
༄༅། །དག་སྣང་ཆོས་སྐོར་ལས། དགྲ་བླ་འབོད་པའི་གད་རྒྱངས་བཞུགས་སོ། །
ཀྭའི་ཀྭའི་ཀྭའི། ཀི་གཅིག་ཀི་གཉིས་ཀི་སྒྲ་གསུམ། །དཔའ་དགྲ་བླ་འབོད་པའི་གད་རྒྱངས་ཡིན། ཀི་དང་པོས་རྒྱལ་ཀུན་འདུས་པའི་སྐུ། །རྗེ་འགྲན་མེད་སེང་ཆེན་རྒྱལ་པོ་འབོད། །དཔལ་དོན་བརྒྱུད་རྟོགས་པའི་ཕ་ཕོག་དེ། །བདག་སྐལ་ལྡན་སེམས་ཀྱི་དཔྱིད་དུ་སྩོལ། །ཀི་གཉིས་པས་ཕ་ཇོ་འདན་མ་འབོད། །བུ་དམ་ཚིག་འགྱུར་མེད་ཁོ་བོ་ལ། །ཚར་གཅོད་དང་རྗེས་སུ་འཛིན་པ་ཡི། །དཔའ་དགྲ་བླ་འབུམ་གྱི་ནུས་མཐུ་སྩོལ། །ཀི་གསུམ་པས་གཏན་གྲོགས་ནེའུ་ཆུང་འབོད། །གནས་ཉེར་བཞིའི་དཔའ་བོ་མཁའ་འགྲོའི་ཚོགས། །དུས་མཉམ་དུ་རོལ་བའི་བདེ་སྟོང་ལམ། །ཆོས་ཟག་མེད་དགའ་སྟོན་འགྱེད་དུ་གསོལ། །ཕར་ལྟོས་དང་ངོ་མཚར་ཆེ་ལུགས་ལ། །འོད་ཆེན་པོས་ནམ་མཁའ་གང་ནས་འདུག །འདི་འདྲ་བ་ད་སྔོན་མཐོང་མ་མྱོང་། །སེམས་འོད་གསལ་རིག་པའི་སྣང་ཆ་ལ། །ཡང་བལྟས་ཚེ་མི་དཀར་རྟ་དམར་ཅན། །ཞལ་དཀར་པོ་བཅོ་ལྔའི་ཟླ་གཞོན་ལ། །མཚལ་ལི་ཁྲིས་ཐིག་ལེ་བྱས་པ་འདྲ། །མིག་གང་ལ་གཏད་ཀྱང་ཁྱོད་ལ་འཁོར། །སེམས་གཡོ་མེད་ཁྱོད་ཀྱིས་དམ་པོར་བསྡམས། །སྐུ་བརྗིད་པ་རི་ཡི་དབང་པོ་འདྲ། །རྩལ་གློག་ཞགས་འཁྱུགས་པའི་གར་ལ་འགྲན། །སྟོབས་ཆེ་བས་གནམ་ས་ཡོམ་ཡོམ་བྱེད། །འདི་འཛམ་གླིང་སེང་ཆེན་ཡིན་ངེས་འདྲ། །རྗེ་དེ་ཡི་སྟེང་འོག་ཕྱོགས་མཚམས་ན། །སྟེང་ལྷ་དམག་སྤྲིན་དཀར་བྱིན་རེ་ཆགས། །བར་གཉན་དམག་རླུང་དམར་དྲག་ཏུ་འཚུབ། །འོག་ཀླུ་དམག་རྒྱ་མཚོ་མེ་རེ་རེ། །སྨན་ན་ཆུང་གླུ་དབྱངས་ཤ་ར་ར། །འཁོར་དཔའ་རྟུལ་སྟོང་དང་དགུ་བརྒྱ་དང་། །དེའི་ཡང་འཁོར་འབུམ་ཁྲི་འབུམ་སྟོང་རྣམས། །དམག་ལྟ་བ་མིག་གིས་མི་བཟོད་ཅིང་། །གྲངས་གཞལ་བ་སེམས་ཀྱིས་མི་ཆུམ་མོ། །དཔུང་འདི་འདྲ་གང་དུ་བསྐྱོད་རྒྱུ་ཡིན། །བུ་སྐལ་ལྡན་རྗེས་སུ་འཛིན་འདོད་ན། །སྐུ་གཞན་དུ་མ་སྐྱོད་འདི་རུ་བཞུགས། །མགོན་ཤཱཀྱ་སེང་གེའི་བསྟན་པ་ལ། །ཁ་ཙམ་མིན་སྙིང་ནས་གུས་པ་ཡི། །ངེད་བུ་སློབ་སྐལ་ལྡན་འབུམ་ཕྲག་རྣམས། །རྗེ་ཁྱེད་ཀྱི་བྲན་དུ་སྙིང་ནས་མཆི། །གནས་ལོངས་སྤྱོད་ལྟོས་པ་མེད་པར་འབུལ། །ལས་སྐྱིད་སྡུག་ཅི་མཛད་ཁྱེད་རང་མཁྱེན། །སྡང་དགྲ་བོ་ཆམ་ལ་འབེབས་འདོད་ན། །སྤྱིར་བསྟན་དང་འགྲོ་བ་ཡོངས་ལ་འཚེ། །སྒོས་ལྷ་འབངས་སྐལ་ལྡན་བདག་ཅག་ལ། །བསམ་ངན་དང་སྦྱོར་རྩུབ་འཆང་བ་ཡི། །དགྲ་བྱེ་བ་འབུམ་གྱི་ཤ་ཁྲག་ཀུན། །གླིང་དཔའ་བོའི་རྔམ་སྟོན་ཟས་སུ་འབུལ། །ཐུགས་དགྱེས་པར་མཛོད་ལ་བཞེས་སུ་གསོལ། །ངེད་འདིར་ཚོགས་སྐལ་ལྡན་ཕོ་མོ་ཡི། །ལུས་འདི་ལ་དགྲ་བླའི་དཔའ་རྫོང་ཆོས། །ངག་མི་འགྱུར་བདེན་ཚིག་ནུས་པ་སྩོལ། །སེམས་ཆོས་སྐུའི་རང་ཞལ་མངོན་སུམ་སྟོན། །རྗེ་ཁྱེད་དང་དབྱེར་མེད་བྱིན་གྱིས་རློབས། །ཨེ་ཨ་ཏི་མི་བུ་ལྷ་རྒྱལ་ལོ། །
ཞེས་རབ་བྱུང་བཅུ་བདུན་པའི་ས་སྦྲུལ་ཧོར་ཟླ་༡༡ཚེས་༡༡ཀྱི་སྔ་དྲོར་དག་པའི་སྣང་བ་འདི་འདྲ་ཞིག་ཤར་ཚེ། ཁ་ནས་གང་བྱུང་བཅོས་བསྒྱུར་མེད་པར་སྨྲས་པ་བཞིན་ཚ་བོ་དཔལ་མཛོད་ཀྱིས་ཡི་གེའི་གཟུགས་སུ་ཤར་མར་སྤེལ་བ་འདི། སུས་བཏོན་ཀྱང་བྱིན་རླབས་ཀྱི་ཚན་ཁ་གཞན་ལས་ཆེ་བ་ཞིག་ཡིན་པར་རློམ་མོ། །ཨ་བྷྱ་ལཀྵཾ་ཀ་རས་སོ།། །།