོག ཁ་མ་འབོར་གྱི་དྲུག་གུ་གྱིས། ལག་མི་ འབོར་གྱི་སྨྱུ་གུ་གྱིས། དྲ་དྲ་གྱི་དྲུག་དྲུག་ཤོགཅེས་དང་། ཤྭ་མིག་མདུན་པ་ལ། དོ་ལོ་ཟེར་ ཞིང་དེ་བབ་དགོས་པའི་དུས་སུ། དུས་དུས་དུས། ཨ་དུས་དུས། ར་དུས་དུས། དུས་བཟང་ བོ་འདི་སྲིད་པ་བོད་ན་ཡོད། ས་སྐྱིད་པོ་འདི་སྨྲ་ཁམས་གླིང་ན་ཡོད། བུ་དཔའ་བོ་འདི་ གླིང་དཀར་སྟོད་ན་ཡོད། དཔའ་ཡང་དག་གི་རྒྱ་ཚ་ཞལ་དཀར་རེད། རྟ་མགྱོགས་པ་དེ་ ཁྲ་མོ་གླིང་ན་ཡོད། ལྡོང་བཙན་པོའི་གཡུ་བྱ་དྲེལ་སྔོན་རེད། བཙན་པོ་གླད་ལ་མ་ཤོར། མགྱོགས་པ་སྔོན་ན་མ་མངག དུས་ད་ལྟ་ཉིད་དུ་ཤྭ་ཕོབ་ཅིག་ཅེས་དང་། ཤྭ་མིག་བརྒྱད་ པ་ལ་ཆད་ཅེས་འབོད་དེ། དེ་བབ་དགོས་པའི་དུས་སུ། ཆད་ཆད་ཆད། ཁོག་སྟོད་ལྷ་ནས་ ཆད། ཁོག་སྨད་ཀླུ་ནས་ཆད། རྐེད་པ་གཉན་ནས་ཆད། ལྡོང་རུས་གླིང་ནས་ཆད། ལྷ་ནས་ ཆད་པའི་སངས་རྒྱས། མུ་ནས་ཆད་པའི་རྒྱལ་བོ། གཉན་ནས་ཆད་པའི་དགྲ་ལྷ། ཀླུ་ནས་ ཆད་པའི་ནོར་བདག་སེང་ཆེན་རྒྱལ་པོ་ཁྱོད་འབོད་དོ། །ཆགས་ལུགས་མི་འདྲ་བའི་རྒྱལ་ ཁ་ཐོབ། བབ་ལུགས་མི་འདྲ་བའི་ཤྭ་ཞིག་ཕོབས། ཞེས་དང་།

 

༼འདིར་ཡི་གེ་འབྲི་སྟངས་ཐད་ནས་ནོར་བ་ཨེ་ཡིན་སྙམ་པ་རེ་འགའ་མཐོང་དུ་ཡོད་ཀྱང་། རྩོམ་པོས་གསལ་བཤད་ཅིག་འདུག་པར་བརྩི་མཐོང་གིས་ཕྲད་རེ་གཉིས་ཙམ་མ་གཏོགས་རང་སོར་བཞག་ནས་བཀོད་པ་ཡིན། ༽

 

 

 

ཀློག་གྲངས།:[1773]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com