སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

ནུབ་སྟག་གཟིག་ནོར་རྫོང་ཕབ་ཚུལ་དང་སྟག་གཟིག་གི་ཡུལ་ལྷའི་སྐོར།

༼གླིང་གེ་སར་གྱིས་སྟག་གཟིག་ནོར་གཏེར་ཕབ་པའི་ཚུལ།༽

གླིང་རྗེ་གེ་སར་གྱིས་སྟོང་ཉིད་ཀྱི་ཞྭ་མོ་གསོལ་བ། ཕྱག་གཡས་པས་རིན་ཆེན་གཏེར་གྱི་ལྡེ་མིག་བསྣམས་ཤིང་། གཡོན་པས་ཡིད་བཞིན་གྱི་ནོར་བུ་བསམ་འཕེལ་ཐུགས་དཀར་འཛིན་འཛིན་པ། ཆིབས་སུ་རྐྱང་བུ་ཁ་དཀར་ལ་ནོར་བུ་སྒ་ཆས་མཛད་པ། གཡས་རུ་ཤོག་ཆེ་བའི་དཔོན་རྒྱུད་རྣམས་ཀྱིས་དུང་དཀར་སོགས་བཀྲ་ཤིས་རྫས་བརྒྱད་བསྣམས་པ། གཞན་ཡང་སྒ་སྐྱ་ལོའི་སེང་ལྕམ་འབྲུག་མོས་རྒྱན་རབ་ལུས་ལ་རྒྱན་པ་དང་། སྔོ་ལོའི་བུ་མོ་ནེའུ་ཆུང་དེ་གཡས་སུ་རིན་པོ་ཆེ་སྣ་ལྔ་འཛིན་ཅིང་། གཡོན་དུ་གསེར་ཟོ་འོ་མས་བཀང་བ་མུ་ཏིག་གི་ལུང་ཅན་དང་། རྒྱལ་པོས་རྫ་གོང་སྤང་ལུང་དུ་ལྡེ་མིག་བཀྲོལ་བས། གཏེར་སྒོ་སོ་སོ་སྒོ་ཕྱེས་པའི་ནང་ནས་གཡག་ཁམ་པ་རུ་རིང་དང་ནོར་དང་ལུག་རྟ་སོགས་གཏེར་ཁ་མང་པོ་འགྱེད་པའོ། །


༼སྟག་གཟིག་གི་འབྲུག་ལྷ་ཐོག་རྗེ། ༽

དགུང་སྔོན་ཡངས་པའི་སྤྲིན་སྒོ་ནས། །གནམ་གྱི་འབྲུག་ལྷ་ཐོག་རྗེ་དེ། །མི་ལྤགས་སྟོང་གི་ཐུལ་བ་གྱོན། །སྔོ་ལྗང་ཞལ་གཅིག་ཕྱག་གཉིས་ཀྱིས། །ཁྲོ་ཆུའི་གཞོང་པ་ཕྱག་ན་བསྣམས། །ལྕགས་ཀྱི་སེར་བ་ཉི་ལི་ལི། །ཆིབས་སུ་གཡུ་འབྲུག་སྔོན་མོ་ཆིབས། །སྤྱན་གསུམ་དམར་མོ་མེ་འོད་འཕྲོ། །འཁོར་དུ་བདུད་དམག་འབུམ་གྱིས་བསྐོར། །སེར་རྒོད་འབྲུག་སྒྲ་ལྡི་རི་རི། །དེ་རིང་རྒྱལ་པོའི་ཆུས་ལ་གཟིགས། ། ཞེས་པ་ལྟར།

༼སྟག་གཟིག་གི་སྟག་ལྷ་མེ་འབར། ༽

བར་སྣང་སྤྲིན་ལམ་སྐྱ་མོ་ནས། །དཔའ་སྲས་སྟག་ལྷ་མེ་འབར་དེ། །མི་དམར་བསེ་ཡི་ཁྲབ་རྨོག་ཅན། །འཁོར་གསུམ་བསྐོར་ལ་དར་མདུང་ཐོགས། །རི་བཀྲ་སྟག་མོ་སྨྱོན་པ་ཆིབས། །བར་སྣང་བཙན་དམག་སྟོང་གིས་བསྐོར། །དེ་རིང་རྒྱལ་པོའི་ཆུས་ལ་གཟིགས། ། ཞེས་ལ་ལྟར།

༼སྟག་གཟིག་གི་ལྷ་དྲེད་ལེ་སོག་དཀར།༽

རྫ་རི་སྨུག་པོའི་ཡང་རྫོང་ནས། །ཡུལ་བདག་དྲེད་ལེ་སོག་དཀར་དེ། །མི་ལུས་དྲེད་ཀྱི་མགོ་བོ་ཅན། །གོ་ཁྲབ་གྱོན་ལ་མདུང་དར་ཕྱར། །ནོར་གཞོང་འཛིན་ལ་དཔའ་བོའི་གཟུགས། །ཆིབས་སུ་དྲེད་ནག་སོག་དཀར་ཆིབས། །འཁོར་དུ་ཡུལ་བདག་འབུམ་གྱིས་བསྐོར། །དེ་རིང་རྒྱལ་པོའི་ཆུས་ལ་གཟིགས། ། ཞེས་པ་ལྟར།

༼སྟག་གཟིག་བླ་རི་རྫོང་ལྷ་དཀར་ཆུང་།༽

གངས་རི་ཤེལ་གྱི་ཕོ་བྲང་ནས། །བླ་རི་རྫོང་ལྷ་དཀར་ཆུང་དེ། །མི་དཀར་དུང་གི་གོ་ཁྲབ་ཅན། །དབུ་ལ་བྱུ་རུའི་ཁྲབ་རྨོག་ཅན། །འཁོར་གསུམ་དུག་གི་སོ་རིས་ཅན། །ནམ་མཁའ་ཁྱུང་གི་ལྡེམ་འཕྲུ་ཅན། །ཨོག་ཚོམ་གཡུ་ཡི་སྨིན་མ་ཅན། །ཕྱག་གཡས་མདུང་དར་མཁའ་ལ་འཕྱར། །གཡོན་པས་ཞགས་པ་ནོར་འཛིན་ཐོགས། །དབང་མདོག་དམར་ནག་ཕོད་ཁ་བཅིངས། །བཙན་གྱི་དགེ་བསྙེན་འབུམ་དང་བཅས། །འཇིགས་རྔམས་ཤུགས་སྒྲ་ལྡི་རི་རི། །དེ་རིང་རྒྱལ་པོའི་གྲོགས་ལ་བྱོན། །


དཀའ་སྡུག་གི་རྔུལ་ཆུ་ལས་ཐོན་པའི་མཐོ་སྒང་གི་རླུང་རྟ་འདི་དག ངའི་ལྟེ་ཁྲག་འཕོ་སའི་ཡུལ་ལྷ་དྲག་རྩལ་ཅན་དེ་ཚོ་རེད། རྫོང་ཆེན་བརྒྱད་ཀྱི་ཡ་གྱལ་སྟག་གཟིག་ནོར་གྱི་ཕ་ས་རུ་གཞུགས་པའི་ཡུལ་ལྷའི་ཆགས་ཚུལ་འདི་རང་ཉིད་ཀྱིས་འཇོན་ནུས་ཙམ་གྱིས་ལྷ་བཟོ་ཆེད་མཁས་བ་ལ་བྲིས་ཐང་གི་ལམ་ནས་འབྲིར་འཇུག་རྒྱུར་དཔལ་འབྱོར་གྱི་དཀའ་ཁག་ལ་འཕྲད་རུང་སེམས་ཤུགས་བསྐྱེད་ནས་དགའ་བཞིན་འབྲི་བཞེངས་ཀྱི་ཕྱོགས་ལ་གོམ་སྟབས་བསྒྱུར་བཞིན་ཡོད། དེ་བས་ལོ་རྒྱུས་ཀྱི་རྒྱུན་ཐག་རིང་བའི་འཛམ་གླིང་གེ་སར་རྒྱལ་པོའི་བྱུང་བརྗོད་དང་དེའི་སྐོར་ལ་ཞིབ་འཇུག་གནང་བཞིན་པའི་སྐྱེས་ཆེན་རྣམ་པ་དང་གཞན་གཟིགས་མོ་བ་རྣམ་པའི་སྤྱན་ལམ་དུ་ཡུལ་སྟག་གཟིག་ཡུལ་གྱི་ཡུལ་ལྷ་གཞི་བདག་གི་ཆ་ལུགས་རེ་གཟིགས་འབུལ་ཞུས་ན། འདིའི་པར་རིས་སོགས་ལ་གཟིགས་པར་མཁྱེན་མཁྱེན།

རྔམས་ཟུར་ཟས་བྲིས་ཏེ་ཕུལ།


 

ཀློག་གྲངས།:[4662]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com