སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

མགོ་ལོག་དུར་བུད་སྒྲུང་བ་བློ་བཟང་འོད་ཟེར་ངོ་སྤྲོད།

                                       

དུར་བུད་བླ་མ་བློ་བཟང་འོད་ཟེར་ནི། བོད་རབ་བྱུང་བཅུ་དྲུག་པའི་ཆུ་མོ་ཡོས་ཀྱི་ལོར། ཡབ་སྨུག་པོ་ལྡོང་གི་རྒྱལ་རྒྱུད་གླིང་སྒྲུང་ལ་བག་ཆགས་ཟབ་པའི་དུར་བུད་པད་ཚེ་དང་། མ་ཡུམ་སོག་པོ་ཀུ་ཤྲི་བསྟན་འཛིན་ཆོས་རྒྱལ་གྱི་རིགས་རྒྱུད་ལས་ཆད་པའི་བྰ་ཐུར་བཟའ་ས་མཚོ་གཉིས་ཀྱི་སྲས་སུ་རྨ་ཡུལ་ཁོ་ཁོག་གསེར་གཞུང་ཕྱུག་མོའི་སའི་ཆ་བཀྲ་ཤིས་ལྷ་སྒང་རིང་མོའི་གནས་སུ་སྐྱེས། སྐྱེས་པའི་སྐབས་དགུན་དུས་སུ་ཡང་ལྷོ་གཡུ་འབྲུག་སྔོན་མོས་ངར་སྐད་བསྒྲགས་ཤིང་། སྤྲིན་པ་དུང་དཀར་དང་འཁོར་ལོའི་རིས་སུ་འཆར་བ་སོགས་བཀྲ་ཤིས་པའི་རྟགས་མཚན་དུ་མ་དང་ལྡན་པས། ཕ་མ་གཉིས་ཀྱིས་བྱིས་པ་འདི་སྐྱེ་མཐོ་ཞིག་ཡིན་ནམ་སྙམ་ནས་བླ་མ་གདོང་ཤེར་ལ་བསྟན་ཏེ་མིང་འདོག་ཏུ་བཅུག བླ་མས་བྱིས་པ་འདི་བླ་མ་ཞིག་གི་སྐྱེ་བ་ཡིན་ངེས་འདུག་ཀྱང་བར་ཆད་ཆེ། ཨ་ཡེ་མཆོག་བཟའ་ལ་མིང་འདོག་ཏུ་ཆུགས་དང་དགོས་པ་ཆེ་གསུངས། ཨ་ཡེ་མཆོག་བཟའ་ཞེས་རྒན་མོ་ལོ་བདུན་ཅུར་སོན་པ་ཞིག་སྟེ། ཚེ་གང་བོར་མཁའ་སྤྱོད་མའི་བསྙེན་པ་དུང་ཕྱུར་འགའ་འདོན་མྱོང་བ་དེས་ཁོ་ལ་འབྲུག་གྲགས་ཞེས་པའི་མིང་དེ་བསྩལ། སྐྱེས་ནས་ཟླ་གཅིག་ཙམ་སོང་བའི་ཉིན་ཞིག་ལ་དུར་བུད་བླ་མ་བུ་ལོ་ཁྱིམ་དུ་ཕེབས་ནས་གསུང་རྒྱུར། བདག་ལ་མདངས་ནུབ་རྨི་ལམ་ཡག་པོ་ཞིག་བྱུང་བས་བྱིས་པ་འདི་ཁྲོ་ཐུང་ཉ་ཚ་ཨ་བརྟན་གྱི་སྤྲུལ་བ་ཡིན་པ་འདྲ་ཞེས་གསུངས། དེ་ནས་བཟུང་ཁོང་གིས་ཁྲོ་རྒོད་དུ་འབོད་སྲོལ་ཡོད། ཁོ་ཆུང་དུས་ནས་ཡི་གེ་འབྲི་ཀློག་སོགས་བརྡ་བསྟན་པ་ཙམ་གྱིས་ཚེགས་མེད་དུ་མཁྱེན་པ་སོགས་རྣམ་དཔྱོད་གཞན་ལས་ཁྱད་པར་དུ་འཕགས། མཚན་ལྡན་གྱི་བླ་མ་མང་པོའི་སྐྱེ་སྲིད་དུ་ལུང་བསྟན་ཚུལ་ནི། བླ་མ་གདོང་ཤེར་གྱིས་དཔལ་སྒ་ལོ་བའི་ཡང་སྲིད་དུ་བསྔགས་པ་དང་། བླ་མ་འོད་པོས་བདེ་ནང་བླ་མ་འོད་བསྟན་གྱི་སྐྱེ་བ་ཡིན་པར་གསུངས་ལ། སྒྲུང་གཏེར་ངག་དབང་རིག་འཛིན་དང་། གཏུག་རྒྱ་བླ་མ་བསོད་ནམས་རྒྱལ་མཚན་ཟུང་གིས་མཁའ་སྤྱོད་མའི་རྣམ་འབྱོར་བ་ཆེན་པོ་ཞིག་གི་སྐྱེ་སྲིད་ཡིན་གསུངས་པ་དང་། ར་ཆུང་བླ་མ་འཇིགས་མེད་རྒྱ་མཚོས་འབའ་རེའི་དགེ་སློང་གི་ཡང་སྲིད་དུ་བཞེད། རྩིས་མཁན་སྐལ་མགོན་གྱིས་ཁོང་ལ་ཚེ་རབས་ལས་རྩིས་བྱས་ཏེ་བྰ་ཐུར་མཁན་ཆེན་གྱི་རྣམ་སྤྲུལ་དུ་ཐག་བཅད་པ་སོགས་མང་པོ་མཆིས། སྐུ་ན་ཕྲ་བའི་སྐབས་སུ་གྲུབ་པའི་རྟགས་མཚན་ནམ་སྨྱོ་རྟགས་གང་ཡིན་འབྱེད་དཀའ་བའི་སྤྱོད་པ་ཡ་མཚན་པ་མང་པོ་སྟོན་རྒྱུ་ཡོད་པས་གཞན་དང་མི་མཚུངས་བ་ཞིག་ཡིན་པ་ལ་དད་པ་བྱེད་མཁན་མང་བར་མ་ཟད། འབྲུག་གྲགས་གློས་རྒན་ནམ་སྨྱོན་པ་ཞེས་མཐོང་ཆུང་བྱེད་མཁན་ཡང་ཡོད། དགུང་ལོ་བཅུ་དྲུག་གི་སྟེང་ཁུ་བོ་བླ་མ་ནམ་མཁའ་རྡོ་རྗེའི་ཞབས་རྗེས་སྙེགས་ཏེ་གསང་སྔགས་སྙིང་མའི་འདོན་ཆ་དང་། སུམ་རྟགས་དག་གསུམ་སོགས་བསླབ་པར་མ་ཟད། ལྟ་སྒོམ་སྤྱོད་གསུམ་གྱི་གནད་སོགས་ཆ་ཚང་བར་མནོས་ནས་རྗེས་སུ་བཟུང་། དེ་ནས་བཟུང་གསང་སྔགས་སྙིང་མའི་བླ་མ་གང་མང་ཞིག་གི་ཞབས་ལ་གཏུགས་ཏེ་སྔོན་འགྲོ་དང་རྩ་རླུང་། རྫོགས་ཆེན། སྣང་སྦྱང་། གཏེར་སར་གཅོད་གྱི་གདམས་པ་སོགས་མཐར་ཆགས་སུ་མནོས། གཞན་ཡང་དགེ་ལུགས་པ་དང་ཇོ་ནང་བའི་བླ་མ་ཡང་མང་དུ་བརྟེན་ནས་ཟབ་ཆོས་ཀྱི་གདམས་པ་ཐོབ།སྒྲ་དང་ཚད་མ་བཟོ་དང་གསོ་བ་སོགས་ལ་བག་ཆགས་མི་དམན་པ་རེ་བཞག་ཡོད་པར་མ་ཟད། བོད་ཀྱི་བརྡ་སྤྲོད་དང་སྙན་ངག། རྒྱ་ནག་གི་ཡིག་རིགས་དང་ལོ་རྒྱུས་སོགས་ལ་སྦྱངས་བ་ལེགས་པོ་བྱས། དམ་པའི་སྐྱེས་བུ་མང་པོ་བསྟེན་པའི་རྣམ་གྲངས་ནི། བཀའ་དྲིན་གསུམ་ལྡན་གྱི་བླ་མ་གསང་བདག་གཏུམ་ཆེན་དཔའ་བོ་དང་། དགེ་བའི་བཤེས་གཉེན་ཆེན་པོ་བདེ་ལེགས་རབ་རྒྱས། བདུད་རྩི་སྨན་གྱི་གདམས་པ་དབང་ལུང་མན་ངག་དང་བཅས་པ་སྩལ་བའི་དགེ་རྒན་བཀའ་དྲིན་ཅན་མཐུ་ལྡན་རིག་པའི་རྡོ་རྗེ། རིན་ཆེན་གཏེར་མཛོད་ཆེན་མོ་དང་འབྲེལ་བའི་དབང་ལུང་གང་ཟབ་གནང་བའི་བླ་མ་ཀཿཐོག་མོག་སྤྲུལ་ཕྱོགས་ལས་རྣམ་རྒྱལ། དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐོབ་པའི་བླ་མ་ཐར་ཤུལ་ཡོངས་འཛིན་རིན་པོ་ཆེ་དང་། རྒྱ་བླ་པདྨ་རྣམ་རྒྱལ། དེ་མིན་དབང་ལུང་ཁྲིད་གསུམ་སོགས་ཀྱི་ཆོས་འབྲེལ་ཐོབ་པའི་བླ་མ་ནི་མཁན་ཆེན་བློ་བཟང་རྡོ་རྗེ། མཁའ་འགྲོ་མ་ཏྰ་རེ་ལྷ་མོ་ཡབ་ཡུམ་ཟུང་དགེ་རྩེ་མཁན་པོ་དབང་ཆེན། མཆོག་སྤྲུལ་གར་དབང་ཉི་མ། མགར་ཀློང་སྤྲུལ་སྐུ དཔལ་ཡུལ་ཀརྨ་ཆགས་མེད། སྤྲུལ་ཀུན་བཟང་རྣམ་རྒྱལ།མཁན་ཞིས་བསྟན། བླ་མ་ནམ་མཁའ་རྡོ་རྗེ། མཁན་ཆེན་བློ་བཟང་སྙན་གྲགས། མཆོག་སྤྲུལ་ཧྰུྃ་ཀར་རྡོ་རྗེ་སོགས་མཁས་ཤིང་གྲུབ་པའི་སྐྱེས་ཆེན་དུ་མའི་ཞབས་ལ་གཏུགས་ནས་རིག་པའི་མྱུ་གུ་འཁྲུངས། སྦྱངས་བའི་ལོ་འདབ་རྒྱས། རྟོགས་པའི་འབྲས་བུ་སྨིན་ཡོད། ད་ལྟ་ཁོང་གིས་གངས་ཅན་གསོ་བ་རིག་པས་འགྲོ་དོན་མཛད་ནས་གདུལ་བྱ་ནད་པ་མང་པོ་བྲོ་འཚལ་བའི་སྡུག་བསྔལ་ལས་སྐྱོབ་བཞིན་བཞུགས་པའི་སྐབས་ཡིན་ལ། གསུང་ཆོས་ཟབ་གཏེར་གྱི་སྐོར་ལ་གླིང་རྗེ་གེ་སར་རྒྱལ་པོའི་སྒྲུབ་པ་དང་རྣམ་ཐར་གྱི་སྐོར། གླིང་དཔའ་རྟུལ་སུམ་ཅུ་དང་དྭངས་སྨན་སུམ་ཅུའི་བསྐང་གསོལ་རྡོ་རྗེའི་ཕྲེང་རིང་། མཁན་སློབ་ཆོས་གསུམ་གྱི་བླ་སྒྲུབ། སེང་ཆེན་སྐྱེས་བུ་ཆེན་པོ་དང་། སྡིག་གཅོད་ཤན་པ།བཙན་མེ་སྟག མཚོ་སྙིང་མ་ཧྰ་དེ་ཝ། ཡུལ་ལྷའི་རྒྱལ་པོ་ཀླུ་བཙན་བཀྲ་ཤིས་གཟི་འབར། བདུད་བཙན་རྡོ་རྗེ་དགྲ་འཇོམས་སོགས་ཀྱི་གསོལ་མཆོད་དང་། དགྲ་མནན་སོགས་གཏེར་ཆོས་ཀྱི་སྐོར་དང་གཞན་ཡང་དུར་བུད་གཏེར་ཆེན་ཤེས་རབ་རྒྱལ་མཚན་གྱི་རྣམ་ཐར། དབལ་ཤུལ་དུར་བུད་གྱི་རུས་མཛོད། དབལ་ཤུལ་དུར་བུད་སྡེ་བའི་ལོ་རྒྱུས་ཚིག་བཅད་མ།ཕ་ཡུལ་གྱི་བསྟོད་པ་སྤྲིན་གྱི་རོལ་མོ། དཔའ་ཡང་ཐུལ་དམ་པའི་མི་བདུན་གྱི་བསྟོད་པ།དཔའ་ལ་མི་སྤྱང་དཀར་བོའི་བསྟོད་པ། དེ་མིན་བསྟོད་ཚོགས་དང་། སྙན་རྩོམ། དཔྱད་རྩོམ་སོགས་གང་མང་ཞིག་ཞིང་ཆེན་ཕྱི་ནང་གི་དུས་དེབ་ཏུ་སྤེལ་དང་སྤེལ་བཞིན་པའི་སྐབས་ཡིན། གཞན་ཡང ༢༠༡༤ ལོར་རྒྱལ་ཡོངས་གེ་སར་བྱ་བའི་གཞུང་ལས་ཁང་དང་། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གཉིས་ཀྱིས་གེ་སར་གཏེར་སྒྲུང་བའི་དཔང་ཡིག་དང་། ཀྲུང་གོའི་ཞིན་དཔའ་གསར་འགྱུར་ཁང་གིས་དམངས་ཁྲོད་སྒྱུ་རྩལ་བའི་མིང་ཐོབ་གནང་། ཁོང་གིས་མགོ་ལོག་ར་ཡ་སྡེ་བའི་སློབ་སྟོན་པ་དང་། དུར་བུད་གེ་སར་རིག་གནས་སྙན་ངག་གྲོང་ཚོའི་དྲུང་ཡིག་པ་སོགས་ཀྱི་འགན་བཞེས་ཡོད།

མཁོ་འདོན་མཛད་མཁན་མགོ་ལོག་འཇམ་དབྱངས་བློ་གྲོས།

 

 

 

 

ཀློག་གྲངས།:[4308]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com