སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

གླིང་ལྷ་སྲས་དགྲ་བླའི་ཚེམས་མཆོག་ངོ་སྤྲོད།

ལྷ་སྲས་དགྲ་བླའི་ཚེམས་ངོ་སྤྲོད།

སྔོན་ཚེ་ཙནྡྲ་གོ་མི་སྲིད་ལས་རྒྱལ། །

གླིང་དཀར་སྟོད་དུ་ཁྲི་དཔོན་སྐུར་བཞེངས་པ། །

འབུམ་པའི་ལྷ་སྲས་དགྲ་བླ་རྩེ་རྒྱལ་ཞེས། །

མེས་པོ་འཁོར་གསུམ་ཅན་དེ་སྙིང་ནས་དྲན། །

པདྨའི་ཐུགས་སྲས་གླིང་རྗེ་གེ་སར་གྱི། །

སྐུ་ཚ་འཁྲུལ་མེད་གདུང་རྒྱུད་འཛིན་མཛད་དེའི། །

གདུང་རྟེན་ཚེམས་མཆོག་འཇིགས་ཞལ་རང་དོད་དང་། །

རིང་བསྲེལ་འོད་འབར་ཅན་དེ་མཇལ་བས་སྤྲོ། །


ཞེས་སྤྲོ་བའི་ཚིག་གིས་མདུན་བསུས་ཏེ་འདིར་གདོང་འབུམ་པའི་ཁྲི་དཔོན་ཞལ་དཀར་མཆོག་དང་རག་ཤུལ་བཟའ་དགེ་མཚོ་ཟུང་གི་རིགས་སྲས། གླིང་རྗེ་གེ་སར་སྐྱེས་བུ་དོན་གྲུབ་ཀྱི་སྐུ་ཚ་འཁྲུལ་བྲལ། སྔོན་གྱི་གླིང་དཀར་པོའི་རྟོགས་བརྗོད་ཡིག་རྙིང་ཁུངས་ཐུབ་རྣམས་སུ། བུ་མེད་ཀྱང་ཚ་བོ་བུ་ལས་ལྷག ། ཅེས་གླིང་རྗེ་གེ་སར་སྐྱེས་བུ་དོན་གྲུབ་ཀྱིས་ཁོང་གི་སྐུ་ཚེ་སྨད་དུ་གདོང་སྨུག་པོའི་རྒྱལ་སྲིད་ཀྱི་ཐོབ་ཐང་ཡོངས་རྫོགས་གཏད་དེ། དཀར་པོ་གླིང་གི་རྒྱལ་ཁྲི་ལ་མངའ་གསོལ་མཛད་པའི་ཁྲི་དཔོན་ཆེན་པོ། གདོང་འབུམ་པའི་དགྲ་བླ་རྩེ་རྒྱལ་ཞེས། དཔལ་གྲུབ་པའི་དབང་ཕྱུག་ཙནྡྲ་གོ་མི་བསམ་བཞིན་དུ་དཔའ་བོའི་གར་དུ་བཞེངས་པར་གྲགས་པ་གང་དེའི་གདུང་རྟེན་ཚེམས་མཆོག་བྱིན་ལྡན། ས་བཅུད་ཡུལ་རྟེན་གྱི་ནོར་བུ་ཁྱད་པར་ཅན་གང་དེ་ངོ་སྤྲོད་ཉུང་ངུ་ཞུ་བ་ལ། རྟེན་གྱི་ངོས་ནས་བྱིན་རླབས་ཆེ་ལ། ལོ་རྒྱུས་ཀྱི་དངོས་ནས་རིན་ཐང་གཞལ་དུ་མེད་པའི་ཚེམས་མཆོག་དེ་ནི་ཕལ་བའི་མིའི་སོ་དང་བསྡུར་ན་ལྡབ་དྲུག་བདུན་ལས་ཆེ་བ། དཀར་ཞིང་གཙང་ལ་དུང་མདོག་གི་གཟི་འོད་ལྡན་པ་སོགས་མཇལ་བ་ཙམ་གྱིས་ཡིད་ལ་ངོ་མཚར་བསྐྱེད་བྱེད་འདུག་ལ། འབུམ་པའི་དགྲ་བླ་རྩེ་རྒྱལ་ཁོང་ཕྱི་ཚུལ་ནས་བསྟན་འགྲོར་འཚེ་བའི་ཉམས་པ་བདུད་སྡེ་འཇོམས་པར་དཔལ་བདེ་གཤེགས་ཁྲོ་བོའི་རྒྱལ་པོ་དངོས་དང་མི་གཉིས་པའི་མཚོན་དོན་ལ། ཚེམས་སྟོད་དུ་དཔལ་རྡོ་རྗེ་འཇིགས་བྱེད་ཀྱི་ཞལ་གདོང་གི་དབྱིབས་རང་བྱོན་དང་། ནང་དུ་ལྷ་སྲས་ཁོང་ཉིད་དོན་དམ་བྱང་སེམས་ཀྱི་རང་རྩལ་ལས་ཡེ་ནས་གཡོ་མ་མྱོང་བའི་རང་རྟགས་སུ་ཚེམས་ཀྱི་ཁོང་གསེང་རྣམས་སུ་ཆོས་སྐུའི་རང་འབྲེལ་གཟི་འོད་ཆེམས་ཆེམས་སུ་འཚེར་བ། གསང་བ་ལྟར་ན་འབུམ་པའི་སྣང་རྒྱས་དཀར་པོ་ཁོང་ནང་གི་ཉོན་མོངས་པ་དུག་ལྔ་ཡན་པར་ཤོར་བའི་སེམས་ཀྱི་རུ་ཏྲ་རྒྱལ་འགོང་དམ་སྲིའི་དཔུང་ཚོགས་གཞོམ་པ་ལ་ཆེ་མཆོག་གུ་རུ་དྲག་པོའི་ཡེ་ཤེས་ཀྱི་རང་རྩལ་ལས་ཡེ་ནས་གཡོ་མ་མྱོང་བའི་མཚོན་བྱེད་དུ། ཚེམས་སྨད་ལ་ཕྱག་མཚན་སྡིག་པ་རྭ་ཙ་རང་བྱུང་གི་རིས་མངོན་གསལ་དུ་དོད་པ་སོགས་མཚོན་དོན་ཁྱད་ཆོས་འབུར་དུ་ཐོན་པའི་གདུང་རྟེན་འདི་ཉིད་ནི། ལྷ་སྲས་དགྲ་བླ་རྩེ་རྒྱལ་གྱི་གདུང་སྲས་དམ་པ་ཨ་གཉེན་རྒྱལ་བ་སྐྱབས་ཞུ་བ་ནས་རིམ་པར་བརྒྱུད་ས་ཡི་ཚངས་པ་ཆེན་པོ་གླིང་ཚང་ཆོས་རྒྱལ་ཕུན་ཚོགས་དགེ་ལེགས་རབ་བརྟན་མཆོག་བར་གྱི་རྒྱལ་རབས་མུ་ཏིག་ཕྲེང་བ་རིམ་བྱོན་གྱིས་ཐུགས་དམ་རྟེན་སྒམ་དུ་ཉར་ཚགས་དོ་དམ་མཛད་དེ་རྩིས་མཐོང་དང་རིན་ཐང་གཞལ་དུ་མེད་པའི་ཚད་དུ་འཇོག་པ་ཞིག་ཡིན་པ་གླིང་ཡུལ་ཀུན་ལ་རླུང་ལྟར་དུ་གྲགས་ཡོད་འདུག་ལ། ཕྱིས་སུ་དུས་འགྱུར་འཚུབ་རླུང་ཁྲོད། གླིང་ཚང་མི་རྗེ་དམ་པ་ནང་འཁོར་འཕགས་ཡུལ་ལ་འཕྲལ་ཕེབས་མཛད་དགོས་ཐུགས་པས། གཞིས་ཀྱི་ནང་རྟེན་རྩ་ཆེན་གྱི་སྐོར་མང་པོ་ཞིག་རྒྱལ་ཁབ་ཀྱི་ལས་སྒྲུབ་རུ་ཁག་གིས་ཁྱེར་བའི་ནང་མེས་པོ་དགྲ་བླ་རྩེ་རྒྱལ་གྱི་ཚེམས་མཆོག་ཅན་གྱི་རྟེན་སྒམ་དེ་ཡང་ཤོར། དེར་ལས་སྒྲུབ་པ་རྣམས་ཀྱི་གླིང་ཚང་གི་ནང་རྟེན་རྩ་ཆེན་སྐོར་གླིང་རྗེ་གེ་སར་སྐྱེས་བུ་ཆེན་པོ་སྐུ་འཁྲུངས་པའི་གནས་མཆོག་ཨ་ཕྱུག་ཏུ་ཁྱེར་ཏེ། བཅའ་དངོས་མང་པོ་ལྷན་གཅིག་ཏུ་ཉོག་བསྲེས་ནས་ཁང་བ་ཞིག་ཏུ་སྤུངས། སྐབས་དེར་གླིང་ཚབ་ཚ་དགོན་པའི་སྒྲུབ་དཔོན་བླ་མ་བསོད་ནམས་དབང་རྒྱལ་ཟེར་བས་གླིང་ཚང་གི་ནང་རྟེན་སྐོར་ཨ་ཕྱུག་ཏུ་ཐོན་ནས་ཁང་བ་ཞིག་ཏུ་སྤུངས་ཡོད་པའི་གནས་ཚུལ་ཧ་གོ །ཁོང་གིས་སྔོན་ནས་གླིང་རྒྱལ་ཁྱིམ་གྱི་རྟེན་སྒམ་དུ་ལྷ་སྲས་དགྲ་བླའི་ཚེམས་མཆོག་འཛམ་གཡས་བཞག་གི་ནོར་བུ་ལྟ་བུའི་མེས་པོའི་གདུང་རྟེན་རྩ་ཆེན་ཞིག་ཡོད་པར་ཆ་རྒྱུས་མངའ་ཕྱིར། ད་ཐེངས་སྤྱིར་བོད་ཁ་བ་ཅན། སྒོས་གླིང་རྒྱལ་ཁབ། ཁྱད་པར་དུ་གླིང་རྗེ་སྐུ་འཁྲུངས་པའི་གནས་འདིའི་ས་བཅུད་ཡུལ་རྟེན་གཅིག་པུ་རུ་ཚེམས་མཆོག་དེ་ལག་ཏུ་ཨེ་ལོན་ལྟ་དགོས་སྙམ་པའི་ཐུགས་འདུན་བྱུང་བ་བཞིན། དཀའ་ལས་འཇིགས་སྐྲག་ཧ་ཅང་མང་པོ་ཞིག་བརྒྱུད་དགོས་ཐུག་ན་ཡང་། སྤོབས་པ་ཆེར་བསྐྱེད་ཀྱིས་ཚེམས་མཆོག་དེ་ཁོ་རང་གི་བསོད་ནམས་ཀྱི་སྐལ་བར་ཐོབ་པར་བྱས། དེ་ནས་བཟུང་ཁོང་གིས་ཧ་ཅང་གསང་བའི་སྒོ་ནས་ཉར་ཚགས་དོ་དམ་ལེགས་པོ་བྱས་པར་མ་ཟད། གླིང་རྗེ་སྐུ་འཁྲུངས་ཡུལ་གྱི་གནས་དང་གཏན་ནས་ཁ་འབྲལ་མ་དགོས་པའི་བཀའ་དྲིན་བསྐྱངས་པ་ཡིན་འདུག དེའི་ཕྱིས་སུ་གླིང་རྗེ་ཕུན་ཚོགས་དགེ་ལེགས་རབ་བརྟན་གྱི་རྒྱལ་ཡུམ། རྗེ་བཙུན་སྒྲོལ་མ་མི་ཡི་གཟུགས་སུ་བཞེངས་པའི་མཁའ་འགྲོ་མ་ཆེན་མོ་སྐལ་བཟང་ཆོས་སྒྲོན་དང་། གླིང་རྒྱལ་མཆོག་འཇིགས་མེད་དབང་འདུས། རྒྱལ་ཡུམ་རིགས་བཟང་འདན་བཟའ་ཚུལ་ཁྲིམས་སྒྲོལ་མ། ལྷ་སྲས་དགྲ་བླའི་རྣམ་རོལ་རྒྱལ་སྲས་ངག་དབང་ཕུན་ཚོགས་སྟོབས་ལྡན་དབང་རྒྱལ་སོགས་གླིང་ཚང་སྐུ་རྒྱལ་ནང་མི་སྐོར་ཞིག་འཕགས་ཡུལ་ནས་ཕྱིར་ཆིབས་བསྒྱུར་གནང་སྟེ། རྒྱ་ནག་སྤོས་ལྡན་དུ་གདན་འཇགས་སྐབས། ཆོས་རྒྱལ་འཇིགས་མེད་དབང་འདུས་ཡབ་སྲས་ཀྱིས་གླིང་ཚང་ཡབ་མེས་ཀྱི་ནང་རྟེན་གཙོ་བོ་ལྷ་སྲས་དགྲ་བླའི་ཚེམས་ཁྱད་མཚར་ཅན་དེ་རིག་གསར་སོགས་ཀྱི་གོད་ཆག་གི་དབང་དུ་མ་ཤོར་བར་བཞུགས་ཚུལ་ཐོས་པས། དགའ་དད་གུས་གསུམ་ལྡན་པའི་ངང་ནས་རྟེན་མཆོག་དེ་ཕྱིར་གླིང་རྒྱལ་ཁྱིམ་གྱི་རྟེན་སྒམ་དུ་གདན་འདྲེན་ཨེ་ཐུབ་ཀྱི་རེ་བས་ཆེད་དུ་འབྲེལ་ཡོད་མི་སྣ་ཚབ་ཚའི་སྒྲུབ་དཔོན་བསོད་ནམས་དབང་རྒྱལ་གྱི་རྩར་མངགས་ན་ཡང་། སྒྲུབ་དཔོན་མཆོག་གིས་རྟེན་མཆོག་དེ་གླིང་ཚང་ལ་ཕྱིར་སྤྲོད་རྒྱུར་ཕངས་སེམས་ཆེ་བས། ཁོ་བོས་རྟེན་དེ་འདྲ་ཞིག་ལོན་མ་མྱོང་ཞེས་གཏན་ནས་མ་བསྟན་མོད། འོན་ཀྱང་སྒྲུབ་དཔོན་ཁོང་དགོངས་པ་མ་རྫོགས་བར་རྟེན་མཆོག་དེ་གླིང་རྗེ་གེ་སར་སྐྱེས་བུ་སྐུ་འཁྲུངས་པའི་གནས་མཆོག་དང་ཁ་མ་བྲལ་བར་ཉར་ཚགས་དོ་དམ་ལེགས་པོ་མཛད་པའི་བཀའ་དྲིན་གྱིས་ད་ལྟ་རང་རེའི་བསོད་ནམས་ཀྱི་དཔལ་དུ་བོར་ལྟོར་གས་ཆག་གང་ཡང་མ་བྱུང་བར་བྱིན་རླབས་གཟི་འོད་ལམ་མེར་བཞུགས་ཐུབ་སོང་བ་ཡིན་ཚུལ་གྱི་བྱུང་རིམ་ལོ་རྒྱུས་མ་ནོར་མ་འཕྱུག་པ། སྡེ་དགེ་མཁན་པོ་རབ་བརྟན་དགེ་ལེགས་ཕུན་ཚོགས་མཆོག་གིས་མཛད་པའི་གླིང་ཚང་རྒྱལ་རབས་ཆེན་མོར་གསལ་བོར་འཁོད་ཐུབ་ཡོད་པ་ལྟར་ཡིན་ལ། ཕྱིས་སུ་སྒྲུབ་དཔོན་དགོངས་པ་རྫོགས་རྗེས་ཁམས་ཁུལ་གྱི་ཚོང་དཔོན་འབྱོར་ཆེན་འགས་དམངས་སྒོར་ཁྲི་བཅུ་ཕྲག་མང་པོས་ལོ་རྒྱུས་ཅན་གྱི་ཚེམས་མཆོག་དེ་དངོས་མང་བཤམས་སྟོན་ཁང་འགའ་ཞིག་གི་མཛེས་རྒྱན་དུ་ཨེ་ཁུག་གི་བློ་ཐབས་མང་དུ་བྱས་ཀྱང་། སྤྱིར་མི་རིགས་ཀྱི་རྩ་ཆེའི་རིགས་དངོས་དང་། ལྷག་པར་གླིང་ཡུལ་ཨ་ཕྱུག་གི་ཡུལ་རྟེན་ཁྱད་པར་ཅན་འདི་གཞན་ཡུལ་དུ་ཤོར་མི་རུང་བའི་འདུ་ཤེས་དང་། སྔོན་སྨོན་རྟེན་འབྲེལ་དཀར་པོའི་ལས་འཕྲོ་མི་དམན་པའི་བསོད་ནམས་ཅན། ཨ་ཕྱུག་སྟོབས་ལྡན་ལགས་ཀྱིས་ཐབས་ཤེས་དུ་མ་ལ་བརྟེན་ནས་འཛམ་གླིང་གི་རྟེན་མཆོག་ཁྱད་པར་ཅན་ཚེམས་མཆོག་འཇིགས་ཞལ་རང་བྱོན་མ་ད་ལྟ་སྤྱིར་གངས་ལྗོངས། དགོས་གླིང་ཡུལ་སྟོད་སྨད་བར་གསུམ་གྱི་རྒུད་སེལ་བྱིན་རྟེན་དུ་སྲུང་སྐྱོབ་ཉར་ཚགས་ཀྱི་བཀའ་དྲིན་བསྐྱངས་དང་སྐྱོང་བཞིན་པའི་སྐབས་ཡིན་པར་མ་ཟད། བྱིན་རླབས་གཟི་བྱིན་མི་ཉམས་པའི་ཆེད་དུ་རང་གར་མཇལ་ཁ་ཙམ་གནང་པ་ལ་ཡང་སྒོ་ཤིན་ཏུ་དོག་པའི་དོ་ཚགས་མཛད་གདའ་མོད། ད་ལོ་གླིང་རྒྱལ་སྲས་ངག་དབང་ཕུན་ཚོགས་སྟོབས་ལྡན་དབང་རྒྱལ་མཆོག་གླིང་ལྷ་སྡེའི་རྒྱལ་ཁྲི་ལ་བཞུགས་པའི་དགའ་རྟགས་རྟེན་འབྲེལ་དུ་གླིང་རྒྱལ་ཁྱིམ་ནང་འཁོར་ལ་མཇལ་ཁ་གནང་བ་དང་། གླིང་ཚང་རྒྱལ་རབས་ཆེན་མོའི་མཛད་པ་པོ་མཁན་པོ་རབ་བརྟན་དགེ་ལེགས་ཕུན་ཚོགས་ལགས་ཀྱི་བཀའ་དྲིན་ལ་བརྟེན། རྒྱལ་རབས་ཞུ་བསྐུལ་མཛད་པ་པོ་ཕྲན་གྱིས་ཀྱང་དངོས་སུ་མཇལ་བའི་བསོད་ནམས་ཀྱི་སྐལ་བཟང་ཐོབ་པར་མ་ཟད། རྟེན་གྱི་བདག་པོ་ཨ་ཕྱུག་སྟོབས་ལྡན་གྱི་ལག་ཏུ་སྔར་ཡོད་ཀྱི་མཆོག་ངོ་སྤྲོད་ཅིག་མཆིས་པ་དེར་ཁ་སྣོན་གསལ་བཤད་ཅུང་བྱས་ཏེ་ཕུལ་བ་དང་། ཡང་བསྐྱར་གླིང་དང་འབྲེལ་ཡོད་ཀྱི་གྲོགས་པོ་འགའ་ཞིག་གི་རེ་བ་ལྟར་དུ་ངོ་སྤྲོད་ཐུང་བསྡུས་འདི་ཡང་གླེང་མོལ་ཞིག་གི་ཟོལ་དུ་གླིང་དགའ་བ་སྨིན་དབུས་ཨ་དཀར་པོས་བཅུ་བདུན་ཤིང་ལུག་ལོའི་ཟླ་དགུ་བའི་ཚེ་གཉིས་ཉིན་ཕུལ།


གླིང་རྒྱལ་སྲས་ངག་དབང་ཕུན་ཚོགས་སྟོབས་ལྡན་མཆོག་དང་མ་ཡུམ་ཚེ་སྒྲོན་ཟུང་གིས་ཚེམས་མཆོག་མཇལ་བ།


གླིང་ཚང་རྒྱལ་རབས་ཆེན་མོའི་མཛད་པ་པོ་མཁན་རབ་བརྟན་དགེ་ལེགས་ཕུན་ཚོགས་ཀྱིས་ཚེམས་མཆོག་མཇལ་བ།


གླིང་ཚང་རྒྱལ་རབས་ཞུ་སྐུལ་མཛད་པ་པོ་གླིང་སྒྲུང་བ་སྨིན་དབུས་ཨ་དཀར་པོས་ཚེམས་མཆོག་མཇལ་བ།


ཚེམས་མཆོག་སྲུང་སྐྱོབ་མཛད་མཁན་ཨ་ཕྱུག་སྟོབས་ལྡན་དང་ངོ་སྤྲོད་མཛད་མཁན་ཨ་དཀར་པོ་གཉིས།

 

 

 


ཀློག་གྲངས།:[5581]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com