སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

རྒྱལ་སྤྱིའི་གེ་སར་དཔྱད་གླེང་ཚོགས་འདུའི་སྐབས་ཀྱི་གཏམ་བཤད།༼ ཁག་གཉིས་པ། ༽

གསུང་མཁན། མཁན་པོ་ཚུལ་ཁྲིམས་བློ་གྲོས། གསུང་ཡུལ། རྒྱལ་སྤྱིའི་གེ་སར་དཔྱད་གླེང་ཚོགས་འདུ། གསུང་ས། ཁྲིན་ཏུའུ། དུས་ཚོད། ༢༠༡༥ལོའི་ཟླ་༩ཚེས་༡༢ཉིན། སྒྲ་ཕབ་ཡོང་ཁུངས། གངས་ལྗོངས་ཉི་གཞོན་དྲ་བ།

 གསུམ་པ་དེ་གང་ཡིན་ཟེར་ན། ང་ཚོའི་བླ་མ་༸འཇིགས་མེད་ཕུན་ཚོགས་ཁོང་ཡང་གླིང་གི་དཔའ་ཐུལ་འདན་སྲས་གཡུ་འོད་འབུམ་མེའི་སྤྲུལ་པ་ཡིན་ཚུལ་མང་པོ་གསུང་གི་རེད། ཁོང་གིས་སྐྱེ་བ་སྔ་མ་མང་པོ་དྲན་གྱི་འདུག་ཀྱང་ཚང་མ་གསལ་པོ་དྲན་གྱི་མི་འདུག གླིང་གི་སྐབས་ཀྱི་འདན་སྲས་ཀྱི་ལོ་རྒྱུས་དེ་ཁ་སང་གི་དོན་དག་ནང་བཞིན་གསལ་པོ་དྲན་གྱི་འདུག་གསུངས། འདན་མ་ཕ་བུ་གཉིས་ཀྱི་ཕ་ཡུལ་དེ་སྡེ་དགེ་འདན་ཁོག་ནས་རེད། འདན་སྲས་གཡུ་འོད་འབུམ་མེའི་མཁར་ཡང་ད་ལྟ་འདན་ཆོས་འཁོར་དགོན་པ་ཡོད་ས་དེ་ན་ཡོད་རེད། ང་ཉིས་སྟོང་བཅུ་གསུམ་ལོ་ལ་རྫ་ཆུ་ཁར་འགྲོ་ཞོར་དུ་མཁར་དེ་ལྟ་རུ་དེ་ན་སོང་བ་ཡིན། འོན་ཀྱང་དགོན་པ་ཡོད་ས་དེ་འབྲི་ཆུའི་འགྲམ་ལ་རེད། ས་རྒྱ་ཆེན་པོ་མེད་རྐྱེན་སྔ་མ་འདན་སྲས་གཡུ་འོད་འབུམ་མེའི་མཁར་དེ་མར་བཤིག་ནས་དེའི་ཤུལ་ལ་གཙུག་ལག་ཁང་གསར་པ་བརྒྱབ་འདུག ད་ལྟ་དགོན་པ་དེའི་བླ་མ་ཚོས་ང་ཚོས་ལོ་རྒྱུས་ཀྱི་རིན་ཐང་ལྡན་པའི་མཁར་ཞིག་མེད་པ་བྱས་པ་དེ་རྩ་བ་ནས་འགྲིགས་མ་སོང་ཟེར་ནས་ཁོང་རྣམ་པ་འགྱོད་པ་སྐྱེ་བཞིན་འདུག དེའི་ཐོག་ནས་ཁོང་ལ་གླིང་གི་སྒྲུང་མང་པོ་གསུང་རྒྱུ་ཡོད་རེད། ཁྱད་པར་དུ་ད་ལྟ་མགོ་ལོག་དར་ལག་རྫོང་གི་ཁོངས་ལ་ཕོ་བྲང་སེང་འབྲུག་སྟག་རྩེའི་ཤུལ་ངོས་འཛིན་གནང་ཡོད་རེད། དེ་ངོས་འཛིན་གནང་བའི་སྐབས་༸མཁན་པོ་འཇིགས་མེད་ཕུན་ཚོགས་དངོས་སུ་ཕེབས་ནས་ངོས་འཛིན་གནང་བ་རེད། དེ་ཡང་སྐྱེ་བ་སྔ་མའི་ལོ་རྒྱུས་དྲན་པ་དེ་འདྲ་ཞིག་རེད། དེའི་སྐབས་སུ་དེ་ལ་ལོ་རྒྱུས་གཞན་པ་ཞིག་ཀྱང་ཡོད། དེའི་དུས་དཔེར་ན་དེ་རིང་ལྟ་བུ་ལ་ཕེབས་ནས་ཕོ་བྲང་སེང་འབྲུག་སྟག་རྩེའི་ས་ཆ་དེ་ངོས་འཛིན་གནང་ནས་དེ་རུ་དར་ཁ་ཞིག་བཞག་ནས་ཕེབས་སོང་བ་རེད། ས་ཆ་དེ་ཡོད་སའི་ཕར་ཟུར་དེ་རུ་ཆུ་གློག་ཁང་ཆུང་ཆུང་ཞིག་ཡོད་རེད། དེ་རིང་འདི་ན་མགོ་ལོག་དར་ལག་རྫོང་གི་ཁོངས་ནས་མི་སུ་ཡོད་མེད་མི་ཤེས། མིན་ནའང་ནོར་བྷེ་ལ་སོགས་པས་མཁྱེན་རྒྱུ་རེད། ཆུ་གློག་ཁང་དེའི་ནང་ལ་གློག་ཁང་སྲུང་མཁན་རྒྱ་རིགས་ལོ་ཆུང་ཞིག་འདུག དེའི་ཉིན་པར་ཁོ་རང་མི་གཅིག་པུ་འཁྱམ་འཁྱམ་བྱེད་ལ་སོང་འདུག དེའི་སྐབས་སུ་སེང་འབྲུག་སྟག་རྩེ་ཡོད་ས་དེ་ས་ཆ་སྟོང་པ་རེད། དེ་རུ་པོ་ཐོ་འགའ་ཞིག་བརྩིགས་ནས་དེའི་ཐོག་ལ་དར་ཁ་ཞིག་གཡོག་འདུག་པས་གང་ཡིན་ནམ་བསམ་སོང་ཟེར། ཁོས་པོ་ཐོ་ལ་རྡོག་པས་བརྒྱབ་སྟེ་མར་བཤིག་ནས་དར་ཁ་དེ་ཁྱེར་ནས་བུད་སོང་འདུག དེ་ནས་ཁོ་ཆུ་གློག་ཡོད་ས་དེ་རུ་སླེབས་དུས་དོན་དག་གཞན་གང་ཡང་མེད་པར་སེམས་འཚུབས་ནས་སྨྱོ་སོང་འདུག ཉི་མ་ཁ་ཤས་ཀྱི་རིང་ལ་སྨན་ཁང་ལ་མ་བསྟེན་བར་དུ་དྲག་མི་འདུག དེ་དོན་དག་དེ་ལ་འབྲེལ་བ་ཅུང་ཟད་ཡོད་པ་ལས་གཞན་པ་གང་ཡང་བཤད་ཅིང་མེད། ཁོ་རང་མ་དགའ་ནས་ཆེད་དུ་དེ་འདྲ་བྱས་བཞག་པ་ཡང་མ་རེད། ཁོ་རང་ལོ་ཆུང་ཡིན་རྐྱེན་ཧ་མ་གོ་ནས་ས་སྟོང་ཞིག་ནས་འདི་གང་ཡིན་ནམ་བསམས་ནས་པོ་ཐོ་བརྩིགས་ཡོད་པ་དེ་ཕར་བསྒྱེལ་ནས་དར་ཁ་དེ་ཁྱེར་སོང་བ་ཙམ་རེད། གནས་ཚུལ་དེ་འདྲ་དངོས་སུ་བྱུང་འདུག དེ་ཁོ་རང་གིས་རོགས་པ་ཞིག་ལ་བཤད་ནས་དེས་ང་ལ་བཤད་པ་རེད། འོན་ཀྱང་གནས་ཚུལ་དེ་ཡོང་རྐྱེན་གེ་སར་གྱིས་དེ་བྱས་པ་རེད་འདི་བྱས་པ་རེད་གང་ཡང་ཟེར་གྱིན་མེད། དེ་གང་འདྲ་ཡིན་མིན་མཁས་པ་ཚོས་སྡོམ་ཚིག་བརྒྱབ་སྟེ་ཐག་གཅོད་དགོས། དེ་ལྟ་བུའི་ལོ་རྒྱུས་ནི་དངོས་གནས་དྲང་གནས་བྱུང་འདུག དེའང་གེ་སར་གྱི་སྒྲུང་དང་འབྲེལ་བ་ཡོད་མེད་དེ་འདྲ་ཞིག་རེད། གང་ལྟར་དེ་ཚོ་གསུམ་གྱི་ཐོག་ནས་བལྟས་ན་གེ་སར་གྱི་སྒྲུང་དེ་མི་མང་པོ་ཞིག་གིས་སྐྱེ་བ་སྔ་ཕྱི་དྲན་པའི་ཐོག་ནས་བཤད་ཡོང་གི་འདུག་ལ། དེ་ལྟ་བུ་ལོ་རྒྱུས་ཀྱི་ཐོག་ལ་མང་པོ་འདུག ཡང་ཁ་ཤས་ཀྱིས་ཟེར་ན་ང་ལ་རྒྱལ་ཁབ་གསུམ་གྱི་ལོ་རྒྱུས་འབབ་རྒྱུ་ཡོད། ཆུ་ངོགས་གཏམ་རྒྱུད་ཀྱི་ལོ་རྒྱུས་འབབ་རྒྱུ་ཡོད་ཟེར་མཁན་དེ་འདྲ་ཡང་འདུག་ཟེར། ངས་བསམ་ན་དེ་རྩ་བ་ནས་འགྲིག་གི་མི་འདུག་བསམ། རྒྱལ་རབས་གསུམ་གྱི་ལོ་རྒྱུས་དང་ཆུ་ངོགས་གཏམ་རྒྱུད་ཀྱི་ལོ་རྒྱུས་གང་འདྲ་བྱས་ནས་འབབ་ཐབས་ཡོད་རེད། ངས་བསམ་ན་དེ་ཚོའི་སྐོར་དེ་སྐྱེ་བ་སྔ་ཕྱི་དང་འབྲེལ་བ་མི་འདུག་བསམ། རྒྱལ་ཁབ་གསུམ་གྱི་གཏམ་རྒྱུད་དེ་མི་སུ་འདྲ་ཞིག་གིས་བྲིས་པ་རེད། 三国演戏 ཟེར་བ་ལོ་རྒྱུས་ཤིག་གི་ཐོག་ནས་ཕར་འཕྲོས་ཏེ་བྲིས་བཞག་པ་དེ་འདྲ་ཞིག་རེད། དེ་འབབ་ཡོང་རྒྱུ་ཡོད་ཟེར་ན་ཁྱད་མཚར་ཞིག་རེད་བསམ། ད་དུང་ཆུ་ངོགས་གཏམ་རྒྱུད་ཀྱང་དེ་དང་གཅིག་པ་རེད། དེ་དག་འབབ་རྒྱུ་ཡོད་པ་དེ་ཅི་ཞིག་ཡིན་ངས་ཧ་གོ་གི་མེད། དེ་ལྟ་བུ་དེས་གེ་སར་གྱི་སྒྲུང་བཤད་ནའང་སྐྱེ་བ་སྔ་ཕྱི་དང་འབྲེལ་བ་གང་ཡང་མེད་པ་མ་ཟད། གེ་སར་གྱི་སྒྲུང་དེ་རིན་ཐང་མེད་པ་བྱས་བཞག་པ་མ་གཏོགས་རིན་ཐང་ཡོད་པ་ཞིག་རྩ་བ་ནས་མཐོང་གི་མི་འདུག དཔེར་ན་ནུབ་ཕྱོགས་སུ་བསྐྱོད་པའི་རྣམ་ཐར་རྒྱ་ཡིས་ 西游记ཟེར་བ་དེ་མི་སུས་བྲིས་པ་རེད། དེ་ལོ་རྒྱུས་ངོ་མ་ཞིག་རེད་དང་མ་རེད་ལྟ་དགོས་པ་རེད། དེ་དག་ཁོ་ཚོ་ལ་འབབ་ཀྱི་འདུག་བཤད་ཡོང་ན་དེ་ལ་གནད་དོན་ཞིག་འདུག་བསམ། གལ་ཏེ་དེ་ཁོ་ཚོ་ལ་འབབ་རྒྱུ་ཡོད་ན་འབབ་མི་ཆོག་ཟེར་རྒྱུ་གང་ཡང་མེད་ཀྱང་དེས་བཤད་པའི་སྒྲུང་དེ་དག་སྐྱེ་བ་སྔ་ཕྱི་དང་འབྲེལ་བ་གང་ཡང་ཡོད་ས་མ་རེད། ཡིན་ནའང་མི་གཞན་པ་མང་པོ་ཞིག་གིས་བཤད་པ་དེ་དག་སྐྱེ་བ་སྔ་ཕྱི་དང་འབྲེལ་བ་འདུག དེ་ཡིན་ན་སྒྲུང་པ་ཚོས་ཅུང་ཟད་གཟབ་གཟབ་བྱེད་དགོས་ས་ཡང་འདུག སྒྲུང་པ་ཚོས་ཀྱང་ཚན་རིག་དང་མཐུན་པ། ལོ་རྒྱུས་དང་མཐུན་པ་བཤད་དགོས་ས་རེད་མ་གཏོགས་གང་བྱུང་མང་བྱུང་དུ་བཤད་ན་གེ་སར་གྱི་སྒྲུང་དེ་རིན་ཐང་མེད་པ་ཆགས་འགྲོ་ས་རེད། དེ་ང་མི་སྒེར་གྱི་བསམ་ཚུལ་ཡིན། བཤད་དགོས་པ་གཞན་ཞིག་ལ་ད་ལྟ་གེ་སར་གྱི་ཐང་ཁ་མང་པོ་འབྲི་བཞིན་འདུག རྒན་འཇམ་དཔལ་རྒྱ་མཚོ་ཁོ་ཚོས་ཟླ་བ་འདིའི་གོང་ལ་པེ་ཅིན་དུ་ཐང་ཁའི་འགྲེམ་སྟོན་ཞིག་འཚོགས་སོང་བ་དེའི་སྐབས་ལའང་ངས་ཞུས་ཡོད། ང་ཚོས་གེ་སར་གྱི་ཐང་ཁ་འབྲི་ལུགས་དེ་གཏན་ནས་འགྲིག་གི་མི་འདུག དེ་གང་བྱུང་མང་བྱུང་བྱས་ནས་འབྲི་གི་འདུག ངས་ད་ཅི་དེབ་དེའི་ཐོག་ལ་གཅིག་བལྟས་པ་ཡིན། དེའི་ནང་ལ་བྲག་མགོ་ནམ་མཁའ་རྒྱལ་གྱིས་གེ་སར་གྱི་ཐང་ཁ་ཞིག་བྲིས་འདུག་པ་དེ་ལོ་རྒྱུས་དང་ཧ་ཅང་མཐུན་པོ་འདུག དེ་མིན་གེ་སར་གྱི་ཐང་ཁ་མང་པོ་ཞིག་བྲིས་འདུག་པ་དེ་དག་ལོ་རྒྱུས་དང་རྩ་བ་ནས་མཐུན་གི་མི་འདུག གེ་སར་གྱི་ཐང་ཁ་བྲིས་ན་གེ་སར་ཞེས་པ་དེ་དོན་གྱི་ཐོག་ལ་བྱུང་བའི་ལོ་རྒྱུས་ཀྱི་མི་སྣ་ཞིག་ཡིན་ཟེར་བཤད་འདུག་གི་ཡོད་རེད། དེ་འདྲ་བཤད་འདུག་གི་ཡོད་ན་གེ་སར་བྱོན་པའི་དུས་སྐབས་སུ་མི་དེ་ཚོས་གོས་གང་འདྲ་གྱོན་གྱི་འདུག ཁོ་ཚོའི་ཁྲབ་རྨོག་དེ་དག་གང་འདྲ་རེད། རྟ་ཡི་སྒ་དང་ཡོ་བྱད་དེ་དག་གང་འདྲ་རེད། དེ་ལ་བསམ་བློ་གཏོང་དགོས། འོན་ཀྱང་ང་ཚོས་དེ་དག་ཡུལ་དུས་དང་མི་མཐུན་པ་རྐྱང་རྐྱང་འབྲི་བཞིན་འདུག དེ་འདྲ་བྱས་ན་ཧ་ཅང་གི་རྙོག་གྲ་རེད་བསམ། གང་རེད་ཟེར་ན་མཛམ་བུ་གླིང་གི་ལོ་རྒྱུས་ལ་ཞིབ་འཇུག་བྱེད་མཁན་དག་གིས་ལོ་མང་པོའི་སྔོན་རོལ་ཏུ་མི་རིགས་ཤིག་གི་ཟ་མ་ཟ་ལུགས་དང་གོས་གྱོན་ལུགས་གང་འདྲ་རེད་འདུག་ལྟ་དུས་དེ་གང་ལ་ལྟ་གི་ཡོད་རེད་ཟེར་ན། སྐབས་དེའི་མི་ཚོས་ཆོས་ལུགས་ཀྱི་རི་མོ་གང་འདྲ་བྲིས་འདུག་ལྟ་བ་རེད། སྤྱིར་ན་ཆོས་ལུགས་ཀྱི་ནང་ལ་ཡོད་པ་དེ་ཅུང་ཟད་ཡར་འུད་བསྟོད་ལྟ་བུ་ཡོད་ནའང་མི་ཤེས་མོད། གང་ལྟར་དེའི་ཡོང་ཁུངས་དེ་མང་ཚོགས་ཀྱི་འཚོ་བའི་ནང་ནས་ཡོང་པ་ཡིན་དུས་དེ་ལ་བལྟས་ན་དེའི་སྐབས་སུ་མང་ཚོགས་ཀྱི་འཚོ་བ་སྤྱོད་སྟངས་འདི་འདྲ་རེད་འདུག་སྙམ་པ་ཧ་གོ་གི་རེད་ཟེར། དེར་བརྟེན་གལ་ཏེ་ད་ལྟ་ང་ཚོས་འབྲི་བཞིན་པའི་ཐང་ཁ་འདི་དག་ལ་མ་འོངས་པ་ལོ་བཞི་བརྒྱ་ལྔ་བརྒྱའི་རྗེས་ནས་གདེང་འཇོག་བྱེད་མཁན་ཞིག་ཡོད་ན་རྩ་བ་ནས་འགྲིག་གི་མི་འདུག གེ་སར་གྱི་ཐང་ཁ་འབྲི་མཁན་ཚོས་ལོ་རྒྱུས་ལ་བརྩི་འཇོག་བྱ་རྒྱུ་དེ་ཧ་ལས་པའི་གལ་ཆེན་པོ་རེད། དེ་རིང་འདིའི་ནང་ལ་ཕེབས་ཡོད་པ་ཚང་མ་མཁས་པ་དང་ཆེད་ལས་པ་རྐྱང་རྐྱང་རེད། དེ་ཡིན་དུས་ལོ་རྒྱུས་ལ་བརྩི་འཇོག་མ་བྱས་པར་སྒོར་མོའི་དོན་དག་ལ་མང་པོ་ཞིག་ལས་ནས་ལོ་རྒྱུས་དང་མི་མཐུན་པ་བྱས་བཞག་ན་ཡག་པོ་མ་རེད་བསམ་གྱི་འདུག ད་ངའི་བཤད་རྒྱུ་དེ་འདི་ནས་མཚམས་འཇོག་པ་ཡིན། དུས་ཚོད་མང་པོ་བཀག་གི་མིན། ངས་གེ་སར་གྱི་སྒྲུང་གི་ཐད་ནས་མང་པོ་ཤེས་ཀྱང་མི་ཤེས་ལ་མང་པོ་ཞུ་བ་ཡང་མིན། དེ་རིང་མཁས་པ་དང་ཆེད་ལས་པ་ཚོས་མང་པོ་གསུང་ཡོང་ན་དེ་ལ་ང་རང་གིས་སློབ་སྦྱོང་ཞིག་བྱེད་བསམ་པ་ཡིན་མ་གཏོགས་གཞན་པ་མང་པོ་ཞུ་རྒྱུ་མེད། ཐུགས་རྗེ་ཆེ། སྨད་ཆ་རྫོགས་སོ།།

གསལ་བཤད། ཟིན་བྲིས་བའི་གནང་བ་མེད་ཚེ་ཤོག་ཐོག་ཏུ་དཔར་མི་རུང་།

 

 

ཀློག་གྲངས།:[1905]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com