སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

འབུམ་པའི་ཞལ་དཀར་གྱི་མཁར་ཤུལ་སྐོར་གྱི་དྲིས་ལན་ཉུང་ངུ།

 

 

འབུམ་པའི་ཞལ་དཀར་གྱི་མཁར་ཤུལ་སྐོར་གྱི་དྲིས་ལན་ཉུང་ངུ།

དྲི་བ། ད་ལྟའི་གཅིག་སྒྲིལ་རྫོང་མཁར་མདུན་ཐད་ཀྱི་དེའུ་འབུར་དེ་གླིང་རྒྱ་ཚའི་མཁར་ཤུལ་ཡིན་ཟེར་བ་ལ་རྒྱུ་མཚན་དང་དཔྱད་གཞི་ཅི་ཡོད།

དྲི་བ་འདོན་མཁན་ལྡོང་མེ་ཐུར།

ལན།

སྤྱིར་གླིང་གེ་སར་སྐྱེས་བུ་མདོ་ཁམས་ལྕི་སོས་ཡག་གི་ཁ་མདོར་སྐུ་འཁྲུངས་ཏེ་མཚན་ལ་ཇོ་རུ་ཞེས་ཐོགས་ཤིང་།རེ་ཞིག་སྐུ་སྦས་ཚུལ་བཟུང་ནས་རྨ་རྫ་འབྲི་གསུམ་དུ་གནས་པའི་གཟུགས་ཅན་གཟུགས་མེད་ཀྱི་འདྲེ་སྲིན་དང་།བདུད་རིགས་ནག་ཕྱོགས་པ་དུ་མ་བསྒྲལ་ཅིང་། ཤར་རྨ་རྒྱལ་གངས་རིའི་ཉེ་འདབས་སུ་ས་བཟུང་། གླིང་དཀར་པོའི་མངའ་ཁོངས་རྒྱ་སྐྱེད་ཆེད་རྫུ་འཕྲུལ་གྱིས་ཁམས་ཕྱོགས་སུ་རང་བྱུང་གི་གནོད་འཚེ་ལྡང་བར་བྱས་ཏེ་རུས་རྒྱུད་གཅིག་པའི་ཚོ་དྲུག་གླིང་གི་སྡེ་བ་རྨ་ལུང་དུ་རུ་སྤོར་བཅུག་ནས་རྨ་ཡུལ་སྟོད་སྨད་བར་གསུམ་གླིང་སྡེ་སྤྱི་ལ་ས་བགོས་གནང་ཞིང་། ཕུ་ནུ་དཔའ་བརྟུལ་ཕུ་ནུ་ཆེ་གྲས་ཕལ་ཆེར་ལ་གཞིས་ཀྱི་སྐུ་མཁར་དག་གི་མིང་དང་རྩིག་སྟངས་གཅིག་པའི་སྐུ་མཁར་གཉིས་པ་རེ་རེ་གསར་རྩིག་བྱེད་དུ་བཅུག་ཅིང་། ཐབས་འཕྲུལ་གྱིས་གླིང་སྡེའི་རྒྱལ་ཐབས་རྟ་མཆོག་གི་བང་ལ་དབང་བར་བྱས་ནས་གླིང་སྡེ་སྤྱིའི་མངའ་བདག་གི་ཁྲི་འཕང་བདག་གིར་བྱས་ཚུལ་གྱི་མཛད་པ་ཡོངས་གྲགས་ཡིན་པའི་རྒྱུ་མཚན་གྱིས་ད་ལྟ་རྨ་ལུང་སྟོད་སྨད་བར་གསུམ་དུ་གླིང་གི་གནས་ཤུལ་མང་པོ་ཡོད་པ་ལྟར།

ཤར་གཉན་པོ་གཡུ་རྩེའི་ཉེ་འདབས་ཀྱི་གསའི་དྲུག་ཆེན་སུམ་མདོ་སྟེ།ད་ལྟའི་གཅིག་སྒྲིལ་ལམ་གཡུ་རྩེ་རྫོང་མཁར་ཆགས་ཡུལ་ས་གནས་དེ་ནི། སྔོན་དུས་ལྷ་སྲས་ཇོ་རུས་རང་གི་ཕ་ཡབ་སེང་བློན་རྒྱལ་པོ་དང་།ཕུ་བོ་འབུམ་པའི་ཞལ་དཀར་ལ་བཞུགས་གནས་སུ་ཕུལ་བའི་ས་སྐལ་ཡིན་ཚུལ། གནའ་མིའི་ངག་རྒྱུན་དུ་ཤར་གཉན་པོ་གཡུ་རྩེའི་ཤར་འདབས་མགོ་ལོག་ཨ་སྐྱོང་ཁང་སར་སྡེ་བའི་ས་དཀྱིལ་གསའི་དྲུག་ཆེན་སུམ་མདོ་ནི།གླིང་གེ་སར་གྱི་ཕུ་བོ་འབུམ་པའི་ཞལ་དཀར་གྱི་བཞུགས་གནས་རྨ་རི་མོ་བཞི་ཡི་འདུས་མདོ་ཟེར་བ་དེ་ཡིན་ཟེར་བའི་ངག་སྒྲོས་ཤིག་ཡོད་ཚུལ། ས་གནས་དེ་ནས་ཉེ་རབས་བར་འཚོ་ཐུབ་པའི་རྒས་པོ་ལོ་ལོན་དག་གིས་བཤད་ན།དྲུག་ཆེན་སུམ་མདོའི་ཕོ་ལེ་ལེ་ཞེས་པའི་རི་འབུར་དེའི་སྟེང་ནི་གདོང་འབུམ་པའི་ཞ་ལུ་དཀར་པོའི་མཁར་དངུལ་ཆུ་ཁྲོ་རྫོང་བརྩིགས་ཤུལ་ཡིན་པ་དང་།རྗེས་སུ་རོང་ཨ་ཤོ་ཟེར་བའི་མི་རྒོད་ཅིག་གིས་ཡུན་རིང་ལ་བཟུང་ནས་བསྡད། དེ་རྗེས་ཨ་སྐྱོང་ཁང་སར་སང་མགོ་ལོག་གཞིས་ཡུལ་པདྨ་རོང་ནས་འབྲོག་ལ་བུད་སྐབས་ས་སྟོང་ཡིན་འདུག་པ་དང་།ཕོ་ལེ་ལེ་ཟེར་བའི་རི་འབུར་དེའི་སྟེང་ན་མི་རྟ་མང་པོ་ནང་དུ་ཤོང་བའི་མཁར་ཁང་བརྡིབས་ཤུལ་གྱི་རྩིག་རྡོ་མང་པོ་ཡོད་པའི་ལོ་རྒྱུས་དང་།རྗེས་མ་ཁོ་ཚོས་དྲན་དུས་ཀྱང་འོབས་དོང་ཆེན་པོ་ཞིག་ཡོད་པ་མཐོང་མྱོང་། དེའི་ཕྱིས་སུ་འོབས་དོང་དེའི་ནང་བླ་དཔོན་འགས་བུམ་གཏེར་སྦས་ཤིང་།ཤར་གཉན་པོ་གཡུ་རྩེའི་ཕུད་སྐོང་ཡིན་ཞེས་ཅེས་མིང་གསར་དུ་བཏགས་པ་རེད་ཅེས། སྤྱི་ལོའི་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུའི་ནང་བཞུགས་པའི་གུ་ར་བླ་མ་དབང་ཁོ་ཞེས་གླིང་སྤྱི་དཔོན་སྣང་ཆུང་གཡུ་སྟག་གི་སྐྱེ་མཐར་གྲགས་པའི་སྒྲུང་བླ་གྲགས་ཅན་དེས་རྒྱུན་དུ་གསུངས་མྱོང་ཞེས་བཤད་རྒྱུ་འདུག་པ་ནི།དྲུག་ཆེན་སུམ་མདོ་རྨ་རི་བོ་བཞི་ཡི་འདུས་མདོ་ཡིན་ཚུལ་དང་།དེའུ་ཕོ་ལེ་ལེ་དེ་གདོང་འབུམ་པའི་ཞལ་དཀར་གྱི་མཁར་དངུལ་ཆུ་ཁྲོ་རྫོང་གི་ཤུལ་ཡིན་ཚུལ་གྱི་ངག་རྒྱུན་རེད།

གང་ལྟར་དེའུ་འབུར་དེའི་སྟེང་གནའ་བོའི་དུས་ཀྱི་བཙན་རྫོང་ངམ་མཁར་ཁང་གང་རུང་ཞིག་གི་ཤུལ་ཡོད་པ་མངོན་གསལ་དོད་པོ་ཡིན་པར་མ་ཟད།གནའ་དུས་ཀྱི་མཁར་རྫོང་ཕལ་ཆེ་བ་དགྲ་ཟོན་ལ་སྟབས་བདེ་ཆེད་དེའུ་འབུར་རེའི་མགོར་རྩིག་སྲོལ་ཡོད་པ་སོགས་ལ་གཞིགས་ན།ཕོ་ལེ་ལེའི་སྟེང་གདོང་འབུམ་པའི་རྒྱ་ཚ་ཞལ་དཀར་གྱིས་སྡེ་དགེའི་ལྕགས་རར་ཡོད་པའི་གཞིས་མཁར་དངུལ་ཆུ་ཁྲོ་རྫོང་དེ་ལ་དཔེ་བྱས་ནས་བཞེངས་གནས་ཡིན་ངེས་པའི་དཔྱད་སྒོ་འདུག་པ།གདོང་འབུམ་པའི་དགྲ་བླ་རྩེ་རྒྱལ་གྱི་གདོང་རྒྱུད་མ་ནོར་བའི་ལྷ་སྲས་གླིང་དཀར་མི་རྗེ་དབང་ཆེན་བསྟན་འཛིན་ཆོས་ཀྱི་རྒྱལ་པོ་འཆི་མེད་གྲུབ་པའི་སྡེས་བཀས་བསྐུལ་བཞིན།གངས་ལྗོངས་མཁས་པའི་དབང་པོ་ཀུན་མཁྱེན་བླ་མ་མི་ཕམ་རིན་པོ་ཆེ་དང་།གྲུབ་པའི་དབང་ཕྱུག་ཆེན་པོ་གཏེར་ཆེན་ལས་རབ་གླིང་པ། ཨ་འཛོམས་འགྲོ་འདུལ་དཔའ་བོ་རྡོ་རྗེ་སོགས་ཀྱི་དངོས་སློབ་ཚད་ཐུབ་ཀྱི་སྒྲུང་ཆེན།གླིང་ཚང་གི་བློན་ཆེན་འགྱུར་མེད་ཐུབ་བསྟན་ཚང་གིས་གླིང་རྒྱལ་ཁྱིམ་གྱི་དཔེ་རྙིང་ཁུངས་ལྡན་འཁྲུངས་གླིང་མི་འདྲ་བ་ལྔ་ཙམ་ལ་གཟིགས་ཤིང་།ལྷ་དང་བླ་མ་དུ་མའི་དགོངས་ལུང་དང་མཐུན་པར་བྲིས་པའི་སྒྲུང་དཔེ་གྲགས་ཆེན་འཁྲུངས་གླིང་མེ་ཏོག་ར་བའི་ལེའུ་གཉིས་པ། རྨ་ས་བཟུང་དར་གྱི་མདུད་པ་རུ། རྨ་སྲིབ་ཆེན་བྲག་མདོ་ཕྱུག་གི་ལུང་།།བརྒྱ་རྩ་བརྒྱད་མཆོད་རྟེན་ར་བ་དང་། །སྟོང་རྩ་གཉིས་ཚ་ཚའི་འབུམ་ཁང་ཡོད། །འོག་ཀླུ་མོའི་ཕྱག་རྡང་བསྒྲིགས་ས་ཡིན།།ནོར་སེམས་ཅན་ཀླུ་ཟོག་འདྲེས་ས་ཡིན། །དཔོན་ཁེབས་ཆེན་འདུག་པའི་ས་ཆ་ལ།།ཡབ་ཆེན་སེང་བློན་རྒྱལ་པོ་དང་། །འབུམ་པའི་ཞལ་ལུའི་ས་སྐལ་གྱིས། །ཞེས་གསལ་བ་དང་བསྡུར་ན། གསའི་དྲུག་ཆེན་སུམ་མདོ་དེ་རྨ་སྲིབ་ཀྱི་ལུང་ཆེན་གསའི་བྲག་རའི་མདོ་ཞེས་པའི་ཉེ་རྒྱུད་ལུང་ཆེན་གསུམ་གྱི་འདུས་མདོ་ཡིན་པས།རྨ་སྲིབ་ཆེན་ལུང་བ་བྲག་གི་མདོ་ཞེས་པའི་ས་མིང་དང་ས་དཔྱད་འགྲིག་འདུག་པ་དང་།གནའ་བོའི་སྒྲུང་རྙིང་དག་གི་ཁྲོད་ཀྱི་འབུམ་པ་ཞལ་དཀར་ཡབ་སྲས་ཀྱི་གླུའི་ནང་དུ་ཡང་། ཕུ་གསུམ་དཀར་ཡགས་གངས་ཀྱི་རི།།གངས་ལ་སེང་གེ་འགྱིང་བའི་རི། །སྐེད་གསུམ་ཙནྡན་ནགས་ཀྱི་རི།།ནགས་ལ་རྒྱ་སྟག་འཁོར་བའི་རི། །མདའ་གསུམ་ཆུ་མ་ཞིང་གི་རི། །ཞིང་ལ་འབྲུ་དྲུག་སྨིན་པའི་རི།།རྨ་རི་བོ་༼རྨ་རི་མོ་བཞི་ཡི་འདུས་མདོ་ནས། ། བྲིས་པ་ཡང་སྣང་༽བཞི་ཡི་འདུས་མདོ་ཡི།།མཁར་མི་འགྱུར་དངུལ་ཆུ་ཁྲོ་རྫོང་ནས། །ཞེས་གསལ་བ་དང་ཕོ་ལེ་ལེའི་ཁོར་ཡུག་གི་ས་བབ་གཉིས་ཕན་ཚུན་བསྡུར་བ་བྱས་ན། ཕུ་གསུམ་དཀར་ཡགས་གངས་ཀྱི་རི། །གངས་ལ་སེང་གེ་འགྱིང་བའི་རི།། ཞེས་པ་ལྟར་ཕོ་ལེ་ལེའི་ཉེ་ཁོར་ནས་ཡར་ཕུ་ལ་བལྟས་ན།ཤར་གཉན་པོ་གཡུ་རྩེའི་གངས་ཆེན་ལག་མཐིལ་ལ་བལྟས་པ་ལྟར་མཇལ་ཐུབ་པ་དང་། སྐེད་གསུམ་ཙན་དན་ནགས་ཀྱི་རི།།ནགས་ལ་རྒྱ་སྟག་འཁོར་བའི་རི། ། ཞེས་པ་ནི་ཕ་མེས་ཚོས་བཤད་ན་གནའ་སྔ་མོའི་དུས་དེང་གི་ཕོ་ལེ་ལེའི་ཉེ་ཁོར་ཡོངས་རྫོགས་ཐང་ཤིག་གི་ནགས་ཚལ་ཆེན་པོ་ཡོད་ས་ཞིག་ཡིན་པར་མ་ཟད།གཅན་གཟན་སྟག་གཟིག་དོམ་དྲེད་ཧ་ཅང་མང་ས་ཡིན་པའི་བཤད་རྒྱུན་ཡོད་པ་དང་།རྗེས་མ་ཁོ་ཚོས་དྲན་དུས་ད་དུང་དྲུག་ཆེན་སུམ་མདོ་ཡར་མར་ན་ཤིང་ནགས་སྟུག་པོ་འདུག་ཚུལ་བཤད་པ་བདེན་ངེས་སུ་འདུག་ལ། ཕོ་ལེ་ལེའི་ཉེ་ཁོར་དུ་སྟག་ལུང་གོང་མ་ཞེས་ད་ལྟ་སྔ་འགྱུར་སྟག་ལུང་དགོན་པ་ཆགས་གནས་དང་།སྟག་ལུང་བར་མ་སོགས་རི་ལུང་རྣམས་ལ་ཡ་ཐོག་གི་མིས་རྒྱུ་མཚན་བཅས་བཏགས་པའི་ས་མིང་དག་འགྱུར་མ་མྱོང་བར་ཡོད་པས་ཀྱང་།ས་གནས་དེར་ནགས་ཚལ་ཆེ་བ་དང་སྟག་གཟིག་གི་ཕ་ས་ཞིག་ཡིན་པ་ཤེས་ཐུབ་འདུག དེ་བཞིན་དུ། མདའ་གསུམ་ཆུ་མ་ཞིང་གི་རི། །ཞིང་ལ་འབྲུ་དྲུག་སྨིན་པའི་རི། ། ཞེས་གསལ་བ་ལྟར་ཕོ་ལེ་ལེ་ཡོད་ས་ནས་མར་གསའ་ཆུ་བརྒྱུད་དེ་ཅུང་ཙམ་ཕྱིན་ན།གསའ་རྨའི་འདུས་མདོ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་དྲོ་གྲང་སྙོམས་ཤིང་།ཞིང་རྨོས་ཆོག་པའི་ས་བབ་ལེགས་ཤོས་ཤིག་ཡིན་པས། སྤྱི་ལོའི་དུས་རབས་ཉི་ཤུ་པའི་ལོ་རབས་ལྔ་བཅུ་ང་དགུ་དང་དྲུག་ཅུའི་དུས་ངན་ནང་ཁོར་ཡུག་ནས་སྡེ་འབངས་ཀྱིས་མུ་གེ་མྱོང་སྐབས་མང་ཚོགས་རྣམས།གསའ་མདོའི་ཕྱོགས་སུ་ཕྱིན་ནས་ཞིང་བཏབ་ཏེ་མུག་ཁ་ཆོད་པའི་གནས་ཚུལ་བཤད་རྒྱུ་ཡོད་པར་བསམ་ན། སྔ་མོ་གླིང་གི་དུས་སུ་གནས་དེར་ཞིང་ས་གཤིན་པོ་ཞིག་ཡིན་ཆོག་ཆོག་ཏུ་འདུག་པ་དང་།གསའ་མདོ་ནས་མི་རིང་བའི་རྨ་ཆུའི་རབ་ཁ་ན་སྔ་མོ་སྟག་རོང་ཨ་ནུ་གཟིག་འཕེན་ལ་ཧོར་ཞགས་ཐེབས་ནས་རྨ་ཆུས་ཁྱེར་ས་ཡིན་ཞེས་པའི་ལོ་རྒྱུས་ངག་རྒྱུན་རིང་བོ་ཅན་གྱི་རྡོ་རྟགས་ཡོད་ས་ནས་རྨ་ཉིན་དུ་བུད་པའི་ཉེ་གམ་ན།ད་ལྟ་ཀན་ལྷོ་རྨ་ཆུའི་ས་ཁོངས་རྨ་སྐོང་གསེར་ཁ་མདོ་ཞེས་པའི་ས་གླིང་གེ་སར་སྐྱེས་བུའི་འཕྲིན་ལས་ཀྱི་རོལ་གར་མདོ་མཁྱེན་བརྩེ་ཡེ་ཤེས་རྡོ་རྗེ་མཆོག་འཁྲུངས་གནས་དང་།ཁོང་གིས་ས་དེ་གླིང་གི་རྨ་དེལ་ཡགས་སྟག་ཐང་ཁྲ་མོ་ཡིན་ཞེས་ངོས་འཛིན་མཛད་པའི་སྤང་ཐང་གཡུ་དཀར་གྱི་མེ་ལོང་ལྟ་བུ་ཞིག་ཡོད་པ་དེའི་ཐང་དཀྱིལ་ན།སྔོན་ཧོར་གླིང་གཡུལ་འཁྲུག་སྐབས་གདོང་འབུམ་པའི་ཞལ་དཀར་གྱིས་ཧོར་དམག་བསད་པའི་མགོ་བོ་སྤུང་པ་ལས་གྲུབ་པར་གྲགས་པའི་དེའུ་འབུར་ཆུང་ཆུང་མདོ་སྐྱེས་ཧོར་མགོ་ཟེར་བ་ད་དུང་ས་མིང་མ་འགྱུར་བར་ཡོད་པ་དང་།ཡང་ཁྲོ་རྫོང་གི་མཁར་ཤུལ་ཕོ་ལེ་ལེ་ནས་ཡར་གཡུ་རྩེའི་གནས་ནང་དུ་ཕྱིན་ན།འབུམ་པའི་ཞལ་དཀར་དཔོན་བློན་གྱིས་རྒྱུན་པར་ཤོ་རྩེད་མཛད་ནས་བཞུགས་ས་ཡིན་ཟེར་བའི་ངག་རྒྱུན་ཅན་གྱི་རྡོ་ཕ་བོང་གཉིས་གསུམ་གྱིས་གྲུབ་པའི་ཕུག་པ་ལྟ་བུ་དཀྱིལ་དུ་རྡོ་བ་གྲུ་བཞིའི་ཤོ་གདན་རང་བཞིན་གྱི་མིས་སྒུལ་མི་ཐུབ་ཙམ་ལྡན་པ་ཞིག་མཐོང་ཡུལ་དུ་དངོས་སུ་བཞུགས་པར་མ་ཟད།ད་དུང་རྫ་ལུང་དེར་གནའ་བོའི་དུས་ནས་རྒྱ་ཚའི་ཤོ་ཁང་རྫ་ལུང་ཞེས་ས་མིང་མ་འགྱུར་བར་ཡོད་པ་དང་།སྔ་མོ་ཁོར་ཡུག་གི་མང་ཚོགས་ཀྱིས་ཤོ་ཁང་གི་ཟུར་ནས་བསང་ཕུད་དེ་ཞལ་དཀར་བཀའ་འཁོར་ལ་འབོད་སྐུལ་བྱེད་སྲོལ་ཉེ་བའི་ལོ་ངོ་བཅུ་ཕྲག་འགའི་སྔོན་བར་དངོས་སུ་ཡོད་འདུག ཡང་དེ་ནས་གཉན་པོ་གཡུ་རྩེའི་ལྷོ་རྒྱུད་མཛོ་མོའི་ཆུ་ཁོལ་ཁར་ཕྱིན་ན།རྒྱ་ཚའི་ཆུ་ཁོལ་ཞེས་སྐྱེས་པ་ཚོ་ཆེད་དུ་ཁྲུས་ལ་ཞུགས་ཡུལ་གྱི་ཆུ་ཁོལ་རྟེན་ན་ཐུན་མིན་གྱི་ཕན་ནུས་ལྡན་པ་ཞིག་ཡོད་པ་སོགས།ཕོ་ལེ་ལེའི་ཁོར་ཡུག་ན་ཆེད་དུ་འབུམ་པའི་ཞལ་དཀར་དང་འབྲེལ་བའི་རྗེས་ཤུལ་མང་པོ།ཉེ་ལམ་གསར་དུ་བཏགས་པ་ཙམ་མ་ཡིན་པར་གནའ་བོའི་དུས་ནས་ངག་རྒྱུན་བསམ་རིན་ཅན་མང་པོ་བཞུགས་པའི་རྒྱུ་མཚན་ལ་གཞིགས་ན་ཡང་།གསའི་དྲུག་ཆེན་སུམ་མདོ་དེ་རྨ་རི་བོ་བཞི་ཡི་འདུས་མདོ་ཡིན་པར་གྲགས་པའི་ངག་རྒྱུན་དང་།ད་ལྟའི་གཡུ་རྩེ་རྫོང་ངམ་གཅིག་སྒྲིལ་རྫོང་གི་མདུན་རི་ཕོ་ལེ་ལེ་དེ་འབུམ་པའི་ཞལ་དཀར་གྱི་མཁར་དངུལ་ཆུ་ཁྲོ་རྫོང་བཞེངས་ཡུལ་ཡིན་པའི་བཤད་རྒྱུན་དེ་བདེན་པ་ཡིན་པའི་དཔྱད་སྒོ་ཕུན་སུམ་ཚོགས་པ་ཡོད་པར་མཐོང་།སྤྱིར་དེང་སང་དགོས་མཁོའི་དབང་གིས་སྔར་མ་གྲགས་པའི་ས་གནས་མང་པོར་རྗེས་ཤུལ་ག་གེ་མོ་ཡིན་ཞེས་མིང་གསར་འདོགས་དང་།ལོ་རྒྱུས་དང་ས་མིང་མང་པོ་གསར་བཅོས་གསར་འགྲེལ་སྣ་ཚོགས་བྱེད་ཀྱིན་འདུག་མོད། འདིར་ཕོ་ལེ་ལེ་ཟེར་བའི་མིང་དེ་གནའ་མི་ཚོས་འབོད་སྟངས་ལྟར་བྲིས་པ་ཡིན་ལ།གཞན་ཞལ་དཀར་གྱི་རྗེས་ཤུལ་དང་འབྲེལ་མིན་ཡང་གཙོ་བོ་གནའ་མིའི་ངག་རྒྱུན་རིན་ཐང་ཅན་དཔང་བོར་བཞག་ཏེ།གླིང་སྒྲུང་རྙིང་བར་གསལ་བའི་ཚིག་དང་ས་བབ་གཉིས་ཕན་ཚུན་བསྡུར་བ་དང་།ཕོ་ལེ་ལེའི་ཁོར་ཡུག་ཏུ་གདོང་འབུམ་པའི་ཞལ་དཀར་དང་འབྲེལ་བའི་རྗེས་ཤུལ་དང་གཏམ་རྒྱུད་གཞན་ལས་ཀྱང་མང་པའི་རྒྱུ་མཚན་སོགས་ལ་བསམ་ནས་ལན་ཉུང་ངུ་ཙམ་ཞུས་པ་མ་གཏོགས།གཞན་དུ་ཕ་ཡུལ་གྱི་ཞེན་ཕྱོགས་དང་། དཔལ་འབྱོར་གྱི་ཡོངས་སྒོ།གྲགས་འདོད་ཀྱི་བསམ་བློ་དུག་ཅན་ཁོག་བཅུག་གིས་ཨུ་ཚུགས་བྱས་པ་སོགས་ཡེ་ནས་མེད་པས།གླིང་གེ་སར་རྒྱལ་བློན་གྱི་མཛད་པ་རྣམ་ཐར་དང་རྗེས་ཤུལ་ཡུལ་དངོས་སོགས་ལ་ཞིབ་འཇུག་རྒྱུས་ལོན་གནང་མཁན་རྣམ་པས་བློ་གཟི་བོས་དཔྱད་བསྡུར་གནང་བར་མཁྱེན་མཁྱེན་ཞེས།

སྨིན་དབུས་ཨ་དཀར་པོས་ལན་ཉུང་ངུར་ཕུལ་བ་དགེ།

 

 

 

ཀློག་གྲངས།:[1881]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com