སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

དགྲ་ལྷ་སེང་ཆེན་དགྱེས་པའི་བསྟོད་ཚིག་དབྱངས་ཅན་ཕྱག་གི་འགྱུར་ཁུག

དགྲ་ལྷ་སེང་ཆེན་དགྱེས་པའི་བསྟོད་ཚིག་དབྱངས་ཅན་ཕྱག་གི་འགྱུར་ཁུག

སྤྲོས་བྲལ་ཆོས་སྐུའི་དགོངས་ཀློང་ཉག་ཅིག་དམར་སེར་ཧྲཱིཿཡིག་འཕྲོ་འདུ་ཅན།། དྲི་བྲལ་པད་མའི་སྡོང་པོའི་རྩེ་རུ་ལྷུན་གྲུབ་ཆོས་སྐུའི་སྒྱུ་འཕྲུལ་དཔྱིད།། སྐྱོན་བྲལ་མཚན་དཔེ་གཟུགས་སྐུའི་ལང་ཚོ་གཞོན་ནུ་ལོ་བརྒྱད་ཚུལ་འཆང་བ།། འཛིན་བྲལ་བློ་འདས་གཉུག་མའི་གཤིས་སུ་པད་འབྱུང་སེང་ཆེན་རྒྱལ་པོར་འདུད།། བདག་གི་ལས་སྨོན་པད་དཀར་འདབ་མ་ལ།།ཁྱེད་ལ་དགྱེས་པའི་གེ་སར་ཅིར་ཡང་དགོད །། བརྩེ་ཆེན་བུང་བའི་གཤོག་ཟུང་དེ་རུ་གཡོ།། རྟེན་འབྲེལ་གནད་དུ་ཟབ་པའི་ལམ་དུ་བཟང་།། དགེ་སྦྱོང་བྲམ་ཟེའི་རིགས་དང་སྔགས་འཆང་རིགས།། རྡོལ་བའི་རིགས་དང་དམག་དཔོན་ཤན་པའི་ཚུལ།།གང་འདུལ་སྣ་ཚོགས་འཕྲིན་ལས་ཟློས་གར་འཆང་།། ཐབས་མཁས་ཐུགས་རྗེ་རོལ་བའི་བདག་ཉིད་ཅན།། པད་འབྱུང་ལྷ་ཡིས་བཀའ་སྡོད་ཕོ་ཉར་བསྐོས །། རྨ་ཁམས་ཡུལ་དེར་ཐུགས་རྗེ་དཔལ་དུ་འཁྲུངས།།མ་རུང་འདུད་བཞིའི་སྲོག་གི་གཤེད་མར་སྤྲུལ།། སྐྱེས་བུ་དོན་གྲུབ་འཁོར་བཅས་ཡང་ཡང་དྲན།།མ་རིག་དུཿཁས་མནར་བའི་སྐྱེ་བོ་ལ །། མ་ལྟར་སྙིང་ནས་བརྩེ་བའི་ཐུགས་དམ་ཅན།།མ་མེད་འགྲོ་ལ་སྙིང་རྗེའི་ཆུ་འཛིན་འཁྲིགས།། མ་ཧཱ་གུ་རུའི་སྒྱུ་འཕྲུལ་སེང་ཆེན་གར།། སྐུ་མདོག་དམར་སྨུག་མཆོང་གི་གཟི་མདངས་ཅན།། དམར་བོ་བྱུ་རུའི་སྤྱན་རྩ་ཅུང་ཙམ་གཡོ ། །གནག་སྣུམ་དབུ་སྐྲ་སྤྱི་བོར་ཐོར་ཚུགས་བཅིང་། །དད་པའི་ཡུལ་ལ་བརྩེ་བའི་འཛུམ་ཞལ་སྟོན།། དབུ་རྨོག་དར་འཕྲུ་མཁའ་ལ་ལྡེམས་སེ་ལྡེམ།། ཁྲབ་ཆེན་སིལ་བའི་ཨ་ལུང་སི་ལི་ལི །།རྒྱབ་གོས་ཆུ་དར་བྲུག་རིས་ལྷབས་སེ་ལྷབ།། དགོས་འདོད་ལྕག་ཚན་དངོས་གྲུབ་ཆར་དུ་སྙིལ།།ཁྲབ་རྨོག་འཁོར་གསུམ་དགྲ་ལྷ་ལྦེར་མའི་ཚུལ།། དར་དཀར་ན་བཟའ་རིག་འཛིན་སྔགས་འཆང་ཆས།།ལྭ་རིང་བྱང་ཞྭ་གནའ་སྲོལ་བོད་ཀྱི་ལུགས །། ཆ་ལུགས་གཅིག་ཏུ་མ་ངེས་སྣ་ཚོགས་འཕྲུལ།།ཁྱེད་སྐུ་མཚན་དཔེ་ལང་ཚོ་བཅུ་དྲུག་རྫོགས། །ཁྱེད་གསུང་གདངས་སྙན་དྲི་ཟའི་གླིང་བུར་འགྲན།། ཁྱེད་ཐུགས་ཆོས་དབྱིངས་མཁའ་ལྟར་དག་པའི་ཀློང་།། གྲུབ་ཆེན་བརྒྱད་ཅུ་རིག་འཛིན་ཡོངས་ཀྱི་རྗེ།། དགྱེས་པའི་ཞལ་བཟང་དཀྱིལ་འཁོར་འཛུམ་ལྷང་ལྷང་།། འཁོར་གསུམ་དཔའ་བོའི་གར་སྟབས་ཁྲ་འཁྱུག་འཁྱུག །དཔའ་རྟུལ་སུམ་ཅུའི་དམག་དཔུང་ཤ་ར་ར །། རྗེས་འཇུག་བུ་ལ་བརྩེ་བའི་དགྱེས་ཞལ་ངོམ།།འཁྱུང་ཆེན་རྒོད་པོའི་གཤོག་ཟུང་མཁའ་རུ་ངོམ། །གཡུ་འབྲུག་སྔོན་མོའི་སྙན་གྲགས་གླིང་བཞིར་གཡོ །། སྟག་སེང་ཁ་སྤྲོད་བདུད་སྡེའི་སྙིང་ཁྲག་འགེམ །། རླུང་རྟ་སྡེ་བཞིའི་དཔལ་ཡོན་མཁའ་ལ་བསྟོད །།འདོ་རྗེ་རྟ་མཆོག་མཚེར་སྒྲ་ལྷངས་སེ་ལྷང་། །རྔོག་མ་རྡོ་རྗེའི་ཚེ་མདུད་སྤུངས་སེ་སྤུང་།། སུག་བཞིའི་གར་སྟབས་གློག་དམར་འཁྱུགས་སེ་འཁྱུག། དགོངས་པ་རྟ་མཆོག་རོལ་བའི་དངོས་གྲུབ་བརྙེས།།ས་སྨད་ཆུ་ཀློང་ཕྱུག་མོའི་གཞུང་འགྲམ་ན།། གསེར་མིག་ཉ་མོ་གཤོག་འགྱུར་ཤུ་རུ་རུ།།སྐྱེན་པོའི་མདའ་ཁ་འགྲན་པའི་ཉི་མ་ལ།། འགྱུར་རྩལ་ལུས་ལ་རྒྱས་པའི་དགྲ་ལྷ་ཡིན།། དམའ་བ་ས་གཞི་དྲོད་ཀྱི་བཞུད་ལམ་ན།། དུག་སྦྲུལ་ནག་པོའི་ནུར་འགྲོས་འུ་རུ་རུ།།མཆེ་བ་ངོམ་ཞིང་རང་སྡེ་དཀར་པོ་སྲུང་།། མི་འཇིགས་རྔམ་བརྗིད་སྟོན་པའི་དགྲ་ལྷ་ཡིན།། སྤང་དཀར་ན་ཐང་གོང་མའི་ཁོང་གསེང་ན།། རི་བོང་དཀར་ཆུང་ལྡིང་སྐོར་ཙོགས་སེ་ཙོག།བློ་ལྡན་རི་བོང་གཡུ་ཡི་རྣ་ཆ་ལྡེམ །། རང་སྡེ་གབ་ན་ཁེབས་པའི་དགྲ་ལྷ་ཡིན།།མཚན་གསུམ་མུན་པ་སྨག་རིམ་ཁུགས་སོ་ནས །། འུག་པ་གསེར་མིག་སྤུ་གྲི་དཀྲོགས་སེ་དཀྲོག།མཚན་གསུམ་རྫི་བོ་ལས་ལ་གཤོག་རྩལ་མྱུར།། དཔའ་བོའི་རང་མགོ་ཐོན་པའི་དགྲ་ལྷ་ཡིན།། རོང་གི་ཐང་ཤིང་འབོ་ལོའི་དཀྱིལ་འགྲམ་ན།། དོམ་ནག་ཁྲག་གི་གདོང་མིག་འཁྲིགས་སེ་འཁྲིག།ནག་པོ་དོམ་བུ་སྡིག་པའི་སྙིང་དཀར་ཅན། ། དཔའ་རྩལ་མཁའ་རུ་ངོམ་པའི་དགྲ་ལྷ་ཡིན།།བར་མ་སྐྱི་སེར་རླུང་གི་འགྲིམ་ལམ་ན། ། བྱ་གླག་རྒོད་པོའི་འཕུར་སྐྱོད་ལྷབས་སེ་ལྷབ།།སྟོབས་ཆེན་ལྕགས་ཀྱི་གླག་མོའི་ངར་ཁ་བཙན།། མ་ཐུབ་འཐབ་ན་ཐུབ་པའི་དགྲ་ལྷ་ཡིན།། དྭངས་གསལ་གཡུ་ཡི་མཚོ་མོའི་འགྲམ་ངོགས་ན།། ཁྲུང་ཁྲུང་དཀར་མོ་སྙན་དབྱངས་ཀྱུ་རུ་རུ།།རྒྱུག་རྩལ་བང་ཁ་རླུང་གི་ཕོ་ཉར་འགྲན །། ཁ་ལས་སྙན་དབྱངས་སྒྲོག་པའི་དགྲ་ལྷ་ཡིན།།མཐོན་པོ་བྲག་དཀར་བཙན་གྱི་བང་རིམ་ན།། ཕོ་རོགས་ནག་ཆུང་གཤོག་ལྡིང་ཡ་ལ་ལ།། སྡང་དགྲ་ནག་པོའི་བླ་སྲོག་ལེན་པའི་ཉིན།། ལེགས་ཉེས་སྔ་ལྟས་སྟོན་པའི་དགྲ་ལྷ་ཡིན།། ཉིན་སྲིབ་སྲིབ་ཀྱི་ས་མཚམས་གོང་མ་ན།། གླ་བ་སྨུག་མཛེས་ལྡིང་སྐོར་ལམ་སེ་ལམ།།ལྡིང་མཁས་བྲོས་མཁས་གླ་བ་གཞའ་ལ་མཁས།། བྲོས་ན་ཐར་བ་རྙེད་པའི་དགྲ་ལྷ་ཡིན།། རི་བྲག་རྫ་ལམ་གཉིས་ཀྱི་བར་འཕྲེང་ན།། རྐྱང་ཆུང་ཁ་དཀར་འགྲོས་སྐོར་ཀྱི་ལི་ལི།།རྩལ་ལྡན་རྐྱང་ཆུང་དར་མའི་རྒྱུག་རྩལ་མྱུར།། དཔའ་བོའི་རྩ་དྲུག་རྒྱས་པའི་དགྲ་ལྷ་ཡིན།།བརྗིད་ཆེན་གངས་དཀར་ལྷུན་པོའི་བང་རིམ་ན།། གངས་སེང་དཀར་མོའི་གཡུ་རལ་ཉི་ལི་ལི།།སྡེར་ཆགས་ཟིལ་གྱིས་གནོན་པའི་རྔམ་བརྗིད་ལྡན།། དབུ་འཕང་དགོང་ལས་མཐོ་བའི་དགྲ་ལྷ་ཡིན།།ལྷོ་ཕྱོགས་ཙན་དན་ནགས་ཀློང་ཕྱུག་མོ་རུ།། དགྲ་སྙིང་གཞོམ་ལ་མཆེ་བ་རྔམས་སེ་རྔམ།།རྒྱ་སྟག་དམར་པོ་མཚལ་གྱི་རི་བཀྲ་ཅན།། མི་འཇིགས་དཔའ་སྙིང་ཆེ་བའི་དགྲ་ལྷ་ཡིན།། ཙག་སེར་བུ་ཡུག་རླུང་གི་རྒྱུ་ལམ་ན །། རི་སྤྱང་ཁྲག་གི་ཟེ་བ་ཙ་ར་ར།། དགྲ་ལྷ་རང་འཁོར་ཅན་ལ་གཡས་ལག་སྟོན།། དཔའ་ལ་ཟ་ཁ་དར་བའི་དགྲ་ལྷ་ཡིན།། ཚངས་པ་གདོང་བཞི་ལྷ་ཡི་དགྲ་ལྷ་འབུམ།། གེར་མཛོད་གཉན་ཆེན་གཉན་གྱི་དགྲ་ལྷ་འབུམ།།གཙུག་ན་རིན་ཆེན་ཀླུ་ཡི་དགྲ་ལྷ་འབུམ །། ལྷ་ཀླུ་གཉན་གསུམ་དགྲ་ལྷ་འབུམ་སྡེའི་དཔུང་།།འབྱུང་བཞིའི་རྩ་ཁམས་མི་སྙོམ་དགྲ་རུ་ལངས །།མི་འདོད་ནད་དང་གདོན་གྱིས་སྙིང་ལ་བཙེས །། མི་མཐུན་ཉི་མར་བ་མོ་འཕྲད་པ་བཞིན །། ཞི་མཛད་དགྲ་ལྷ་དཀར་པོ་སྙིང་ནས་དྲན །།གཟུགས་མཛེས་ཁ་དོག་ལེགས་ཤིང་ཡིད་དུ་འོང་།། ཁ་རྗེ་བསོད་ནམས་རླུང་རྟའི་དཔལ་ཡོན་ཀུན།།དབྱར་གསུམ་ཆར་ཆུ་འཕྲད་པའི་རྩི་ཤིང་བཞིན།། རྒྱས་མཛད་དགྲ་ལྷ་སེར་བོ་དགྱེས་པར་རོལ།། རྩ་གསུམ་བཀའ་སྡོད་འཕྲིན་ལས་བྱེད་པོ་དང་།། ལྷ་ཀླུ་མི་དང་སྟོང་གསུམ་སྐྱེ་འགྲོ་ཀུན །།ལྕགས་བྱེ་ཁབ་ལེན་རྡོ་ཡིས་བསྡུས་པ་ལྟར །། དབང་མཛད་དགྲ་ལྷ་དམར་པོ་གདུང་བས་གྱེར།།བསམ་སྤྱོད་གདུག་པའི་མ་ཉེས་གླག་པར་ལྟ།། མི་འདོད་ཉེར་འཚེའི་བར་དུ་གཅོད་བྱེད་གང་།།ཁྲོ་བོ་བགེགས་ལ་ཆས་པའི་སྟངས་སྟབས་བཞིན། ། དྲག་པོའི་དགྲ་ལྷ་ལྗང་ཀུ་ལས་ལ་འབོད།། ཁྱེད་ལ་བསྟོད་ཅིང་སྨོན་ཚིག་བྲིས་པའི་དགེ །། ཁྱེད་ལྟར་རང་གཞན་དོན་གཉིས་མཐར་ཕྱིན་ཏེ།།ཁྱེད་ཉིད་གྲིབ་བཞིན་འགྲོག་ལ་སྙིང་ནས་བརྩེ།། ཁྱེད་དང་འབྲལ་བ་མེད་པའི་རྒྱུ་རུ་སྨོན།།

2015/8/10ཉིན་དང་བོད་ཤིང་ལུག་ལོའི་ཟླ༦བའི ༢༦ཉིན་ལེགས་པ་བརྒྱད་འཛོམས་ཀྱི་སྐར་མ་བཟང་བོ་དང་སྟུན་ནས་བླུན་རྨོངས་བ་ཨ་གནམ་རིག་འཛིན་ལྷུན་གྲུབ་ཀྱིས་བྲིས་པ་ན་དེས་ཀྱང་དགྲ་ལྷ་སེང་ཆེན་རྒྱལ་པོའི་རྗེས་སུ་འཛིན་པའི་རྒྱུ་རུ་གྱུར་ཅིག

རྩོམ་ཁུངས་མཚོ་སྔོན་པོའི་བོད་ཡིག་ཟིན་བྲིས་ལས་རིག་རང་གྲོལ་གྱི་ཟིན་བྲིས།

 

 

 

 

 

ཀློག་གྲངས།:[1994]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com