སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

ཁ་གླིང་གཡུལ་འགྱེད་ཀྱི་བྱུང་བ་བརྗོད་པ། བྱང་འཁྱམས་པོ།

ཁ་གླིང་གཡུལ་འགྱེད་ཀྱི་བྱུང་བ།
འཁོར་གསུམ་སྟག་ཆས་དཔའ་བོའི་གར་གྱིས་ཕྱོགས་བཞིའི་བདུད་དཔུང་འཇོམས་པའི་རྗེ།།
དགྲ་འདུལ་སེང་ཆེན་སྙན་དང་གྲགས་པས་བོན་ནག་བདུད་ཀྱི་སྙིང་ཁམས་འཁྲུགས།།
གཡུལ་རྒྱལ་ལྷ་ཡི་རྔ་ཆེན་རྡུང་བས་དཔུང་ཚོགས་བཞི་ཡི་ས་ཆེན་གཡོས།།
གེ་སར་དམག་གི་རྗེ་བོ་ཁྱེད་ལ་རྣམས་ཀུན་དད་དང་གུས་པ་འདུད།།

ལོགས་སྨོན་ཆང་གིས་སྙིང་རྩ་རབ་འཁྲུགས་ཁ་ཆེའི་ཁྲི་བརྟན་རྒྱལ་བོ་ཡིས།།
ཉེ་འཁོར་རྒྱལ་ཕྲན་དཔུང་བས་བཅོམ་པའི་ངན་ལོབ་བཙན་པོའི་ཁེངས་པ་ལ།།
གློག་འགྱུ་ལྷ་མོས་ངར་ཤ་བསླངས་པས་དཔུང་ཆེན་གླིང་ལ་འདྲེན་དགོས་ཟེར།།
ཤེས་ཆེན་བློན་གྱི་བཤོལ་ཡང་མ་ཐུབ་དཔའ་རྒོད་ལས་དམག་ཤར་དུ་ཆས།།

སློབ་དཔོན་པདྨའི་ལུང་བསྟན་ཇི་བཞིན་ཁྲ་མོ་གླིང་གི་བཀའ་གྲོས་བསྡུས།།
རུ་འདྲེན་དཔུང་ཚོཊ་མཉམ་འཛོམས་སྒོ་ནས་གེ་སར་སྤྲུལ་སྒྱུར་རྡ་ར་ཡིས།།
ཁ་དམག་ཁ་སྐེད་བྲག་དམར་ཁྲིད་ནས་མདའ་རྡོ་མཚོན་ཆའི་ཆར་བ་ཕབ།།
རྡོ་རྒོད་གཡོ་ཅན་རྫུན་གཏམ་བཏང་ཡང་ཆོས་འགྲུབ་དཔའ་བོས་གཡུལ་ངོ་བཅོམ།།

མདན་མ་བྱང་ཁྲས་ཉག་ཕྲན་མདའ་མོས་མེ་འབར་བུ་ཡི་ཀླད་ཞོ་གཏོར།།
སྡིག་སྤྱོད་ཤན་པས་སྟྭ་གྲིའི་ཁ་ནས་ཐོག་ཁྲི་མི་རྟ་ཕྱེད་དགོས་བྱས།།
རུ་བཞི་གླིང་གི་ཁས་ལེན་དཔུང་གིས་ནུབ་སྒར་ཤ་ལམ་ཁྲག་འཐེན་གྱིས།།
ཀླུ་ཡག་རུ་རིང་ཕྱིར་བྲོས་གཏམ་གྱིས་ཁྲི་བརྟན་ངར་ལ་སྣུམ་གྱིས་བསྣུན།།

ཁྲ་མགོའི་སྙིང་ཁམས་སྟག་ལ་རྫུས་ནས་སྟག་རོང་འབུམ་སྒར་ཁྲག་ལྟར་དཀྲུགས།།
ལྷ་རྒོད་མདུང་གིས་རྒོད་རྒྱལ་བཏུལ་ཡང་ལི་གྲིའི་སོ་ཁ་སྐུ་ལ་ཐེབས།།
ཆོས་འགྲུབ་དཔའ་བོས་ཁས་ལེན་བྱས་སྟེ་ལྷ་མདའ་སྒྲོ་བཞི་འཕུར་ལམ་ནས།།
ཁྲ་མགོ་མིག་དམར་སྙིང་ཁྲག་འཐོར་བའི་སྙན་གྲགས་སྲིད་པའི་རྒྱན་དུ་ལྷམ།།

གཤིན་བདུད་གདོང་དམར་འཁྲོས་པའི་ངར་གྱིས་གཡུ་ཁྲི་ཆིབས་ལས་ལྷུང་ཙམ་བཟོས།།
འཇང་ཕྲུག་ཞགས་པའི་ཨ་ལུང་བསྐོན་ཀྱང་སྔོན་མོ་མཚོན་གྱིས་དུམ་སེ་བཅད།།
སུས་ཀྱང་མ་ཐུབ་དོམ་ནག་སྨྱོན་པས་གླིང་གི་ལས་དམག་གཏོར་ཆེ་བས།།
རིགས་གསུམ་ཀུན་འདུས་གེ་སར་རྒྱལ་བོས་གཏབ་པ་ལན་མེད་སོ་ལ་བསྐྱོན།།

ནུ་བོ་ཤོར་བའི་སེམས་ཕམ་མ་བཟོད་ཁུ་བོ་ཀླུ་ཡག་དགྲ་ལ་ཆས།།
ལི་གྲི་ངར་མའི་སོ་ཁ་རེག་ན་སྲ་བརྟན་ལྕགས་ཁྲབ་སློག་ཧྲུལ་བཞིན།།
མོན་འཇང་དཔུང་སྒར་ཁག་བཞིར་གཏོར་ནས་མི་བསད་ཁྲག་གི་མཚོ་མོ་བསྐྱིལ།།
གཡུ་ལྷ་འཁྲོས་པའི་ལྷ་མདའི་རྩེ་ནས་ཀླུ་ཡག་ཐང་ལ་བརྡབས་ཞེས་གྲགས།།

ཁ་ཆེའི་དཔའ་རྒོད་སྟག་སེང་ཁྲོད་ན་འགྲན་གྱི་ཟླ་མེད་རླུང་ནག་བུ།།
བདུད་རྗེའི་དཔའ་བོ་དགྲ་ལ་ཆས་ན་འཆི་བདག་གཤིན་རྗེ་ཕྱི་ནུར་ཤོར།།
གློ་བུར་དགའ་སྡེ་ཐུགས་རྒྱལ་བཞེངས་ནས་སྟོབས་ཆེན་དཔུང་བ་འཕུར་བཞིན་དུ།།
རྩལ་ཆེན་ཤེད་ཀྱིས་མཚར་བསོད་བྱས་པའི་གཏམ་རྒྱུད་བསྐལ་བའི་བར་དུ་གླེང་།།

གཟའ་བདུད་དུག་ཆུའི་ཁ་རླངས་ཕོག་ན་གསོན་དུ་གཏོང་བའི་རེ་བ་བྲལ།།
རྣོ་ཆོད་མཚོན་གྱི་འཁོར་ལོ་བསྐོར་དུས་ནམ་མཁའི་འཇའ་ཡང་དུམ་བུར་གཅོད།།
སེང་སྟག་བུ་དང་གདོང་ཐུག་བྱུང་ནས་དུག་ཆུ་ངར་བས་འོག་ཏུ་གནན།།
དཔའ་ལྷའི་སྤུ་གྲི་སྙིང་ལ་བསྣུན་ནས་གསོན་ཁྲག་ས་ཡི་ལྟེམས་སུ་འཁྱིལ།།

ཁྲི་བརྟན་ངར་རྒོད་རླུང་གིས་བསྐྱོད་ནས་གླིང་སྒར་ཁྲ་མོ་གཏོར་དུ་ཆས།།
རུ་བཞི་དཔུང་གིས་མདའ་ཆར་ཕབ་ཀྱང་གདོང་ལེན་ཐུབ་པའི་རེ་བ་བྲལ།།
འཇམ་དཔལ་དྲག་འཁྲོས་ནོར་བུ་དགྲ་འདུལ་སེང་ཆེན་ལྷ་ཡི་དམག་དཔོན་དེས།།
གནམ་ལྕགས་ལྷ་མདའི་ངར་ལ་དྲངས་བས་ནག་ཕྱོགས་བདུད་ཀྱིས་ཆོ་ངེ་རྡིར།།

ཤེས་ཆེན་བློན་གྱིས་ལྷག་བསམ་དཀར་པོས་ཁ་ཆེའི་ཤུལ་ལུས་སྡེ་འབངས་བཅས།།
མགོ་འབུལ་ཆོས་ཀྱི་བློ་སྣ་བསྒྱུར་ནས་དྲུག་དཀར་གཡུ་ཡི་གཏེར་མཛོད་ཕུལ།།
གཡུལ་རྒྱལ་བ་དན་སྲིད་ན་གཡོ་བའི་དཀར་པོ་གླིང་གི་རྒྱལ་བློན་ཚོས།།
གཞི་བྱེས་དགའ་བའི་དགྱེས་འཛོམས་ཁྲོད་ནས་གླུ་དང་གར་གྱི་མཆོད་པ་རོལ།།
ངག་སྒྲུང་བ་གྲགས་ཅན་བསྐལ་བཟང་གྲགས་པས་བཤད་པའི་ཁ་གླིང་གཡུལ་འགྱེད་རོབ་ཙམ་ཉན་པའི་ཚོར་སྣང་ཙམ་དུ། བྱང་འཁྱམས་པོས་ཨ་མཚར་དུ་བྲིས།

 

 

ཀློག་གྲངས།:[2287]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com