སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

མདོ་ཁམས་སྡེ་དགེའི་ཡུལ་གྱི་ཁྲ་མོ་གླིང་དང་འབྲེལ་བའི་རྗེས་ཤུལ་འགའ་ཞིག་གསལ་བར་བརྗོད་པ་སེང་ཆེན་དགྱེས་པའི་རོལ་མོ།

༄༅།། མདོ་ཁམས་སྡེ་དགེའི་ཡུལ་གྱི་ཁྲ་མོ་གླིང་དང་འབྲེལ་བའི་རྗེས་ཤུལ་འགའ་ཞིག་གསལ་བར་བརྗོད་པ་སེང་ཆེན་དགྱེས་པའི་རོལ་མོ་ཞེས་བྱ་བ་བཞུགས་སོ།
                                                                 རྩོམ་ཁུངས།  ཁམས་པའི་གསར་འགྱུར་དྲ་བ། 

3.jpg
འགུ་ཟི་ཆུ་དྲོན་ལ་ཁར་ཡོད་པའི་འབྲུག་མོའི་སྐྲ་རྗེས།

ༀ་སྭ་སྟི་སི། རབ་འབྱམས་རྒྱལ་བའི་འཕྲིན་ལས་རོལ་པ་ལས། །
ཨོ་རྒྱན་དགྲ་ལྷའི་རྒྱལ་པོའི་སྐུར་བསྟན་པ། །
རིགས་གསུམ་སྤྲུལ་པའི་རྣམ་རོལ་སེང་ཆེན་རྗེ། །
ནོར་བུ་དགྲ་འདུལ་རྩལ་གྱིས་ཤིས་པ་སྩོལ། །
དེ་ལ་རྩ་གསུམ་འདུས་པའི་སྤྱི་གཟུགས་ཆེན་པོ་པདྨ་ཐོད་ཕྲེང་རྩལ་གྱི་རྣམ་འཕྲུལ།དབུ་ནག་བོད་ཀྱི་རྗེ་བོ་སེང་ཆེན་མི་ཡི་ཉི་མ།གླིང་གེ་སར་ནོར་བུ་དགྲ་འདུལ་ཞེས་སྙན་པའི་གྲགས་པ་ས་གསུམ་ན་ལྡིར་ཞིང་།སྐྱེ་འགྲོ་ཀུན་གྱི་མགོན་སྐྱབས་དཔུང་གཉེན་ཆེན་པོ་རུ་བཞུགས་པ་དེ་ཉིད་བསྟན་དང་འགྲོ་བའི་དོན་དུ།ལྷོ་འཛམ་བུ་གླིང་གི་ཡང་རྩེ།བོད་ཁ་བའི་ལྗོངས་ཀྱི་བྱེ་བྲག །རྫ་ཚབ་ཚ་ཆོས་འཁོར་གླིང་གི་ཉེ་འདབས།སྡེ་དགེ་ཨ་ཕྱུག་རྩྭ་ཐང་དུ་གྲགས་པའི་ས་སྐྱིད་སོས་ཡག་གི་ཁ་མདོ་རུ་ཡབ་གླིང་ཆུང་རྒྱུད་སེང་བློན་རྒྱལ་པོ་དང་།ཡུམ་ཀླུ་གཙུག་ནའི་སྲས་མོ་ཀླུ་མོ་ཡལ་ག་མཛེས་ལྡན་ནམ་འགོག་བཟའ་ལྷ་མོར་གྲགས་པ་གཉིས་ཀྱི་སྲས་སུ་རབ་བྱུང་དང་པོའི་ས་ཕོ་སྟག་གི་༡༠༣༨ལོ་ལ༼ལོ་འདིར་གེ་སར་འཁྲུངས་པ་བདུད་འཇོམས་པས་གསུངས།མཆན།༽ངོ་མཚར་བའི་ལྟས་བསམ་གྱིས་མི་ཁྱབ་པ་དང་བཅས་ཏེ་སྐུ་འཁྲུངས།དེ་ཡང་འཁྲུངས་གླིང་དུ་འགོག་བཟས་ལྷ་ཕྲུག་ཐོས་པ་དགའ་བ་ལ་གླུ་བླངས་པ་ལས་སའི་ཆགས་ཚུལ་བཤད་སྐབས།ས་འདི་སྐྱིད་སོས་ཡག་གི་མདོ། །ཆུ་གཉིས་ཆབ་མ་བརྡབ་འདྲ་ཡོད། །བྲག་གཉིས་མདའ་སྒྲོ་གཤིབ་འདྲ་ཡོད། །སྤང་གཉིས་བལ་སྟན་བཏིང་འདྲ་ཡོད། །བྲག་སྦལ་པ་འདྲ་བའི་རྩ་བ་རེད། །ཅེས་གསུངས་པའི་ས་སྐྱིད་སོས་ཡག་གི་ཁ་མདོ་ནི། སྐྱིད་ཁོག་ལུང་དང་སོས་ཁོག་ལུང་གཉིས་ཀྱི་བསྡུས་མིང་ཡིན། ཆུ་གཉིས་ཆབ་མ་བརྡབ་འདྲ་ནི། གེ་སར་ལྷ་ཁང་གི་ཕྱོགས་གཉིས་ནས་འབབ་པའི་སྐྱིད་ཆུ་དང་སོས་ཆུ་གཉིས་ཡིན་ལ།ཆུ་དེ་གཉིས་ཀྱི་འདུས་མདོ་སྐྱིད་སོས་ཡག་གི་ཁ་མདོ་ལ་གེ་སར་ལྷ་ཁང་བཞེངས་ཡོད།བྲག་གཉིས་མདའ་སྒྲོ་གཤིབ་འདྲ་ནི། གེ་སར་ལྷ་ཁང་གི་རྒྱབ་ཕྱོགས་སུ་ཡོད་པའི་བྲག་མདའ་སྒྲོ་མ་ཟེར་བ་དེ་གཉིས་ཡིན། སྤང་གཉིས་བལ་སྟན་བཏིང་འདྲ་ནི། གེ་སར་ལྷ་ཁང་གི་གཡས་གཡོན་ན་ཡོད་པའི་རྩྭ་ཐང་མཛེས་པ་དེ་ལ་ཟེར། བྲག་སྦལ་པ་འདྲ་བ་ནི། གེ་སར་ལྷ་ཁང་གི་གཡས་རྒྱབ་ལྟག་མགོར་ཡོད་པའི་བྲག་སྦལ་པའི་དབྱིབས་ཅན་དེ་ལ་ཟེར་ཞིང་།དེའི་རྩ་ནས་གླིང་རྗེ་གེ་སར་སྐུ་བལྟམས་པ་ཡིན།ཡུལ་འདི་གེ་སར་གྱི་འཁྲུངས་ཡུལ་ཡིན་སྟབས་ས་འདིར་ཕྱུག་པོ་གནམ་ལ་ཐུག་འདྲའི་ཁྱིམ་ཚང་མང་པོ་བྱུང་མྱོང་ཞིང་།ཨ་ཕྱུག་གི་ཡུལ་དང་ཡུལ་དེའི་ཕོ་མོ་རྣམས་མཛེས་སྡུག་དང་ལྡན་པས་དུས་རྒྱུན་མི་རྣམས་ཀྱིས།ས་ཨ་ཕྱུག་རི་ཐང་མར་རྒྱན་འདྲ། །ཕྱུགས་འབྲི་མོ་ཡག་དོན་དེ་ནས་བྱུང་། །ཕྱུགས་རྟ་ནོར་འཕེལ་དོན་དེ་ནས་བྱུང་། །གླིང་གེ་སར་སྐྱེས་བུའི་དང་རྩེ་ཡིན། །ཕོ་སྐྱེ་གཟུགས་ལེགས་དོན་དེ་ནས་བྱུང་། །བསང་དགྲ་ལྷ་འཁོར་དོན་དེ་ནས་བྱུང་། །མ་འབྲུག་མོ་མོ་སྨན་དང་རྩེ་ཡིན། །སྨན་བུ་མོ་མཛེས་དོན་དེ་ནས་བྱུང་། །སྨན་ལག་བཅུད་ཆེ་དོན་དེ་ནས་བྱུང་། །ཞེས་བརྗོད་སྲོལ་ཡོད།གླིང་རྗེ་གེ་སར་འཁྲུངས་ས་ན་གེ་སར་ལྷ་ཁང་ཟེར་བ་ཞིག་ཡོད་པ་དུས་འགྱུར་སྐབས་ཉམས་ཆག་སོང་བ་དཔལ་རྒྱལ་སྤྲུལ་སྐུས་ཉམས་གསོ་མཛད་ནས་གེ་སར་ལྷ་ཁང་ཐོག་བརྩེགས་གཉིས་ཅན་ལ་གླིང་རྗེ་གེ་སར་རྒྱལ་པོ་ལྷ་རྟ་རྐྱང་ལུ་ལ་ཆིབས་པ་དང་། གླིང་གི་ལྷ་བརྒྱད། དགྲ་ལྷ་ཝེར་མ་བཅུ་གསུམ།རྒྱ་གར་གྲུབ་ཆེན་བརྒྱད་ཅུ།གླིང་གི་དཔའ་བདུད་བཞི་བཅུ་ལྷག་བཅས་གསར་བཞེངས་མཛད་ཡོད།གེ་སར་ལྷ་ཁང་གི་ཉེ་འདབས་ན་གེ་སར་ཞག་གཅིག་ཞག་ངོ་མ་ལོན་གོང་ནས་གནམ་གྱི་བྱ་ནག་སྤུན་གསུམ་བཏུལ་སྐབས་སྐུ་གཅེར་བུ་བྲག་སྟེང་དུ་བཞུགས་པས་རྡོ་ངོར་བྱིས་པ་ལོ་གསུམ་ཙམ་གྱི་བརླ་དང་ཚང་རའི་རྗེས་བྱུང་བ་དང་།སེར་ཤུལ་རྫོང་གི་ཝ་ཤུལ་ལྕི་ཕུར་བྲག་ནག་ལུང་མདོ་ན་བོན་གྱི་མཐུ་པ་ཨ་མྱེ་སྒོམ་པ་ར་ཛའི་སྒྲུབ་ཕུག་དང་།ཨ་ཕྱུག་ལྕི་སྨད་ལྕི་སྨན་ལུང་ཕྱུག་མོ་ན་འཕྱི་བ་བརྐོ་བའི་ཚུལ་མཛད་དེ་ཨན་དང་ས་རུ་རལ་ཆེན་གཏིབ་འོག་ཏུ་བཏང་ཤུལ་དང་།ཡ་དིང་གི་རྫ་ཆུའི་འགྲམ་ན་སྲིན་མོ་བུ་ཟན་འདུལ་ས་དང་།སྟག་སྒམ་འགྲམ་བྱིས་ཆུང་མྱིད་པའི་འཕྲང་ལམ་ན་ལྕགས་ཀྱུས་བདུད་ཁ་སེ་རུ་ལུ་བསྒྲལ་ས་དང་། སྦྲུལ་མགོ་འདབས་ན་ཇོ་རུ་མ་བུ་བཞུགས་ཤུལ་བཅས་དང་། གཞན་ཡང་རྒྱ་བཟའི་སྦྲ་མལ། ལྷ་རྟ་རྐྱང་ལུའི་རྨིག་རྗེས། བླ་མཚོ་ཆུ་མིག།སྐྱི་རྒྱལ་སྟག་རི་དང་།ལྕི་ཡི་ལུང་པ་བཅུ་གསུམ་གྱི་ཆུ་རྒྱུན་དང་ལུང་གདོང་ཁ་གྱུ་ཕྱོགས་སོགས་འཁྲུངས་གླིང་མེ་ཏོག་ར་བ་དང་རྨ་ས་བཟུང་དར་དཀར་མདུད་པ་ལས་གསལ་བ་ལྟར་ངོ་མཚར་ཆེ་ལ་གླིང་སྒྲུང་དང་བདེན་པ་ར་སྤྲོད་ཐུབ་པ་ཤ་སྟག་མཇལ་རྒྱུ་ཡོད་དོ། །སྡེ་དགེ་ཡིད་ལྷུང་གི་ས་ཆ་ན་སྟག་རོང་དཔོན་པོ་ཁྲོ་ཐུང་དང་། རོང་ཚ་དམར་ལེབ་སོགས་དཔའ་ཐུལ་དུ་མའི་མཁར་ཤུལ་དང་། སྨན་འབྲུག་མོ་དང་ནེའུ་ཆུང་སོགས་གླིང་གི་མོ་སྨན་དག་གིས་ཞབས་ཀྱིས་བཅགས་པའི་རྗེས་ཤུལ་མང་དུ་བཞུགས་ཤིང་།ཡིད་ལྷུང་ཞེས་པའང་སྐྱ་ལོ་ཚང་རྨ་ཁོག་ཏུ་གནས་སྤོ་འགྲོ་དུས་སྐྱ་ལོའི་སེང་ལྕམ་འབྲུག་མོ་གནས་འདིའི་བཀོད་པ་དང་།ཡུལ་གྱི་མཛེས་སྡུག་རྨད་དུ་བྱུང་བས་ཡིད་ཆགས་པའམ་ཡིད་ལྷུང་བའི་དབང་གིས་ཐོགས་པ་དང་།ཡིད་ལྷུང་ཁོག་ནས་ས་གནས་གཞན་དང་མི་འདྲ་བར་གཟི་མང་པོ་རྙེད་རྒྱུ་ཡོད་པའང་འབྲུག་མོ་འདིར་བྱོན་དུས་ཆིབས་འདྲོགས་བྱས་ཏེ་གཟི་སྒམ་ཆག་ནས་གཟི་རྣམས་འཐོར་བའི་རྐྱེན་གྱིས་ཡིན་པར་བཤད། ཡིད་ལྷུང་སྟོད་ཨོ་སྒོ་ན་སྲིད་པའི་ལྷ་རབས་ཆེན་པོ་གཉན་ཆེན་གེ་མཛོ་གཉེན་པོ་བཞུགས་ཤིང་།འདི་ལ་དཔལ་ས་སྐྱ་པ་ཆེན་པོ་ངག་དབང་ཀུན་དགའ་བསོད་ནམས་མཆོག་གིས་བཀྲ་ཤིས་ལྷ་ཡི་རྔ་གསང་ལས།ཕུན་ཚོགས་མདོ་སྨད་ཡུལ་གྱི་ཆར། །ཡིད་འོང་མཐོ་རིས་སྐབས་གསུམ་ཚལ། །འཛིན་མར་ལྷུང་འདྲའི་སྨན་ལྗོངས་ལ། །དག་བྱེད་དཀར་ཕྱོགས་ལྷ་ཡི་རྒྱལ། །གཉན་ཆེན་ཨ་བོ་གེ་མཛོ་ཞེས། །འཛམ་གླིང་སེང་ཆེན་རྒྱལ་པོའི་ཡབ། །ཞེས་ནས།སྲས་མཆོག་རིགས་གསུམ་ཡེ་ཤེས་སྐུ། །སེང་ཆེན་ནོར་བུ་དགྲ་འདུལ་རྩལ། །དཔའ་ཐུལ་དྭངས་སྨན་སྤྲུལ་པའི་དམག །ལྷ་སྲས་དགེ་ཆུང་གཉན་པོ་དང་། །སྲིང་ལྕམ་ཐ་ལེ་འོད་དཀར་ཅན། །ཞེས་བསྔགས་པ་རྒྱ་ཆེར་མཛད་ཅིང་། དཔའ་བོ་ལས་རབ་རྩལ་གྱིས། པད་འབྱུང་ཞལ་མཐོང་རྡོ་རྗེའི་གཡར་དམ་ཅན། །དགེ་བསྙེན་གེ་མཛོ་བོད་ཆེན་སྐྱོང་བའི་བདག །བསང་ངོ་མཆོད་དོ་གངས་ཅན་བོད་ཡུལ་གྱི། །བསྟན་དང་བསྟན་འཛིན་དར་ཞིང་རྒྱས་པར་མཛོད། །ཅེས་པའི་འཕྲིན་ལས་བཅོལ་བར་མཛད། གེ་མཛོའི་གཡོན་ཕྱོགས་རྒྱ་སྟག་བྲག་དམར་མདུན་ན་གེ་སར་རྐྱང་ལུ་བཏགས་ས་ཟེར་བའི་ཤིང་ཕུར་ཞིག་ཡོད་པ་ད་ལྟར་ཤིང་སྡོང་ཆེན་པོ་ཞིག་ལ་འགྱུར་ནས་ཀླུང་རྟ་སྒྲོན་མཆོད་བྱེད་ས་ཞིག་ཏུ་གྱུར་ཡོད།མ་ཎི་སྐ་མགོའི་གོང་རོལ་གྱི་རི་འདི་རྒྱ་ཚ་དང་སྲས་དགྲ་ལྷ་སོགས་གླིང་ཆུང་རྒྱུད་ཚང་གི་བླ་རི་ཡིན་པས་རྒྱ་ཐོད་མ་ཞེས་མིང་དེ་ལྟར་ཐོགས་པ་དང་།རྒྱ་ཐོད་མའི་སྲང་དེར་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་གྱི་སྦྲ་ཤུལ་ཡོད་པས་ལྷ་རྒྱལ་སྲང་ཞེས་གྲགས་པ་ཕྱིས་དགོན་པ་ཆག་བཏབ་སྐབས་ས་མིང་དགོན་ལ་སྦྱར་ནས་ཡིད་ལྷུང་ལྷ་རྒྱལ་སྲང་གི་དགོན་པ་ཞེས་བཏགས་པར་བཤད། ལྷ་རྒྱལ་སྲང་གི་གཡས་ཕྱོགས་ནས་བསང་ཆེན་དང་།བསང་འབྲིང་།བསང་ཆུང་ཟེར་བའི་རི་དིལ་ཆེ་ཆུང་གསུམ་ཡོད་པ་སྐྱ་ལོ་སྔོ་ལོ་བྲོ་ལོ་གསུམ་གྱི་བསང་གཏོང་ས་ཡིན་པ་དང་།དེའི་གཡས་ཕྱོགས་སྟག་ལྟེམ་ཟེར་ས་ན་སྟག་རོང་དཔོན་གྱི་སྦྲ་ཤུལ་ཡོད་ཚུལ་འདུག །མ་ཎིའི་སྐ་མགོའི་གཡོན་ཕྱོགས་ན་སྐུ་ལྷ་ངོ་རོ་སྟག་རྩེ་དང་། བླ་རི་སྟག་ལྷ་སྤུན་གསུམ་ཟེར་བ་ཡོད་པའང་སྟག་རོང་དཔོན་གྱི་སྐུ་ལྷ་དང་བླ་རི་ཡིན་ཚུལ་དང་། ཡང་ལྷ་རྒྱལ་སྲང་གི་གཡོན་ཕྱོགས་ཝ་བརྡ་ཚ་ཁ་ཞེས་པ་ན་གླིང་གི་རྒྱལ་བློན་རྣམས་ཀྱིས་སྐུ་ཁྲུས་གསོལ་སའི་ཆུ་ཚན་ཞིག་ཡོད་པ་ལ།སྡེ་དགེ་རྒྱལ་བློན་རྣམས་ལོ་བསྟར་ཚ་ཉལ་མཛད་པར་ཕེབས་ནས་དེ་སྐབས་ཡིད་ལྷུང་ཁོག་པས་བཞུགས་གྲྭ་བསྒྲིགས་ནས་དཀའ་ངལ་ཆེ་བ་ཡོད་སྟབས། ཕྱིས་དཔའ་རྩལ་གེ་སར་ལ་འགྲན་བཟོད་ཅིང་སྐུ་ལྷ་གེ་མཛོ་གཉེན་པོའི་སྲས་སུ་གྲགས་པ་ལྷ་མི་དར་རྒྱས་ཀྱིས་ཝ་བརྡ་ཚ་ཁར་འགྲོ་ལམ་ཁྲོ་ལ་དང་རག་ཆེན་བར་གྱི་རྫ་སྒོ་དེ་ཕ་ཝང་ཆེན་པོ་ཞིག་གིས་བཀག་ནས་ཡོང་ས་མེད་པ་དང་།ཆུ་ཚན་གྱི་སྒོའང་རྫ་རྡོ་ཆེན་པོ་ཞིག་གིས་བཀབ་ནས་མི་མངོན་པར་བྱས་པ་ད་ལྟར་ཡོད་ཅིང་།དུས་དེར་སྡེ་དགེ་རྒྱལ་བློན་རྣམས་ཚ་ཉལ་ཕེབས་ནས་ཤ་ཁྲལ་ཁྱེར་ཤོག་གསུངས་པར་ཤྭ་རོ་ཆེན་པོ་ཞིག་སྔས་སུ་བཞག །འབུད་ཤིང་ཁྱེར་ཤོག་གསུངས་པ་ལ་ཤིང་སྡོང་རྒན་ཆེན་པོ་ཞིག་བཀོག་ནས་སྒར་འགྲམ་དུ་བཞག་མཛད་པའི་ལོ་རྒྱུས་འདུག །དཔལ་ལྡན་འཁོར་ལོ་སྡོམ་པའི་གནས་མཆོག་ལྷ་ཡི་བདུད་རྩི་མི་ཡུལ་དུ་འཁྱིལ་བ་ལྟ་བུའི་ཡིད་ལྷུང་ལྷ་ཡི་མཚོ་མོའང་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་དང་སྐྱ་ལོའི་སེང་ལྕམ་འབྲུག་མོ་སོགས་ཀྱི་བླ་མཚོ་ཡིན་པ་དང་།ལྷ་རི་སྒར་ལ་ལྷ་རི་རྫོང་ཟེར་བའང་སྔར་དུས་གནས་འདིར་གླིང་གི་རྫོང་མཁར་ཞིག་ཡོད་པ་ལས་བཏགས་ཤིང་། ཕྱིས་ས་དེར་སྡེ་དགེའི་དཔོན་མགོ་བཞིའི་ཡ་གྱལ་ཡིད་ལྷུང་ལྷ་རི་དཔོན་གྱི་གཞིས་ཀ་བཏབ་སྟེ་ཡིད་ལྷུང་ལྷ་རི་སྒར་ཞེས་གྲགས། འབྲུག་མོ་དང་ནེའུ་ཆུང་སོགས་གནས་འདིར་བཞུགས་པའི་དན་རྟགས་ལ་དུང་འབྲུག་ལུང་གི་ས་ཆ་ན་ད་ལྟ་ཡང་འབྲུག་མོ་ཁོག་དང་།འབྲུག་མོའི་གད་ཐོག །འབྲུག་མོའི་སྦྲ་མལ། འབྲུག་མོའི་ཆང་དོང་། འབྲུག་མོའི་བྲོ་ར། སྐྱ་ལོའི་མཁར་ཤུལ། སྐྱ་ལོའི་རྟ་རའི་ནང་། གེ་སར་སྒྲུབ་ཕུག །ནེའུ་ཆུང་མ་ཟེར་བ་སོགས་ཀྱི་ས་མིང་དང་རྗེས་ཤུལ་གསལ་པོ་མང་པོ་ཡོད། ཡིད་ལྷུང་སྨད་རོང་ཚ་ནང་ཞེས་པ་ན་རོང་ཚ་གན་འཕེན་དམར་ལེབ་ཀྱི་མཁར་ཤུལ་དང་།ཨེན་དུང་ནོར་བུ་འཕེན་ཕྱུག་གི་ཉེ་ཞོལ་གཟུ་ཆེན་མཁར་མགོ་ཞེས་པ་ན་གཟུ་ཆེན་ཝེར་མ་ལྷ་དར་གྱི་མཁར་ཤུལ་དང་།ཡིད་ལྷུང་སྨད་ཕྱོགས་སུ་གླིང་གེ་སར་རྒྱལ་པོའི་ཁུ་བོ་སྟག་རོང་དཔོན་པོ་ཁྲོ་ཐུང་གི་མཁར་ཤུལ་དང་།ཁྲོ་ཐུང་དཔོན་གྱིས་གཏེར་ནས་བཞེས་པའི་ཚ་ཆུའང་ཡོད་ལ།ཚ་ཆུ་འདི་ཉིད་བྱིན་རླབས་ཆེ་ཞིང་ཕྱོགས་ཀྱི་སྐྱེ་བོ་དུ་མ་རྒྱུན་དུ་ནད་བཅོས་བྱེད་པ་མང་ལ་ཕན་ནུས་ཀྱང་མངོན་གསལ་དུ་ཐོབ་ཀྱིན་ཡོད།གནས་འདི་སྟག་རོང་ཨ་ཁུ་ཁྲོ་ཐུང་གི་ས་ཆ་ཡིན་པས་ད་ལྟའི་བར་དུ་ས་མིང་ལའང་ཁྲོ་ཐུང་ཁོག་དང་ཨ་ཁུའི་ཁོག་སོགས་སུ་ཐོགས་ནས་ཡོད་ཅིང་།ཁྲོ་ཐུང་ཁོག་ན་འདོ་བ་འཕར་བ་རྔ་ནག་ཁྲིད་ལམ་ཟེར་བའི་སྲང་ལམ་ཞིག་ད་ལྟར་ཡང་ཡོད་ལ།མཁས་གྲུབ་དམ་པ་དུ་མས་ས་འདི་སྟག་རོང་གི་ས་ཆ་ཡིན་ཚུལ་གསུངས་པར་མཛད་དོ། །གླིང་འགུ་ཟི་རབ་བརྟན་རྩེ་ཞེས་གྲགས་པ་ན་གླིང་རྗེ་གེ་སར་རྒྱལ་པོའི་ཕུ་བོ་དཔའ་ཡ་མེད་རྒྱ་ཚ་ཞལ་དཀར་གྱི་སྲས་པོ་དགྲ་འདུལ་ལྷ་རྩེའམ་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་དང་ཨ་གཉེན་རྒྱལ་བ་སྐྱབས་སོགས་ནས་གླིང་ཚང་གི་རྒྱལ་རབས་མུ་ཏིག་གི་ཕྲེང་བ་བསྟར་ལ་བརྒྱུས་པ་ལྟར་ཟམ་མ་ཆད་པར་བྱུང་བའི་ཚུལ་གཞན་དུ་གསལ་ཞིང་། སྔ་དུས་འགུ་ཟི་དགོན་ན་གླིང་ཨ་ཡུ་ཤཱཀྱ་རྒྱལ་མཚན་གྱིས་འབྲི་གུང་ནས་གདན་དྲངས་པའི་རྡོ་རྗེ་འཆང་དང་། མར་མེ་མཛད། རྒྱལ་བ་བྱམས་པ་གསུམ་གྱི་སྐུ་ཛྷཻ་ཀྵིམ་ལས་གྲུབ་པ་རིན་བྲལ་བྱིན་ལྡན་ཤིན་ཏུ་ཆེ་བ་དང་།ཆོས་བརྩིགས་བྲག་རི་མ་ཞེས་པ་ན་གསེར་ཞུན་མས་ལྷད་མེད་དུ་བྲིས་པའི་གླིང་དཀར་པོའི་ཕ་འབུམ་སུམ་ཅུ་ཡོད་ཅིང་། དེ་དག་གི་ལྡེབ་མཐའ་ལ་དར་ལུང་དང་མཚལ་ཐམ་ཡོད་པ་དང་། ཡང་གླིང་དཀར་པོའི་ཕུ་ནུ་རྣམས་འདས་པའི་དགོངས་རྫོགས་ལ་བྲིས་པའི་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་ཆ་སུམ་ཅུ་སོགས་གསེར་དངུལ་མཚལ་གསུམ་དང་གསེར་དངུལ་སྤེལ་མ་སོགས་ཀྱིས་བྲིས་པའི་པུསྟི་ཁྱོན་ལྔ་སྟོང་ཙམ།གླིང་རྒྱལ་རབས་རིམ་བྱོན་གྱི་ཐམ་ཀ་ཤིན་ཏུ་མང་བ་སོགས་དང་།གསེར་ཁང་གི་ནང་ན་སློབ་དཔོན་པདྨའི་ཕྱག་གི་རྡོ་རྗེ་སྲིན་པོའི་བྲང་ལྤགས་ཀྱིས་གཡོགས་པ་དང་།ཀླུའི་སྒ་སྲབ་ཆུ་སྲིན་ཉ་མིད་ཀྱི་པགས་པས་གཡོགས་པ། རྐྱང་ལུའི་གསེར་སྲབ་ཡིད་བཞིན་ནོར་བུ། གདོང་གི་དར་འཕེན་ནག་པོའི་ཞགས་པ། དཔལ་ལའི་མཚོན་ལེབ་ཆེན་མིའི་བཤའ་གྲི། ལུས་མི་མཛའ་བེའུ་རྩག་མཐའ་གྱོང་།དཔལ་དགྲ་ལྷའི་ཚེ་གོས་སྨུག་པོ་སོགས་ཀྱི་གླིང་གི་རྟེན་རྫས་བྱིན་ཆེན་མང་པོ་ཡོད་ཀྱང་དུས་འགྱུར་ཆེན་མོའི་སྐབས་གཏོར་བརླགས་བྱུང་ནས་ད་ལྟར་རེ་འགའ་ལས་མི་བཞུགས་ཤིང་། སྔོན་གླིང་གི་དུས་ཀྱི་མགོན་ཁང་དང་། རྨ་ས་བཟུང་དར་དཀར་མདུད་པ་ལས་གསལ་བའི་གླིང་གི་ཕ་ནོར་ཁྲོ་ཡི་ལས་མགོན་ནག་པོ་དང་། རྒྱལ་བ་བྱམས་པའི་དབུ་རྒྱན། གནམ་ལྕགས་ཀྱི་རྡོ་རྗེ། སྔོན་གླིང་གི་ཕ་འབུམ་རྣམས་ཀྱི་དཔེ་གླེགས་གསེར་གདོང་ལ་བརྐོས་རིས་དང་། ཕྱི་ལ་སྐུ་དང་མཆོད་རྟེན་གྱི་གསེར་རིས་ཡོད་པ་མང་བ་སོགས་རྟེན་ཁ་ཤས་ད་ལྟར་ཡོད།དགོན་དེར་གླིང་གི་རྒྱལ་རབས་རིམ་བྱོན་གྱི་བཞུགས་གནས་ཕོ་བྲང་སེང་འབྲུག་སྟག་རྩེ་བཞུགས་པའི་ཕྱོགས་བཞི་ལ་བང་རྒོད་བཞི་ཡོད་པ་གླིང་གི་རྒྱལ་མཚན་ཐོགས་པའི་མི་བཞིའི་བཞུགས་གནས་ཡིན་ཚུལ་གླེང་། དགོན་གྱི་ཉེ་ལོགས་ཤར་ཕྱོགས་རྫོང་བྲག་དཔལ་གྱི་གནས་མཆོག་ན་ཇ་མཁར་རིང་མོ་དང་། ཇ་མཁར་ཕྱུག་མོ་གཉིས་ཡོད་པའི་ཤུལ་དུ་ཕྱིས་སུའང་ཇ་མཁར་སྒང་ཟེར་ཞིང་།གནས་འདིར་གླིང་གཏེར་པདྨ་གར་དབང་འགྲོ་འདུལ་རྩལ་གྱིས་རྫོང་བྲག་ཐེག་མཆོག་དར་རྒྱས་གླིང་ཆག་བཏབ་མཛད།རྫོང་མགོའི་དགོན་ལྟག་གླིང་རིན་ཆེན་སྟེང་ན་ལྷ་སྲས་དགྲ་ལྷ་རྩེ་རྒྱལ་གྱི་སྐུ་མཁར་ཕོ་བྲང་ཆེན་པོ་ཡོད་པའི་ཤུལ་ད་ལྟར་ཡོད་ལ།གླིང་ཚང་ཆོས་རྒྱལ་ཆེན་པོ་མགོན་པོ་ལྷུན་འགྲུབ་ཀྱིས་རྒྱལ་དབང་པདྨའི་རྒྱལ་ཚབ་རིག་འཛིན་བདུད་འདུལ་རྡོ་རྗེ་དབུའི་མཆོད་གནས་སུ་བཀུར་ནས་རིན་ཆེན་སྟེང་གི་སྐུ་མཁར་སྔགས་ཁང་ཆེན་པོར་རྩ་བ་གསུམ་གྱི་རྟེན་བརྟེན་པར་བཅས་པ་གསར་བཞེངས་བསྙེན་སྒྲུབ་གསོལ་སྐོང་སོགས་དུས་དང་རྒྱུན་གྱི་སྒྲུབ་པ་བཙུག་པས་བསྟན་འགྲོ་ཕན་བདེའི་རྩ་ལག་གླིང་དཀར་ཆོས་སྲིད་ལུགས་གཉིས་ཀྱི་མངའ་ཐང་སོགས་ཇི་སྲིད་ཉི་ཟླའི་བགྲོད་པ་ནམ་གནས་བར་དུ་ཉམས་མེད་གོང་འཕེལ་འབྱུང་བའི་རྟེན་འབྱུང་ལེགས་སྨོན་ཕུན་སུམ་ཚོགས་ཤིང་ལུང་བསྟན་སོགས་ཀྱིས་དབུགས་དབྱུང་བསྩལ།དུས་དེར་ཟབ་གཏེར་ཐུགས་རྗེ་ཆེན་པོ་ནམ་མཁའི་རྒྱལ་པོའི་བཀའ་བབ་སྒྲུབ་ཆེན་ལན་བདུན་སོགས་མཛད་པས་ངོ་མཚར་བའི་ལྟས་དང་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་བྱུང་ཞིང་།རིན་ཆེན་སྟེང་ཞབས་ལམ་ནང་ན་ལྕག་ཚན་གྱིས་རྡོ་ལེབ་ཅིག་ལ་མ་ཎིའི་དཀྱིལ་འཁོར་བྲིས་པ་དང་།ཕོ་བྲང་མི་འགྱུར་བའི་ཕྱིར་རབ་ཏུ་གནས་པ་མཛད་པས་ནམ་མཁའ་ནས་མ་ཎི་ཚར་བཞི་བྱོན་པ་ཕྱོགས་བཞི་ལ་བསྟིམས་ཏེ། ད་ལྟར་ཚེ་ཡག་མ་ཎི་རང་བྱོན་དང་། བོན་མོ་ནང་། བོན་མོ་མདའ།

3bf53eb517ae22b26e586947bf0de0c4.jpg

སྡེ་དགེ་ལྕངས་ར་ན་ཡོད་པའི་ཞལ་ལུའི་དངུལ་ཆུ་ཁྲོ་རྫོང་གི་མཁར་ཤུལ།

སྟག་སྒང་ཚང་གི་ཁང་འོག་ཕ་ཝང་བཞི་ལ་མ་ཎི་རང་བྱོན་རེ་བཅས་གསལ་པོར་མཇལ་རྒྱུ་ཡོད།ཕྱིས་གླིང་ཚང་ཕྱོགས་སུ་ས་ཡོམ་གྱི་རྐྱེན་པས་ཁང་པ་ཕལ་ཆེར་ཞིག་རལ་དུ་སོང་དུས་རིན་ཆེན་སྟེང་གི་ཕོ་བྲང་ལ་གནོད་པ་མ་བྱུང་བས་བདུད་འདུལ་གྱིས་རབ་གནས་མཛད་པའི་སྟོབས་ཀྱིས་ཡིན་ཟེར་ཞིང་།ད་ལྟར་ཕོ་བྲང་གི་སྟེང་ན་ཞིང་སྐྱོང་གི་མགོན་ཁང་ཞིག་བཞེངས་ཡོད་དོ། །ཤར་ཇ་མཁར་སྨུག་པོའི་མཁར་ཤུལ་དུ་རོང་ཚ་དྲན་པ་དམར་ལེབ་ཀྱི་སྤྲུལ་པ་རྒྱལ་སྲས་དྲན་པ་མཆོག་སྦྱིན་གྱིས་ཇ་དགོན་བཤད་སྒྲུབ་སྨིན་གྲོལ་གླིང་ཆག་བཏབ་གནང་།དེ་ནས་ཡར་ལམ་ཆེན་བརྒྱུད་ནས་སོང་བའི་མགར་སྐོར་དང་ཉང་ཕུ་སྡེ་པ་གཉིས་ཀྱྀ་བར་ན་གླིང་དཀར་པོ་ཆགས་པའི་ཡུལ་ལྷ།གདོང་སྨུག་པོ་སྐྱེས་པའི་སྐྱེས་ལྷ་གེ་འཛོ་རི་དམར་དབང་ཞུ་བཞུགས་ཤིང་།རི་འདི་ལ་ཧོར་འདུལ་ལས།གེ་འཛོའི་རི་དམར་དབང་ཞུ་དེ། །ཕ་བླ་མས་པད་ཞྭ་མནབ་འདྲ་ལ། །པད་ཞྭ་དར་གྱིས་བརྒྱན་འདྲའི་རི། །ཞེས་དང་། མཆོག་གླིང་བཀའ་བསྡུས་ལས། དབང་ཞུ་དམར་པོར་ལྷ་བཙན་དམ་ལ་བཏགསཿ ཞེས་གསུངས། གནས་མདུན་ནས་བལྟས་ན་ཨོ་རྒྱན་པད་ཞུའི་དབྱིབས་སུ་ཡོད་པའི་དཀྱིལ་བྲག་བྱེ་རུའི་རྒྱལ་མཚན་སློང་བ་འདྲ་བའི་མདུན་ནས་བདུད་རྩིའི་ཆུ་རྒྱུན་དང་།གཡས་རི་དུང་སེང་འདྲ་བ་ལ་ཡི་གེ་ཨཱཿདང་།གཡོན་རི་རྒྱ་སྟག་འདྲ་བའི་སྟག་རོང་ལུང་སྒོས་བྲག་ལ་མཆོད་རྟེན་རང་བྱོན་གསུམ་བཞུགས། གཞན་ཡང་འབྲུག་མོས་འོ་ཟོ་བཀལ་ས་ཟེར་བའི་བྲག་འབུར་འོ་ཟོ་བཀལ་ས་འདྲ་བ་སོགས་ངོ་མཚར་ཆེ་བ་དུ་མ་ཡོད། དཀྱིལ་ནགས་ཚལ་འཐུག་པོས་བརྒྱན་པར་སྔོན་དུས་སྟག་གཟིག་དོམ་དྲེད་སོགས་ཀྱི་གཅན་གཟན་གཏུམ་པོ་མང་པོ་གནས་པར་བཤད། རྒྱ་ཚས་འགོག་ཡུལ་ལ་དམག་དྲངས་སྐབས་ཁྲོ་ཐུང་འཕྲུལ་གྱིས་འགོག་ར་ལོ་སྟོན་པ་རྒྱལ་མཚན་ལ་ལྐོག་ཡིག་བཏང་ས་གེ་མཛོ་ཡིན་ཞིང་། འཛམ་གླིང་སེང་ཆེན་སྐྱེས་བུའི་རྟོགས་བརྗོད་འཁྲུངས་གླིང་མེ་ཏོག་ར་བ་ལས། ར་ལོ་སྟོན་པའི་སྦྲ་ཐོག་འགྲོ་བའི་དམོད་བཅོལ་བཅས། གེ་འཛོ་རི་དམར་དབང་ཞུའི་རྩེ་ནས་བཏང་བས།ཞེས་འབྱུང་ངོ་། །རླངས་ཀྱི་གྲུབ་ཐོབ་ཆེན་པོ་ལྷ་གཟིགས་བྱང་ཆུབ་འདྲེ་བཀོལ་རྒྱ་ནག་ཏུ་བྱོན་སྐབས་གླིང་རྗེ་ལ་ལུང་བསྟན་གནང་སའང་གེ་མཛོའི་རི་མགུལ་ནས་ཡིན་པ་སྟེ། རླངས་ཀྱི་པོ་ཏི་བསེ་རུ་ལས། དེ་ནས་ཁོང་གིས་ཤར་དུ་བྱོན། གེ་འཛོའི་མགུལ་དུ་བྱོན་པ་ལ། གླིང་རྗེ་གེ་སར་གྱིས། སྲིན་གྱི་བེར་ནག་པོ་ཐོག་གདུགས། སྲིན་རལ་ཁྲའོ། སྲིན་རྟ་ནག་པོ་གསུམ་ཕུལ་ནས། མི་འཆི་ཚེའི་དབང་ཞིག་ཞུ། ངས་གདུག་པའི་ལྷ་འདྲེ་འདུལ་བ་ལ། ཁྱེད་ཀྱིས་བདག་གི་ལུས་སྐྱོབ་མཛོད། ཟེར་ནས། ཁོང་གི་ཞལ་ནས། ཁྱོད་འཆི་བའི་དུས་ལ་བབ་པ་ལ། རང་རེས་འབད་ཀྱང་ག་ལ་བརྟེན། བདུད་ཀྱི་བར་ཆད་མི་འབྱུང་བ། རྣལ་འབྱོར་བདག་གིས་སྲུང་མ་བྱེད། ལོ་ནི་བརྒྱད་ཅུ་རྩ་བརྒྱད་བར།སྐྱེས་བུ་ཁྱོད་ཀྱི་ཚེ་ཚད་ཡིན།ཞེས་གསུངས་པ་ལྟར་རོ། །གེ་འཛོ་ནས་ཡར་སོང་བའི་མགར་སྐེད་གུར་ཁང་རྡོ་ར་ན་བདུད་རྒན་གྭ་པ་རྐང་རིང་ངམ་ཨ་ཕོ་འཇང་རྒན་ཟེར་བའི་བདུད་མ་རུང་བ་ཞིག་གི་གནས་ཤུལ་དང་།གླིང་རྗེ་གེ་སར་རྒྱལ་པོས་ཁོ་རང་འདུལ་བའི་དུས་ལ་བབ་པར་མཁྱེན་ནས་འདུལ་བར་བརྩམས་པ་ན། བདུད་རྒན་འཇིགས་སྐྲག་ཚད་མེད་པར་སྐྱེས་ནས་རྩེ་མདའ་ཕུ་ཤོད་བར་གསུམ་དུ་བྲོས། ད་ལྟར་ས་དེའི་སྲིབ་ཀྱི་ལུང་པ་ན་ཁོ་ཡིས་རྐང་སྣམ་དྲུད་པའི་རྗེས་ཤིན་ཏུ་གསལ་བ་ཡོད་ཅིང༌། ས་མིང་ལ་རྐང་སྣམ་ནང་ཞེས་ཐོགས། ༼རྐང་སྣམ་ནི་སྣམ་བུས་བྱས་པའི་དོར་མ་ལ་ཟེར་འདུག།མཆན།༽དེ་ནས་གཡས་རུའི་ཕྱོགས་སུ་ཡར་བྲོས་པ་ན་བདུད་རྟ་བང་ཁ་ཟད་ནས་འགྲོ་རྒྱུ་མ་བྱུང་བས་རྗེས་ཟིན་ཏེ།སྔར་དུས་འདི་ལ་བང་ཟད་ལ་ཞེས་ཟེར།དེའི་ཆུ་ཕར་ཁ་ན་མི་རྟ་གཉིས་ཀ་རལ་གྲི་བཏབ་པ་ལན་མེད་ཀྱི་ངར་ལ་དྲངས་ཏེ་བསྒྲལ། ད་ལྟར་དེ་ན་བདུད་རྒན་རྟ་ཤ་གཟུགས་དྲུག་ཟེར་བའི་རྡོ་དྲུག་དང་། བདུད་རྒན་ཕྱིང་བསྒྲིལ་ཟེར་བའི་རྡོ་ཕྱིང་སྒྲིལ་འདྲ་བ། བདུད་རྒན་ག་ཏ་ཟེར་བའི་རྡོ་སྒྱེ་ཕོག་པ་འདྲ་བ་གཉིས་བཅས་ཡོད།བདུད་རྒན་གྱི་མགོ་བོ་རིལ་པོ་དེ་འུར་རྡོ་ཕ་ཝང་སྟོང་འཁོར་གྱི་སྟེང་དུ་བཞག་ནས་རྫུ་འཕྲུལ་གྱིས་ལན་གསུམ་བསྐོར་ཏེ་སྔར་གྱི་ཁོ་ཡི་གནས་སུ་འཕངས་པས།དེའི་ཚེ་རི་ངུར་བ་དང་བྲག་ཞིག་པ་སོགས་ངོ་མཚར་ཆེ་བར་བྱུང་བས།ས་འདི་ལ་དགྲ་ལྷའི་ངུར་ཞིག་ཐང་ཞེས་འབོད།ཁོའི་མགོ་བོ་དེ་བྲག་ཆེན་པོ་ཞིག་གི་ནང་དུ་བཅུགས་ཡོད་ཀྱང་ད་ལྟར་མཐོང་རྒྱུ་མི་འདུག་པ་ཅི་ཡིན་མ་ཤེས། ཆུ་དྲོན་སྡེ་པའི་ལ་ཁ་དམ་ར་ནང་ཞེས་གྲགས་པ་ན་གེ་སར་གྱིས་རྟ་བཏགས་ས་ཟེར་བའི་ཤུག་ཕུང་དང་། གེ་སར་གྱིས་རྫུ་འཕྲུལ་གྱིས་བྲག་བར་དུ་བཅུགས་ཟེར་བའི་ཤིང་སྡོང་། བྲག་ལ་གེ་སར་བཞུགས་རྗེས་ཟེར་བ་དང་། གེ་སར་གྱི་ཞབས་རྗེས་དང་། གེ་སར་གྱི་ཁྱི་ཧ་པའི་རྐང་རྗེས་ངོ་མཚར་བ། འབྲུག་མོའི་སྐྲ་མར་སྦྱར་རྗེས་ཟེར་བ་བཅས་བྲག་ལ་ཡོད། འཛོམ་ཁོག་ལུང་པ་ན་གེ་སར་གྱི་ཆིབས་རྗེས་དང་། གེ་སར་གྱི་རྟ་བཏགས་ས་ཟེར་བའི་བྲག་ངོ་མཚར་ཆེ་བ། འབྲུག་མོའི་སྒོ་ཟེར་བའི་བྲག་ལ་སྒོ་རང་བྱོན་ཡོད་པ་བཅས་དང་། གཡུ་རྩེ་ནང་ན་གེ་སར་བྲག་ཟེར་བའི་བྲག་རི་དང་། དེ་ལ་འབྲུག་མོའི་ཆིབས་རྗེས་འགའ་ཡོད།ཚེ་ཡག་རྟ་ཅན་བྲག་མགོ་ན་འབྲུག་མོའི་སྐྲ་ལྷ་ས་ཟེར་བའི་བུ་མོ་ཞིག་གིས་སྐྲ་སླ་བའི་རྣམ་པ་སྣང་རྒྱུ་ཡོད་པ་དང་།རྨ་རོང་རོལ་མོ་ནང་ན་རྒྱ་ཚའི་མཁར་ཤུལ་ཟེར་བ་སོགས་གླིང་གི་རྗེས་ཤུལ་མང་པོ་ཡོད་དོ། །
ཟིལ་ཁོག་ནི་སྔོན་བར་གླིང་འོམ་བུ་ཚང་གི་ཡུལ་སྡེ་ཡིན་པར་མ་ཟད།སྒ་ལེན་དགོན་ལྟག་གད་ཐོག་སྐྱག་ཟེར་ས་ན་འོམ་བུ་ཨ་ནུ་དཔལ་སེང་གི་སྐུ་མཁར་ཡོད་པ་ལ།ཕྱིས་དེ་ཉིད་ཉམས་ཆག་སོང་བའི་མཁར་ཤུལ་ལ་བརྟེན་ནས་དེ་ན་གད་ཐོག་ཚང་གིས་ཕོ་བྲང་ཆེན་པོ་ཞིག་བཞེངས་པས་དེ་ནས་གད་ཐོག་སྐྱག་ཟེར་ཞིང་། ད་ལྟར་གད་ཐོག་ཕོ་བྲང་ཞིག་རལ་དུ་སོང་བའི་ཤུལ་ཡོད། ད་ལྟར་སྒ་ལེན་དགོན་པའི་ཉེ་འགྲམ་ན་གླིང་འོམ་བུའི་ལྕང་རྒན་ཟེར་བའི་ལྕང་སྡོང་ཆེན་པོ་བདུན་ཡོད་པའང་བར་གླིང་འོམ་བུའི་དུས་སུ་བཙུགས་པའི་ལྕང་མ་ཡིན་པར་བཤད། ལྷ་ལུང་ཐང་དེ་གླིང་འབྲིང་རྒྱུད་ཚང་དང་སྟག་རོང་ཚང་གི་རུ་བ་སྡོད་པའི་མཚེར་ས་ཡིན་པ་དང་། དེའི་ཉེ་འགྲམ་ན་འོམ་བུའི་སྒར་ཤུལ་ཟེར་བའི་སྒར་བཏབ་ཤུལ་འདྲ་བ་ཡོད།མཚོ་ཕུ་མཚོ་འགྲམ་ན་གེ་སར་གྱིས་ཆིབས་པ་བཏགས་ས་ཟེར་བའི་འབོལ་སྡོང་ཆེ་བ་ཞིག་དང་།འབྲུག་མོས་ཆུར་ཐང་བཏིང་ས་ཟེར་བ་བཅས་ཡོད།འཁོར་མདོ་ཚན་མདའ་གྲོང་སྡོམ་ཤོད་བྲག་ངོས་ན་འབྲུག་མོའི་ཐག་ཁང་ཟེར་བའི་བྲག་ཁུང་ཞིག་ཡོད་པ་ན་ཤིང་ཐུར་དང་། འབྲུག་མོའི་བུ་རོ་བཏགས་པ་ཟེར་བའི་རྡོ་དཀར་འདྲ་ཞིག་མཐོང་རྒྱུ་ཡོད། འཁོར་ལོ་མདོ་རྡོ་རྩེ་མདའ་བཟང་དིལ་མགོ་ན་རྒྱ་ཚའི་ཤར་སྒོ་སྲུང་བའི་དམག་དཔོན་ཆེན་པོ་རྒོད་པོ་ཉི་མ་ལྷུན་འགྲུབ་ཀྱི་མཁར་ཤུལ་དང་། དེའི་རྨིང་ན་སྔར་དུས་མཁར་ཤུལ་གྱང་རོ་ཆེན་པོ་ཡོད་པ་གཏོར་ཚར་འདུག །
སྡེ་དགེ་ལྕགས་ར་བསམ་འགྲུབ་ལྷ་རྩེར་གྲགས་པའི་སྒང་མགོ་ན་འཛམ་གླིང་སེང་ཆེན་རྒྱལ་པོའི་ཕུ་བོ་དཔའ་ཡ་མེད་རྒྱ་ཚ་ཞལ་དཀར་གྱི་ཕོ་བྲང་ཆེན་པོ་ཞལ་ལུའི་དངུལ་ཆུ་ཁྲོ་རྫོང་ཆགས་ཤིང་། དེ་ལ་ཡུལ་འདིའི་མི་རྣམས་ཀྱིས། མི་མི་འགྱུར་རྒྱ་ཚ་ཞལ་དཀར། མཁར་མི་འགྱུར་དངུལ་ཆུ་ཁྲོ་རྫོང༌། གནས་མི་འགྱུར་བསམ་འགྲུབ་ལྷ་རྩེ་ཞེས་གླེང་། ཞལ་ལུའི་དངུལ་ཆུ་ཁྲོ་རྫོང་དེ་ཕྱིས་བསྟན་དགྲ་ཉག་སྐེད་པས་མེར་མ་བསྲེག་བར་དུ་ཡོད་ཅིང་། དུས་དེར་དངུལ་ཆུ་ཁྲོ་རྫོང་གི་སྟེང་ནས་བལྟས་དུས་མོ་ཤོད་ཟམ་པ་མཐོང་བ་དང་། སྟེང་རྩེག་མཐོ་ས་ལ་རྒོད་ཚང་ཡང་བཅས་ཡོད་པའི་ཚུལ་བཤད་རྒྱུ་འདུག །ས་སྐྱོང་སྡེ་དགེ་ཆོས་རྒྱལ་རྣམ་ཐར་དགེ་ལེགས་ནོར་བུའི་ཕྲེང་བ་ལས། གཉིས་པ་རྡོར་ལེགས་དམ་ཅན་སྤྲུལ་པར་གྲགས། །དཔའ་རྩལ་ཐོགས་མེད་ལྕགས་རའི་གླིང་དཔོན་ལ། །དམག་དཔུང་འདེགས་དུས་རྒོད་ཚང་འབུར་ཐོག་ནས། །མདའ་འཕང་གླིང་གི་གསེར་འཕྲུར་ཕོག་པ་སོགས། །ངོ་མཚར་ཅན་ཞིག་བྱུང་ཐོས་དེ་ཡི་གཅུང༌། །གཡུ་རྒྱལ་ཞེས་པ་དཔའ་རྩལ་སྐྱེ་གཟུགས་སོགས། །གླིང་རྗེ་གེ་སར་ལ་འགྲན་བྱུང་ཞེས་ཐོས། །ཞེས་འབྱུང་བས་གླིང་དཔོན་གྱི་དུས་སུ་མཁར་རྫོང་ལ་གསེར་འཕྲུ་ཡང་ཡོད་པར་གསལ། ད་ལྟར་བསམ་འགྲུབ་ལྷ་རྩེའི་མཐའ་སྐོར་ཀུན་ཏུ་དངུལ་ཆུ་ཁྲོ་རྫོང་གི་མཁར་ཤུལ་དང་། ཁྱད་པར་སྒྲུབ་ཁང་གི་རྒྱབ་ཕྱོགས་ཀྱི་གྱང་དེ་སྔར་གྱི་མཁར་ཤུལ་གྱི་གྱང་རྙིང་ཡིན་ཞིང་། དེའི་རྒྱབ་ཀྱི་གཡས་ཕྱོགས་སུ་ཡང་གྱང་དུམ་ཆེ་བ་ཞིག་ལུས་ཡོད་པ་ཡིན། རྒྱབ་ཕྱོགས་རྫོང་ལྟག་ལྟེམ་ཟེར་བ་ན་དངུལ་ཆུ་ཁྲོ་རྫོང་འོག་མའམ་རྒྱ་ཚས་མདའ་རྩལ་སྦྱང་ས་ཟེར་བའི་མཁར་ཞིག་ཡོད་པའི་ཤུལ་ཡོད་ཅིང་། འདིའི་ཨ་ག་རྣམས་ཀྱང་དངུལ་ཆུ་བླུགས་ནས་བརྡུང་ཡོད་པ་དང༌། དེ་ལ་ཟངས་འཛེར་བརྒྱབས་ཡོད་པ་ཕྱིས་བཤིགས་དུས་མཐོང་རྒྱུ་བྱུང་། སྔོན་མཁར་ནང་དུ་དགྲ་བོའི་རྟ་དམག་འགོག་སྲུང་ལ་སྤྱོད་བྱེད་ལྕགས་ཀྱི་གཟེར་མ་ར་མགོ་མང་པོ་སྤུངས་ཡོད་པ་རྣམས་ཕྲུ་གུ་ཚོས་རྩེད་ཆས་བྱས་པའི་ཚུལ་བཤད་འདུག་ཅིང་། ཉེ་བའི་ལོ་ཤས་སྔོན་མཁར་ཤུལ་སྔོག་སྐབས་སུའང་ས་འོག་ནས་འབྲུ་མཛོད་ཐོན་ཏེ། འབྲུ་རིགས་རུལ་སུངས་ཀྱིས་ནག་པོར་སོང་བ་མང་དུ་ཐོན་ཡོད་འདུག །དངུལ་ཆུ་ཁྲོ་རྫོང་རྩིག་སྐབས་གྱང་རྐང་ལ་ཁྲོ་ཆུ་ཞུན་མ་བླུགས་ཏེ་གྱང་རྐང་བྱས་པས་དངུལ་ཆུ་ཁྲོ་རྫོང་དུ་ཐོགས་ཟེར་ཞིང༌།

4.jpg
སྡེ་དགེ་འཁོར་མདོ་ལ་ཡོད་པའི་འབྲུག་མོའི་ཐགས་ཁང་ཟེར་བའི་བྲག་ཁུང་།

ཕྱིས་རིག་གནས་གསར་བརྗེའི་སྐབས་སུ་ཞིང་ལས་ཏ་ཀྲེ་ལ་སློབ་སྦྱོང་བྱས་ཏེ་ས་རྒོད་སློག་པའི་ཚེ་གནས་འདིའི་ས་འོག་ནས་དངུལ་ཆུའི་ཁྲོ་རྫོང་གི་རྩིག་རྨང་མང་པོ་ཐོན་ཡོད་ཅིང་། མཁར་གྱི་རྩིག་རྨང་ན་བླུགས་པའི་འདམ་རྫས་དེ་དག་ས་མིན་རྡོ་མིན་གྱི་དངོས་པོ་སྲ་མཁྲེགས་ཅན་ཞིག་ཏུ་གྱུར་པ་ཀུན་གྱིས་མཐོང་བ་བྱུང་། ཤར་ཉི་མ་མཁར་མགོ་ལ་ཤར་རྫོང་ཉི་མ་རང་ཤར་དང༌། ལྷོ་ཆུ་རྩའི་དགྲ་ངུ་བྲག་ལྟེམ་ན་ལྷ་རྫོང་ཟོ་ལུ་གནམ་བཏགས་ཡོད་པའི་ཤུལ་ད་ལྟར་ཡོད་ཅིང་། ཟོ་ལུ་གནམ་བཏགས་ཟེར་བའང་ཆུ་ལེན་དུས་ཆུ་ཟོ་བྲག་གསེང་ནས་ཟིལ་ཆུའི་ནང་དུ་གནམ་དཔྱངས་བྱས་ཏེ་བླངས་པ་ལས་ཐོགས། ནུབ་ཁུ་བྱུག་མར་ཧེ་ན་ནུབ་རྫོང་ཁུ་བྱུག་མགུལ་དཀྲིས་དང་། བྱང་ཁུ་བྱུག་ཡར་ཧེ་ན་བྱང་རྫོང་རྒོད་ཚང་ཁ་གཡེལ་ཡོད་པའི་གྱང་རལ་ད་ལྟར་ཡོད། ལྕགས་ར་དགོན་ན་ཡོད་པའི་མགོན་ཁང་འདི་ཉིད་ཀྱང་སྔར་གླིང་གི་དུས་ཀྱི་མགོན་ཁང་མ་ཉམས་པ་ལུས་སོང་བ་ཡིན། དངུལ་ཆུ་ཁྲོ་རྫོང་ནས་མདུན་དུ་ཕར་ལྟ་སའི་ཐད་ཀྱི་རྒོད་འབྲང་རི་མགུལ་ན་རྒྱ་ཚས་མདའ་རྟགས་འཇོག་ཕྱིར་མདའ་ཞིག་འཕངས་པས་རི་ལ་ཧེ་ཉག་དོད་པར་རྒྱ་ཚའི་མདའ་རྟགས་ཟེར།དགྲ་ངུ་བྲག་གདོང་གི་ཐད་ཀྱི་གླིང་བསྐོར་འགྲོ་སའི་ལམ་ནང་རྡོ་ལེབ་ཅིག་ལ་རྒྱ་ཚའི་ཆིབས་རྗེས་དང་། ཞལ་ལུའི་དངུལ་ཆུ་ཁྲོ་རྫོང་གི་མདུན་དང་།དགོན་པའི་གཡོན་འོག་དེའུ་འབུར་ཞིག་གི་ལྟེམ་ན་རྒྱ་ཚའི་བླ་ཤིང་ཤུག་སྡོང་ཟེར་བའི་ཤུག་སྡོང་ཞིག་ཡོད་ཅིང་། འདི་ནི་གླིང་སྒྲུང་ལས་མདུན་ཕྱོགས་རིན་ཆེན་སྤུངས་རིར། བླ་ཤིང་ཤུག་སྡོང་ཁེར་སྐྱེས་ཟེར་བ་དེ་ཡིན། དུས་ཕྱིས་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པ་ཆེན་པོ་བསམ་གཏན་བློ་གྲོས་ཀྱིས་ལྕགས་ར་དགོན་དུ་དབྱར་གནས་ཀྱི་མཁན་པོ་མཛད་སྐབས་མནལ་ལམ་དུ།རླུང་འཚུབས་ཀྱི་ནང་མི་དམར་མདུང་ཐོགས་པ་ཞིག་གིས་དཔལ་གཤིན་རྗེའི་གཤེད་ཀྱི་ཕོ་བྲང་ཉམས་པ་གསོ་བར་བསྐུལ་མ་བྱུང་བཞིན།ཕྱི་ཉིན་མཁར་ཧྲུལ་དུ་ཕེབས་ནས་ལྷ་ཐོ་བརྩིག །བཙན་རྒོད་ལ་གསོལ་མཆོད་འཕྲིན་ལས་བཅོལ་བས་དགྱེས་པའི་རྟགས་མཚན་མངོན་དུ་བྱུང་། དེའི་ནུབ་མོ་མནལ་ལམ་དུ་བཙན་རྒོད་ཨ་བསྭེ་དང་། བཻཀྩེའི་ལས་མཁན་སྲོག་བདག་དམར་པོ། ཕྲིན་ལས་རྒྱལ་པོའི་ཨ་ཙ་ར་སོགས་བྱུང་སྟེ། ཁོང་རྣམས་སློབ་དཔོན་པདྨའི་བཀའ་དང་དམ་ལ་གནས་པ་ཞིག་ཡིན་ཟེར། མི་གཞོན་གོས་དཀར་ཅན་ཞིག་འོངས་ནས་མི་སྣང་བར་གྱུར་གསུངས། དེ་ནས་ཞལ་ལུ་དངུལ་ཆུའི་ཁྲོ་རྫོང་གི་མཁར་ཤུལ་དུ་དཔལ་ཆེན་འཇིགས་མཛད་རྡོ་རྗེའི་ལྷ་ཁང་བཞེངས་ནས་འཇིགས་བྱེད་ཀྱི་སྒྲུབ་གྲྭ་དང་། འཇིགས་བྱེད་ཀྱི་དཀྱིལ་འཁོར་སྒྲུབ་མཆོད་བཅས་གསར་དུ་བཙུགས།ལྷ་ཁང་གསར་བཞེངས་ཕྱོགས་འདི་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་གནས་ཁྱད་པར་ཅན་ཡིན་ཞིང་།ལས་དག་པ་ཡིན་ན་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་དབུས་ན་འཇམ་དཔལ་གཤིན་རྗེའི་དཀྱིལ་འཁོར་རང་བྱུང་དུ་ཡོད་པ་མཇལ་རྒྱུ་ཡོད་པར་གསུངས། ལྕགས་ར་དགོན་གྱིས་གེ་སར་དང་རྒྱ་ཚ་མཆེད་གཉིས་ལ་གསོལ་མཆོད་ཆད་མེད་མཛད་ཅིང་། དབྱར་གནས་སྐབས་སུ་གླིང་གི་ཕུ་ནུ་རྣམས་ཀྱི་འཆམ་ཡང་མཛད་རྒྱུ་ཡོད་པ་ཡིན།ལྕགས་ར་དགོན་འདབས་ན་གླིང་གི་དཔའ་ཐུལ་རྣམས་ཀྱིས་རྟ་རྒྱུགས་འགྲན་ས་དང་དམག་སྦྱོང་བྱེད་སའི་ཐང་ཆེན་མ་ཟེར་བ་ཡོད་ཅིང་། ས་འདིའི་ཡར་མར་རྣམས་ནས་ནམ་རྒྱུན་མདེའུ་མང་པོ་རྙེད་རྒྱུ་ཡོད། དེ་ནས་མར་སོང་བའི་ཕ་རིའི་ལྷ་ཡོང་ཐང་ཟེར་བ་གླིང་གིས་ལྷ་བབ་བྱེད་ས་ཡིན་ཞེས་གླེང་།འདི་ནས་སྐེ་སྲིབ་ལུང་པར་འཛུལ་ཏེ་སོང་བའི་ལ་རྒྱབ་ཧག་ལའི་སྐེད་དུ་རྒྱ་བྱ་སོག་དཀར་གྱི་རྨིག་རྗེས་དང་།སྤང་ལེབ་ལ་རྒྱ་ཚའི་ཆིབས་རྟ་འདོགས་ཕུར་ཟེར་བའི་རྡོ་སྤང་ལ་ཕུར་པ་བརྡབ་པ་འདྲ་བ་ཞིག་ཀྱང་ཡོད།དམྱལ་གླིང་རྫོགས་པ་ཆེན་པོ་ལས།ཕུ་གསུམ་དཀར་ཡག་གངས་ཀྱི་རི། །གངས་ལ་སེངྒེ་འཁོར་བའི་རི། །སྐེད་གསུམ་ཙནྡན་ནགས་ཀྱི་རི། །ནགས་ལ་རྒྱ་སྟག་འཁོར་བའི་རི། །མདའ་གསུམ་ཆུ་མ་ཞིང་གི་རི། །ཞིང་ལ་འབྲུ་དྲུག་སྨིན་པའི་རི། །རི་བོ་གསུམ་གྱི་འདུས་མདོ་ན། །བརྒྱ་རྩ་བརྒྱད་མཆོད་རྟེན་ར་བ་ན། །སྟོང་རྩ་གཉིས་ཚྭ་ཚྭའི་འབུམ་ཁང་ན། །མཁར་མི་འགྱུར་དངུལ་ཆུའི་ཁྲོ་རྫོང་ན། །ཞེས་འབྱུང་ཞིང་། དེ་ལས་ཕུ་གསུམ་དཀར་ཡག་གངས་ཀྱི་རི་ནི་ཟིལ་ཁྲོམ་གངས་ཁྲོད་དང་སྐུང་རི་བྲག་ནག་རྩེ་གསུམ་ཡིན་ཚུལ་དང་།༼སྡེ་དགེའི་ས་བཤད་ལས། སྐུང་རི་བྲག་ནག་རྩེ་གསུམ་དེ། རྒྱལ་བློན་བཀའ་བགྲོས་བྱས་འདྲ་ཡོད། ཤར་གྱི་གད་པ་སྐྱ་རིང་དེ། རྟ་སྒ་མས་སྒ་མ་འཁྲིད་འདྲ་ཡོད། ཅེས་འབྱུང་། མཆན།༽སྐེད་གསུམ་ཙནྡན་ནགས་ཀྱི་རི་ནི་རྒོད་འབྲང་ཕར་རིའི་ཆུ་དོང་ནགས་དང་ཚུར་རིའི་རྒོད་འབྲང་ནགས་སོགས་རྒྱ་སྟག་ཡོད་པའི་ནགས་རི་འདི་རྣམས་དང་།མདའ་གསུམ་ཆུ་མ་ཞིང་གི་རི་ནི་རྒྱ་ཞིང་ཆུ་མ་འདི་རྣམས་ལ་ཟེར་ཚུལ་འདུག །རྒོད་འབྲང་གནས་ཀྱི་སྟོད་སྨད་ཐམས་ཅད་སྟོང་རྩ་གཉིས་སཱཙྪའི་འབུམ་ཁང་ཡིན་ཟེར་ཞིང་།མི་རྣམས་ཀྱིས་ཐ་རྒོད་སློག་དུས་དང་ལམ་ཆེན་གསར་བཟོ་བྱེད་དུས་སོགས་སུ་ས་འོག་ནས་སཱཙྪ་མང་པོ་རྙེད་པའི་ལོ་རྒྱུས་འདུག །རྒོད་འབྲང་རི་འདབས་རྩ་བརྒྱད་མདའ་ན་བྲག་ཕྲེང་མཆོད་རྟེན་འདྲ་བ་མང་པོ་ཡོད་པ་ནི་བརྒྱ་རྩ་བརྒྱད་མཆོད་རྟེན་ར་བ་ཞེས་འབྱུང་བ་དེ་ཡིན་ཞིང་། ཚུར་རི་ན་རྩ་བརྒྱད་ཐང་ཟེར་བ་ཞིག་ཡོད་པའང་འདི་ལས་བརྟེན་ནས་ཐོགས། རྩ་བརྒྱད་མདའི་ཚུར་ཁའི་ལམ་ནང་ན་གེ་སར་ཆང་བབ་བྱེད་ས་ཟེར་བ་ཞིག་ཡོད་ཅིང་།དེ་ནི་གླིང་རྗེ་གེ་སར་རྒྱལ་པོ་འདི་ནས་ཕེབས་དུས་ས་འདིར་ཆང་བབ་མཛད་ནས་བཞུགས་པས་མིང་དེ་ལྟར་ཐོགས།གེ་སར་ཆང་གིས་ཅུང་མྱོས་པའི་རྣམ་པས་ཆང་གསོལ་ཞལ་གང་རི་ཁུད་ཀྱི་བྲག་ལ་བརྒྱབས་པས་བྲག་ལ་གསོལ་ཞལ་གྱི་རྗེས་བྱུང་ཞིང་།དེ་ནས་ཆང་བསྙལ་མི་རྣམས་ཀྱིས་ཆང་ལམ་དུ་འགྲོ་མིན་བྱུང་ཚེ་འདིའི་ཆང་ཕོར་རྒྱབ་ཤུལ་ནས་བྲག་རྡོ་རེ་བཀོག་ནས་ཆང་རྫ་ནང་འཕང་པས་ཆང་ལེགས་པ་ཁོ་ན་བྱུང་སྟེ། ད་ལྟར་མི་རྣམས་ཀྱིས་གེ་སར་ཆང་རྡོ་བཀོག་ས་ཟེར། དེ་ནས་ཡར་ཡོང་བའི་ལམ་ཁ་ན་ཡུལ་འདིར་གནས་པའི་བདུད་མོ་ཞིག་གེ་སར་གྱིས་ཐབས་ཀྱིས་འདུལ་བར་དགོངས་ནས་བདུད་མོ་བྲིད་ནས་འདོད་པ་བསྟེན་པས་བྲག་ལ་བདུད་མོའི་རྒྱབ་དང་ཨང་དོ་གེ་སར་གྱི་སྐུ་དཔུང་གཉིས་དང་པུས་མོ་བཅས་ཀྱི་རྗེས་ཤིན་ཏུ་ངོ་མཚར་བ་བྱུང་བ་ཡོད་ཀྱང་ལམ་ཆེན་གསར་བཟོ་བྱེད་དུས་ཕྱག་དཔུང་ངོ་ཡ་ལས་གཞན་གཏོར་ཚར་འདུག །དེ་ནས་རྩ་ར་མདའ་ནས་ཡོང་བའི་ལམ་ཁ་ན་གསང་རྡོར་ནུས་པ་ཉམས་མིན་ཚོད་བལྟ་ཕྱིར་བྲག་ལ་གསང་རྡོར་བརྒྱབས་པའི་རྗེས་ཧ་ཅང་མཚར་བ་ཞིག་ཡོད་པའང་ཕྱེད་གཏོར་ཚར་འདུག །འདི་ནས་ཡར་བལྟ་སའི་ཆུ་དོང་ནགས་ན་འབྲུག་མོའི་སྐྲ་བཀྲུ་ས་དང་། བྲག་ངོས་ནས་འབྲུག་མོའི་སྐྲ་ཆུ་ཟེར་བའི་ཆུ་ཆུང་ཞིག་ཀྱང་འབབ་ཀྱི་ཡོད། རྩ་ར་མདའ་ན་གེ་སར་དབུ་རྨོག་ཟེར་བའི་རྡོ་སྒྲུང་ཞྭ་འདྲ་ཞིག་ཡོད་ཅིང་།གེ་སར་གྱི་གསོལ་ཤན་བརྡར་ས་ཟེར་བའི་རྡོ་ཞིག་ཡོད་པ་གཏོར་ཚར་འདུག །ཕ་རི་མེ་ཆུ་ནང་ཟེར་བའི་ཆུ་བྲག་འཐབ་ས་དེར་གླིང་གིས་དགྲ་ལ་མཐུ་བྱེད་དུས་ཟོར་སོགས་འཕེན་ས་ཡིན་ཞེས་བཤད། ཚུར་རི་རྩ་བརྒྱད་ཐང་ནས་ཡར་ཡོང་བའི་ཕར་རི་གོ་རོང་མདའི་བྲག་ལ་རྒྱ་ཚའི་ཞལ་ངོ་ཟེར་བའི་བྲག་རི་མཐོན་པོ་ཞིག་གི་དབུ་རྩེ་ནམ་རྒྱུན་དཀར་པོ་གྱུར་ནས་ཡོད་ཅིང་། དེ་ཉིད་དུས་རྟགས་ལྟ་བུས་སྐབས་འགར་ཞལ་མདོག་དམར་པོ་དང་ནག་པོར་འགྱུར་འགྲོ་བ་དང་། དུས་འགྱུར་ཆེན་མོའི་ཚེ་ཞལ་མདོག་ནག་པོར་གྱུར་པ་མ་ཟད་བྲག་ཆད་ནས་ཞལ་ངོ་ཕྱེད་ཞིག་རལ་དུ་སོང་འདུག །དེ་ནས་སྡེ་དགེའི་མདོ་ཆེན་བཞིའི་ཡ་གྱལ་ཤར་རྩེ་ཟིལ་མདོ་ཞེས་གྲགས་པར་སླེབས་ཤིང་།ས་འདི་མཆོག་གླིང་དང་བོན་གཏེར་ཚེ་གྲགས་སོགས་གཏེར་སྟོན་མང་པོའི་གཏེར་ལུང་ན་གསལ་བ་ཡིན། རྩེ་མདོའི་བྱང་ཕྱོགས་མེ་རི་ལ་སྟག་དོང་གཤིས་སྟག་དང་། ཤར་ཕྱོགས་དཔལ་འབྱོར་སེང་གེ་བྲག་སེང་གེ། ལྷོ་ཕྱོགས་འབྲུག་ཟམ་འབྲུག །ནུབ་ཕྱོགས་རྒོད་འབྲང་ཁྱུང་འཕུར་ནང་ཁྱུང་སྟེ་སྟག་སེང་ཁྱུང་འབྲུག་བཞིའི་ཚུལ་དུ་ཡོད་པས་མིང་དེ་ལྟར་ཐོགས་ཟེར།རྩེ་ཟིལ་མདོའི་ལམ་ལྟག་གད་ཆེན་གདོང་གེ་སར་རྟ་ཆུ་བླུད་ས་ཟེར་བ་ན་ཆུ་མིག་ཆེན་པོ་གསུམ་ཡོད་པ་ད་ལྟར་བཙོག་ནས་ཕལ་ཆེར་སྐམ་ཟིན་འདུག་ཅིང་། ཆུ་མིག་གསུམ་དེ་རྒྱ་ཚ་ཞལ་དཀར་དང་། རོང་ཚ་དམར་ལེབ། འགོག་ཚ་ཇོ་རུ་གསུམ་གྱི་རྟ་ཆུ་བླུད་ས་ཡིན་ཞེས་གླེང་།
རྩེ་ཟིལ་མདོ་ནས་རྩེ་ཆོ་ནང་དུ་ཡར་སོང་བའི་ལམ་ཁ་ན་རྡོ་སྒྲོལ་མ་ཟེར་བའི་རྡོ་མཆོད་ཆེན་པོ་ཞིག་ཡོད་ཅིང་།རྡོ་མཆོད་ཀྱི་དཀྱིལ་ན་རྡོ་ལ་སྒྲོལ་མ་རང་བྱོན་ཞིག་ཡོད་པས་དེ་ལྟར་བཏགས།དེའི་ལྟག་གེ་སར་བདུད་མོ་བསད་ས་ཟེར་བ་ན་གེ་སར་གྱིས་སྔར་གྱི་བདུད་མོ་དེ་ཉིད་བསྒྲལ་ནས་ཕ་ཝང་ཞིག་ལ་དོན་སྙིང་ནང་ཁྲོལ་རྣམས་བཀོད་དེ་ཤིན་ཏུ་འཇིགས་པ་ཞིག་ཡོད་པ་དུས་འགྱུར་སྐབས་ཧུར་བརྩོན་པ་ཞིག་གིས་རྫས་སྒྱོགས་རྒྱག་བཅུགས་ནས་བརླགས་ཚར་འདུག །དེའི་ཕར་ཙམ་གྱི་རྡོ་དཀར་ཞིག་གི་ཐོག་ན་བདུད་མོའི་སྙིང་ཁྲག་བླུགས་པ་ཡོད། ལམ་ཞབས་ཆུ་ཁའི་ཐང་དེ་ལ་འབྲུག་མོའི་གཡུལ་ར་ཐང་ཟེར་ཞིང་། ཡར་ཁུག་ཐང་རྩ་ན་འབྲུག་མོའི་ཆིབས་སྒ་ཟེར་བའི་རྡོ་རྟ་སྒ་འདྲ་ཞིག་ཡོད། དེ་ནས་ཡར་སོང་བའི་རྩེ་ཆོ་གྲོང་ན་རྡོ་ཞིག་ལ་གེ་སར་གྱི་ཞབས་རྗེས་མང་བ་དང་། གེ་སར་མ་བུའི་ཕུག་པ་དང་ཉི་མ་གཟིགས་ས་ཟེར་བ་ཡོད། རྩེ་ཆོ་འཇུ་ནས་ཡར་སོང་ན་སྡེ་དགེའི་མདུན་གཉེར་ཆེན་པོ་ཧོ་ཆོ་ཚང་གི་གཞིས་ཀ་ཡོད་ཅིང་།དེའི་གཡོན་ཕྱོགས་ཀྱི་བྲག་ངོས་ལ་དཔལ་ལྡན་ལྷ་མོའི་དྲེལ་གྱི་རང་བྱོན་ཤིན་ཏུ་ཆེ་བ་ཞིག་མཇལ་རྒྱུ་ཡོད། སྔར་དུས་ཨ་ལོ་ནང་ན་ར་རུ་དང་། དིལ་མགོ། སོག་མོ། ནིས་མདའ་སོགས་དཔོན་ཁག་མང་པོ་ཡོད་པས། ཨ་ལོ་དཔོན་ཐོག་དཔོན་བཞག་རེད། དཔོན་ཁེ་དྲག་མེད་པ་ཨ་ལོའི་དཔོན། མགོ་སེ་ལ་ཐོག་ལ་བཞག་རེད། ལ་སྐད་གྲགས་མེད་པ་མགོ་སེའི་ལ་ཞེས་ཟེར་བ་བྱུང་། རྩེ་ཆོ་ནང་ནས་ཡར་ཡོང་བའི་མགོན་ལྕེ་གཤིས་ན་རྡོ་ནག་གི་མགོན་པོའི་ལྕེ་རང་བྱོན་ངོ་མཚར་ཆེ་བ་ཞིག་བཞུགས་པ་དེར་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་འཁྲུངས་གནས་ཡིན་ཞིང་། དེའི་ལྟག་ན་སི་ཏུ་པཎ་ཆེན་བྱེའུ་ཞིག་གི་རྣམ་པས་ཞག་བདུན་བཞུགས་སའི་ས་དིལ་དང་། མར་འོག་ཆུ་ཁ་ན་སི་ཏུ་ཆོས་ཀྱི་འབྱུང་གནས་ཀྱི་གཏེར་ཆུ་ཡོད། སྤྱིར་ལུང་པ་འདི་ལ་ཨ་ལོ་དེང་རིང་སྒང་ངམ་བྱང་ཨ་ཏ་རོང་ཞེས་འབོད་ཅིང་། ལུང་པ་འདིའི་ས་ལ་གད་པ་ཆེ་བ་མང་པོ་བྱུང་མལ་འདུག་པ་སི་ཏུ་པཎ་ཆེན་སྐུ་འཁྲུངས་དུས་ས་ཆེན་པོ་གཡོས་ཏེ་བྱུང་བ་ཡིན་ཟེར། མགོན་ལྕེ་གཤིས་ནས་ཡར་སོང་བའི་མདུན་ནིས་མདའ་ཚང་གི་ཐད་དམར་ལེབ་གྱང་ར་ཟེར་བ་རོང་ཚ་དམར་ལེབ་ཀྱི་མཁར་ཤུལ་ཡིན། ཞེ་དགའ་ནས་ཡར་འགྲོ་སའི་ལ་ཞབས་གཤིས་ལུང་ཕུག་རྒྱ་མཁར་གྱི་འགྲམ་ན་རྡོ་ཕང་ཞིག་ལ་ཆང་མདོང་གི་རྗེས་གསུམ་ཡོད་པ་འབྲུག་མོ་དང་། ནེའུ་ཆུང་། བྲོ་ལོ་སྤོས་དཀར་ལྷ་མཛེས་གསུམ་གྱིས་གསོལ་ཆང་ཁུར་ནས་ངལ་གསོ་མཛད་དུས་བྱུང་ཞེས་ཟེར། མགོ་སེ་ལ་རྩ་ཧོ་སེ་འགག་ན་འབྲུག་མོའི་ནོར་སྒམ་ཟེར་བའི་བྲག་སྒམ་ཞིག་ཡོད།ཨ་ལོ་ལྷ་ཆུ་ནང་ན་ཅོག་སྟེང་གི་རི་ངོས་ཉིན་ཁ་ན་རྡོ་ཕང་ཞིག་ལ་གེ་སར་གྱི་ཕྱག་རྗེས་ཞིག་དང་། དེའི་གཡས་ངོས་རི་རྒྱབ་ན་གེ་སར་གྱི་ཆིབས་སྒ་རང་བྱོན་ཟེར་བའི་ཕ་ཝང་ཞིག་ཡོད།

5.jpg
རྫོང་ལྟག་ལྟེམ་ན་ཡོད་པའི་དངུལ་ཆུ་ཁྲོ་རྫོང་འོག་མའི་མཁར་ཤུལ།

གེ་སར་ཕྱག་རྗེས་ཀྱི་སྟེང་ངོས་ཉ་འགྱུ་དེའུ་འགྲམ་ན་རྡོ་ཞིག་ལ་ཞབས་རྗེས་ངོ་མཚར་ཅན་ཞིག་བཞུགས་ཀྱང་རྒྱུས་ཡོད་མིན་པས་མི་མཇལ། དེ་ཡི་སྟེང་ཕྱོགས་རླུང་སྒང་གདོང་ན་ཕ་བང་ཞིག་ལ་གེ་སར་གྱི་ཞབས་རྗེས་དང་།རྟ་རྐྱང་ལུའི་ཞབས་རྗེས་ཟེར་ས་ན་ལྷ་རྟ་རྐྱང་རྒོད་འཕེར་པོའི་རྨིག་རྗེས་ཟབ་པ་ཁྲུ་ཙམ་ཞིག་བཞུགས། གེ་སར་ཆིབས་སྒ་རང་བྱོན་གྱི་གཡས་ཕྱོགས་བྲག་དམར་གདོང་ཞབས་སུ་གེ་སར་གྱི་ཞབས་རྗེས་དང་། དེའི་ཉེ་འགྲམ་དུ་དམ་ཅན་ར་རྗེས་ཟེར་བའི་ར་ཡི་རྨིག་རྗེས་མང་པོ་ཡོད།དེ་ཡི་གཡས་ངོས་སྟེང་ཕྱོགས་སུ་བརྟན་མའི་ནང་ཚན་ཁྲ་ཆུ་ཟེར་བའི་གཞི་བདག་སྨན་བཙུན་སྤུན་གསུམ་གྱི་རི་བོ་ཡོད། རི་འདི་ལས་འཛམ་གླིང་ན་དཀོན་པའི་སྨན་རིགས་མང་པོ་སྐྱེ་བས། སྡེ་དགེ་གྲྭ་མང་ལྷ་རྗེ་འཇམ་དབྱངས་བཟང་པོས་རི་འདིའི་མིང་ལ་སྨན་བུམ་ལ་ཞེས་བཏགས་དགོས་གསུངས།ན་ཅོག་སྟེང་གི་གཡོན་ངོས་ལུང་འཇུ་ན་གེ་སར་གྱི་གསོལ་ཆང་ལེན་ས་ཟེར་བའི་ཆུ་ཕྱར་ཁང་བརྩེགས་ལྔ་བཅུ་ཙམ་ཡོད།དུས་ཕྱིས་འདི་ཡི་བྲག་སྐེད་ནས་ནང་ཆེན་རྒྱལ་མཚན་ཞུ་བའི་གཅོད་ཀྱི་གྲུབ་ཐོབ་ཞིག་དེར་ཕྱོགས་ཀྱི་གཞི་བདག་རྣམས་ཀྱིས་ཆང་འདྲེན་ཞུས་པར་རྫུ་འཕྲུལ་གྱིས་བྱོན་ནས་ར་རོ་བའི་རྣམ་པས་ཕྱིར་ཕེབས་སྐད་འདུག །ཆུ་ཕྱར་དེ་ཡི་ཕུག་ན་ཛམ་ནག་རང་བྱོན་ཟེར་བའི་བྲག་འབུར་སྦྲ་ཙམ་ཞིག་དང་། དེའི་ཉེ་འདབས་སུ་ཛམྦྷ་ལའི་ཕྱག་གི་ནེའུ་ལེས་སྐྱུགས་པའི་ནོར་བུ་ཟེར་བ་སོགས་ཡོད་ཀྱང་རྒྱུས་ཡོད་མིན་པས་མི་ཤེས། ཆུ་ཕྱར་གྱྀ་གཡོན་ཕྱོགས་སྲིབ་རིའི་ནགས་ནང་ན་འབྲུག་མོའི་སྐྲ་སྐུད་ཟེར་བའི་ཆབ་རོམ་ཟླ་བ་དྲུག་པའི་མགོ་བར་ཡོད་འདུག །ན་ཅོག་སྟེང་གི་མདུན་ངོས་ན་གླང་ཆེན་ས་ལ་རབ་བརྟན་ལ་ནོར་བུ་བཀལ་ནས་སར་ཉལ་བ་ལྟ་བུའི་ནགས་རི་ནོར་བུ་མ་དང་། ནགས་རི་ནོར་ཆུང་མ་ཞེས་འབོད་པ་གཉིས་ནས་སྔོན་སྡེ་དགེ་ཀུན་དགའ་ཕྲིན་ལས་རྒྱ་མཚོས་བསྟན་འགྱུར་གྱི་སྤར་ཤིང་བཏུས་པ་དང་། ཕྱིས་རིན་ཆེན་གཏེར་མཛོད་ཆེན་པོའི་སྤར་ཤིང་ཡང་འདི་ནས་བཏུས་ཡིན་འདུག །ཡུལ་འདིར་རྟ་ནོར་ལོངས་སྤྱོད་ཀྱི་འཕེལ་ཁ་དར་བའང་་ནག་ཆུ་བརྡུང་བྱས་ན་མར་ཁུ་ཐང་གསུམ་བབ་ཅེས་གྲགས་པ་ལྟར་་བྷ་ལའི་ཆུ་ཕྱར་དང་།རི་ནོར་བུ་མ་འདི་གཉིས་ཀྱི་རྟེན་འབྲེལ་གྱིས་ཡིན་པར་གསུངས། ནགས་རི་དེ་ཡི་འདབས་སུམ་མདོ་ཟམ་འོག་ན་ཆུ་རྡོ་ཞིག་ལ་ལྷ་རྟ་རྐྱང་ལུའི་ཞབས་རྗེས་ཤིག་དང་། དེ་ཡི་མར་ཚད་ཆུ་དྲོན་ཚ་ཆུའི་ནང་གི་བྲག་ལ་ལྷ་རྟ་རྐྱང་ལུའི་རྨིག་རྗེས་ཟབ་པ་ཞིག་བཞུགས་ཤིང་།ཆུ་དྲོན་འདི་ཉིད་གླིང་གི་མོ་སྨན་རྣམས་ཀྱིས་སྐུ་ཁྲུས་གསོལ་ས་ཡིན། འདིའི་གཡོན་འགྲམ་ན་སངས་རྒྱས་སྨན་ལྷའི་གནས་ཆུ་བྱིན་ལྡན་གྱི་རང་བྱུང་ཆུ་ཕྱར་ཞིག་བཞུགས་ཤིང་། འདི་ཉིད་སྔར་དུས་གླིང་གི་དཔའ་ཐུལ་རྣམས་ཀྱི་ཆུ་ཕྱར་བྱེད་ས་ཡིན་ཞེས་ཟེར།མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་འདིར་ཕེབས་སྐབས་ཆུ་ཕྱར་གྱི་གཡས་ངོས་བྲག་དེའུའི་སྐེད་ནས་སྨན་ཨ་རུ་ར་ལོ་མ་ཟིལ་པ་དང་བཅས་པ་ཁྱོར་བ་གང་བཞེས་ནས་བྱོན་པ་དང་།ཆུ་ཕྱར་འདི་ལས་དུས་རྒྱུན་ཁྲུས་བྱས་ན་དགེ་སློང་བརྒྱ་དང་།སྐར་མ་རྀ་ཤི་འཆར་དུས་ཁྲུས་བྱས་ན་དགེ་སློང་བརྒྱད་བརྒྱས་ཁྲུས་བྱས་པའི་བྱིན་རླབས་ཡོད་ཅེས་གསུངས།ལྷ་ཆུ་ཁ་པའི་ལུང་པའི་ཕུ་གནས་ཆེན་འབུར་མོའི་ཉེ་འདབས་ན།ལེ་དགོན་ཁྲོད་ཅེས་པའི་བྲག་རི་ཁང་བརྩེགས་བརྒྱ་ཕྲག་མང་པོ་ཡོད་པའི་འགྲམ་ན་ལེ་བླ་མ་ཁྱི་ཐུལ་ཅན་གྱི་སྒྲུབ་ཕུག་ཤིན་ཏུ་ཆེ་བ་དང་།བྲག་རིའི་སྐེད་མི་ཡི་རྒྱུ་འགྲུལ་མེད་ས་ལ་རྡོ་ཆུང་མང་པོས་བརྩེགས་པའི་བསང་ཁྲི་ངོ་མཚར་ཅན་མཇལ་རྒྱུ་ཡོད། གྲུབ་ཐོབ་དེ་ཉིད་ཕྱི་དྲོ་ཉི་མ་གྲིབ་དུས་ཆུ་ཕ་རིའི་ཉིན་ཁ་སྐྱ་ཆེན་གདོང་ལ་འཕུར་ནས་ཉི་གཟིགས་མཛད་པ་དང་། དགོང་ཁར་སྒྲུབ་ཕུག་ནང་ཚུར་འཕུར་མཛད་པ་སོགས་ཀྱི་རྣམ་ཐར་ངོ་མཚར་ཅན་མངའ།དེང་སང་ཡང་དེ་ནས་ལེ་བླ་མའི་གཏོར་མ་བཏང་སྣོད་རེད་ཟེར་བའི་ས་གྱོའི་དུམ་བུ་མང་པོ་རྙེད་རྒྱུ་ཡོད་འདུག །གྲུབ་ཐོབ་དེ་ནི་གླིང་གེ་སར་གྱི་དུས་ཙམ་ན་ཡིན་འདྲ་ཞེས་ཐང་བླ་ཚེ་དབང་གིས་གསུངས།གཞན་ཡང་སྐམ་ཐོག་རྔད་སྒོ་ཕར་རིའི་བྲག་ལ་བདུད་ཅིག་གནས་པ་གེ་སར་གྱིས་རལ་གྲི་བཏབ་པ་ལན་མེད་ཀྱི་ངར་ལ་དྲངས་ནས་དབུ་ཆུ་ཁ་ལ་འགྲིལ་བ་དང་། རྔད་རོང་འགག་གི་ཆུ་ཕ་རིའི་བྲག་དམར་གྱི་ངོས་མཐོ་ས་ན་གེ་སར་གྱི་གཞུ་ཟེར་བ་སོགས་ཡོད། གནས་མཆོག་སེང་ཆེན་གནམ་བྲག་གི་བསྐོར་ལམ་ནང་དུ་རྡོ་ཞིག་ལ་གེ་སར་གྱིས་གསང་རྡོར་བསྣུན་རྗེས་དང་།གཞན་ཡང་འབྲུག་མོའི་ཐག་ཁང་དང་། གེ་སར་གྱི་ཆིབས་སྒ་རང་བྱོན་ཟེར་བ་སོགས་ཡོད།
དཔེ་ཝར་དགོན་གྱི་རྒྱབ་རིའི་རྩེ་ལ་གླིང་ཆེ་རྒྱུད་སྟག་རོང་ཤོག་གི་དཔའ་བརྟུལ། ནུབ་སྒོ་སྲུང་བའི་དམག་དཔོན་ཆེན་པོ་སྟག་རོང་ཉ་ཚ་ཨ་བརྟན་གྱི་སྐུ་མཁར་ཆེན་པོ་ཕོ་རོག་སྙིང་རྫོང་ངམ་བྱེ་རི་སྟག་རྩེར་གྲགས་པ་ཡོད་ཅིང་། དེ་ཡང་ཉ་ཚས་སྒྲུང་གླུ་ལས།ང་དང་ང་ངོ་མ་ཤེས་ན། །སྲིབ་པ་ཁོག་མོའི་རོག་རྫོང་ན། །མཁར་གཅིག་ལ་མིང་གཉིས་ཐོགས་ལེ་དེ། །འགའ་རེས་ཕོ་རོག་སྙིང་རྫོང་ཟེར། །འགའ་རེས་བྱེ་རི་སྟག་རྩེ་ཟེར། །ཡིན་དེ་བྱེ་རི་སྟག་རྫོང་ཡིན། །ཞེས་གསུངས་མཛད་འདུག །རབ་བྱུང་བཅུ་བཞི་པའི་ནང་སྡེ་དགེར་ཉག་དམག་བོར་ནས་བསྟན་དགོན་སྡེ་དང་བཅས་པ་ལ་ཉམས་ཉེས་ཆེན་པོ་བཏང་བའི་ཚེ།སྡེ་དགེ་ཆོས་རྒྱལ་ཆེན་པོ་དཔལ་ལྡན་འཆི་མེད་རྟག་པའི་རྡོ་རྗེ་སྐུ་འཁོར་རྣམས་གནས་འདིར་བཞུགས་གདན་འཇགས་པས་སྐུ་སྲོག་ཉེར་འཚེ་ལས་གྲོལ་བའི་མཁར་རྫོང་བཙན་པོ་ཞིག་གི་ཚད་དུ་འཇོག །གནས་འདིར་མགོན་ཁང་གཉིས་ཡོད་པར་མགོན་བླ་དང་གནས་འཛིན་བཅས་མཛད་དུ་དཔེ་ཝར་དགོན་པའི་བླ་གྲྭ་རྣམས་འགྲོ་འདུག་དགོས་པས་དཀའ་ངལ་ཆེ་བ་བྱུང་ནས།འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ལ་མགོན་ཁང་དགོན་དུ་མར་སྤོས་ན་སྐྱོན་ཡོང་མིན་གྱི་བརྟགས་པ་ཞུས་པས།གཟའ་སྐར་ཚེས་གྲངས་བཟང་བའི་ཉིན་ཞིག་ལ་དགོན་དུ་མར་གདན་འདྲེན་ཞུས་དང་ཁོང་གིས་ཐུགས་བསྐྱེད་གནང་ཡོང་གསུངས་པ་ལྟར་གདན་འདྲེན་ཞུས་པས།སྐུ་སྒམ་ཆེ་ཡང་ཤིན་ཏུ་ཡང་ཞིང་འདེགས་སླ་བ་དང་།སིལ་འཁྲོལ་ལ་སོགས་པའི་སྒྲ་གྲགས་པ་སོགས་ཤིན་ཏུ་ངོ་མཚར་ཆེ་བ་བྱུང་།དེ་ནས་གནས་འདིར་བདག་སྐྱོང་གནང་མཁན་མ་བྱུང་བས་མཁར་རྫོང་གི་བང་བ་དང་སྒོ་དང་རབ་གསལ་རྣམས་བླངས་ནས་གྱང་རལ་དུ་ལུས་པར་གྱུར།།མཁར་རྫོང་གི་རྒྱ་ཁྱོན་ཤིན་ཏུ་ཆེ་ཞིང་།ད་ལྟར་ཡང་གཡོན་ཕྱོགས་ངོས་མཐོ་སར་ཁང་བརྩེགས་བཞི་རེ་ཙམ་གྱི་གྱང་རོ་ལུས་ནས་འདུག །སྡེ་དགེའི་ཕྱོགས་ཀྱི་གླིང་གི་མཁར་ཤུལ་ཞིག་ལས་འདི་ལས་གཞི་རྒྱ་ཆེ་བ་དང་གྱང་རོ་ཆེ་བ་ལུས་པ་ཞིག་མཐོང་རྒྱུ་མ་བྱུང་། དཔེ་ཝར་དགོན་པའི་གཡས་ཟུར་བྲག་དམར་གྱི་དཀྱིལ་མཐོ་བ་ན་འབྲུག་མོའི་ནོར་སྒམ་སྐུང་ས་ཟེར་བའི་བྲག་ཁུང་སྒོ་རྩིག་པ་ཅན་ཞིག་ཡོད་པ་དང་། དཔེ་ཝར་དགོན་ནས་མར་ཡོང་བའི་བྲག་ལ་གེ་སར་ཨང་སྐྱག་མཛད་ནས་བཞུགས་པའི་སྐུ་རྗེས་དང་། དཔལ་སྤུངས་དགོན་ཞབས་གླང་རོག་སའི་དཔལ་ཆུའི་ནང་དུ་གེ་སར་གྱི་ཆིབས་རྟ་འདོགས་ས་ཟེར་བའི་ཕ་ཝང་ཆེན་པོ་ཞིག་བཅས་ཡོད། ད་ལྟར་བེའུ་སྟག་རྫོང་གི་མདུན་དགོན་པའི་གཡོན་ངོས་ཀྱི་ཐང་ན་དཔེ་ཝར་མཆོག་སྤྲུལ་རིན་པོ་ཆེ་འཇམ་དབྱངས་བསོད་ནམས་དབང་པོ་མཆོག་གི་ཐུགས་བསྐྱེད་གཞལ་ཟླ་བྲལ་བའི་བཀའ་དྲིན་ལས་ཉ་ཚའི་མཁར་རྫོང་ཞིག་རལ་དུ་སོང་བའི་རྗེས་དྲན་གྱི་ཆེད་དུ་གེ་སར་ལྷ་ཁང་ཀ་བ་དྲུག་གི་ཁྱོན་ཅན་རྟེན་དང་བརྟེན་དང་བཅས་པ་ཞིག་གསར་དུ་བཞེངས་ཤིང་།ལ་མགོའི་མཁར་ཤུལ་ནས་སྤྱན་དྲངས་པའི་སྔོན་ཁྲ་མོ་གླིང་གི་དུས་ཀྱི་བང་བ་དང་། ཁྲབ་རྨོག་གྲི་མདུང་སོགས་ཉེར་སྤྱད་འགའ་ཞིག་ཡོད་དོ། །
རྨེ་ཤོད་རོང་རྨེ་ནང་ཞེས་གྲགས་པ་ན་སྟག་རོང་གཟིག་འཕེན་གྱི་མཁར་ཡོད་ཀྱང་།གནས་འཛིན་བྱེད་མཁན་མེད་པས་མཁར་ཞིག་རལ་དུ་སོང་བའི་ཤུལ་དུ་སྔར་ནས་དུད་ཁ་ཞིག་ཆགས་ནས་ཡོད་ཅིང་། རྫོང་སར་དགོན་གྱི་རྒྱབ་རི་བཀྲ་དིལ་སྒང་ན་ཡང་མཁར་ཞིག་ཡོད་པ་ཕྱིས་གླིང་དཔོན་དུ་སི་སངས་རྒྱས་རྒྱ་མཚོའི་བར་དུ་མ་ཉམས་པ་ཡོད་ལ། དེའི་མཁར་ཤུལ་ད་ལྟའང་ལུས་ནས་ཡོད། རྨེ་ཤོད་རྡོ་ཕུ་ན་འབྲུག་མོའི་སྦྲ་དིལ་ཟེར་བའི་དེའུ་ཞིག་གི་རྩ་ན་སྦྲ་ཕུབ་རྗེས་དང་། གེ་སར་ཚོགས་ཤ་གཏུབ་ས་ཟེར་བའི་རྡོ་ཕང་ཞིག་གི་སྟེང་ན་ཤ་བཙག་རྗེས་འདྲ་བ་ཡོད།དམར་ཐང་ར་ངུ་ལའི་རི་གདོང་ཞིག་ཏུ་གེ་སར་རྟ་ཕུར་ཟེར་བའི་ཤིང་སྡོང་ཞིག་དང་། རྫོང་སར་དགོན་དུ་གེ་སར་ལྕག་ཚན་བཞག་ས་ཟེར་བའི་རྡོ་ཕང་ཞིག་ལ་ལྕག་ཚན་བཞག་རྗེས་བཅས་ཡོད།
འཇོ་མདའ་སྐུ་ཚེ་གསེར་ལྗང་དགོན་ནས་ཡར་འོང་བའི་མདོ་ཆུའི་ཆུ་འགྲམ་ན་ཕ་ཝང་ཆེན་པོ་གཉིས་བསྒྲིགས་བྱས་ནས་ཡོད་པའི་གཅིག་གི་སྟེང་དུ་སེང་ལྕམ་འབྲུག་མོའི་གཟི་མགུལ་བཀལ་ས་ཟེར་བའི་ཤུག་སྡོང་གཉིས་གཞིབ་བྱས་ནས་སྐྱེས་པ་དང་།གཅིག་གི་ཐོག་ཏུ་འབྲུག་མོའི་སྐྲ་གཞོང་དུ་གྲགས་པའི་རང་བྱུང་རྡོ་ཡི་བུ་ག་ཟླུམ་པོ་མགོ་འཛུལ་ས་ཙམ་ཟབ་ལ་འདམ་ཕྱེད་ཙམ་ཡོད་པ་ནང་ཆུ་ཡིས་གང་བའི་ཤིན་ཏུ་ངོ་མཚར་ཅན་ཞིག་མཇལ་རྒྱུ་ཡོད། ཤུག་སྡོང་འདི་ཉིད་ལོ་བསྟར་ཆེ་ཆུང་གཅིག་ཏུ་སྡོད་པ་ལས་འགྱུར་བ་འགྲོ་རྒྱུ་མི་འདུག་ཟེར། གྱེ་རོང་འགག་མདོ་ཆུའི་ཆུ་ཁ་ན་འབྲུག་མོའི་རྡོ་ཟམ་ཟེར་བའི་རྡོ་ཕང་ཟམ་པ་བཙུགས་པ་འདྲ་བ་དང་།དེའི་ཐད་ཀྱི་ཕ་རིའི་བྲག་དམར་གྱི་ངོས་ཅུང་མཐོ་བར་གེ་སར་གྱི་གོ་སྡང་ཕུག་པ་ཟེར་བའི་བྲག་ཕུག་ཅིག་དང་།དེ་ན་གེ་སར་ནོར་བུ་དགྲ་འདུལ་གྱི་གོ་མཚོན་བཀལ་སའི་གོ་སྡང་ཤིང་འཕྲེད་རྒྱང་བྱས་པ་བཅུ་སྐོར་དང་།ཧོར་བདུད་བཏུལ་བར་ཕེབས་ཁར་ཕྱི་ཐང་ཕུག་པ་ན་ས་ཇོ་མོ་ཟེར་བའི་བདུད་མོ་ཞིག་གནས་པ་བཀའ་དམ་ལ་བཞག་པ་རེད་ཟེར་བའི་བྲག་རྡོ་བུད་མེད་ཅིག་གི་རྣམ་པ་ལ་སྐེད་པ་ཐག་པས་བསྡམས་པ་འདྲ་བ་ཞིག་མཇལ་རྒྱུ་ཡོད།དེ་ནས་ཡར་ཡོང་བའི་མདོ་ཆུའི་ཆུ་དཀྱིལ་ན་དམ་ཅན་ཤྭ་རྡོ་ཡང་ཟེར་ལ།སྔ་རབས་གླིང་རྗེ་གེ་སར་རྒྱལ་པོ་དང་སེང་ལྕང་འབྲུག་མོ་གཉིས་སྤྲོ་འཆམ་ལ་ཕེབས་དུས་མིག་མང་བསྐྱོན་སའམ་འགྲིག་བཞག་ས་རེད་ཀྱང་ཟེར་བའི་ཕ་ཝང་གྲུ་བཞི་ཆེན་པོ་ཞིག་ཡོད།འཛུ་རོང་ནང་གི་ཉིན་ཁ་མི་ཡི་རྒྱུ་འགྲུལ་གྱིས་དབེན་པའི་བྲག་དམར་གྱི་ངོས་མཐོ་བར་བྲག་ཕུག་ཆེན་པོ་གྲུ་བཞི་པ་ཞིག་འདུག་པའི་གཡས་ངོས་ཀྱི་ལྟེམ་ན་གེ་སར་བང་བ་ཞུ་བའི་ཤིང་བང་གྲུ་བཞི་པ་ཞིག་ཡོད་ཅིང་།དེ་ནི་སེང་ཆེན་ནོར་བུ་དགྲ་འདུལ་དེ་ཉིད་བྱང་བདུད་བཏུལ་བར་ཕེབས་ནས་ཚུར་བྱོན་ཁར་བདུད་མོ་མེ་བཟའ་འབུམ་སྐྱིད་ཀྱིས་བརྗེད་ཆུ་དྲངས་པའི་རྐྱེན་གྱིས་མེ་བཟའི་རྩར་གྲིབ་ཀྱིས་ནོན་ནས་ཕར་ཚུར་ལོ་དགུ་ཙམ་ལུས།དེའི་དུས་སུ་གླིང་ལ་ཧོར་དམག་ཕབ་ནས་འབྲུག་མོ་འཕྲོགས་ཇ་མཁར་བཤིགས་པ་སོགས་ཀྱིས་ཕམ་ཉེས་ཆེན་པོ་བཏང་།གེ་སར་དྲན་པ་རྙེད་ནས་གླིང་ལ་ཚུར་བྱོན་དུས་འཇིག་རྟེན་གྱི་བྱ་བ་ལ་ཐུགས་ཡིད་ཆད་ནས་སྒྲུབ་པ་མཛད་སྐབས་ཀྱི་བཞུགས་ས་ཡིན་པ་ཟེར་སྲོལ་དང་།དེའི་ཚེ་རི་གཤམས་ནས་མ་ནེ་ནེའི་སྤྲུལ་པར་གྲགས་པའི་རྒན་མོ་མ་བུ་གཉིས་ཡར་མར་འགྲོ་འདུག་བྱས་ཤིང་། ཐེངས་ཤིག་དགོང་ཞིག་བཀོལ་དུས་བུ་མོས་འཕྱུར་ཁ་མ་ལོན་ཚེ་མ་རྒན་གྱིས་བཀྱོན་པ་ལ། བུ་མོ་ན་རེ། ཨ་མ་འུར་རྒྱག་མ་འདུག །ངེད་གཉིས་ཀྱི་ཧུབ་རྫ་གང་ལ་ཧ་ལས་རྒྱུ་ཅི་ཡོད། ད་སྐབས་གླིང་གི་གེ་སར་རྒྱལ་པོའང་ཧོར་གྱིས་འདི་འདྲ་བྱས་ནས་འགྲོ་ཚར་དུས་ཅི་བྱེད་མེད་པར་སྒོམ་རྒྱག་ཡིན་ཟེར་ནས་ཡར་ཀའི་ཕུག་པ་ན་སྤྲེའུ་འཛུལ་བ་ལྟར་བྱས་ནས་བསྡད་ཡོད་རེད་ཅེས་བཟླས།གེ་སར་གྱིས་དེ་གསན་རྗེས་ཐུགས་ལ་འགྱུར་བ་བྱུང་ནས་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་བསྙེན་སྒྲུབ་ལས་གསུམ་ཚང་བར་མཛད།དེ་ནས་གེ་སར་རྒྱལ་པོས་ཧོར་ལ་གཤིན་རྗེའི་ལས་སྦྱོར་མཛད་དུས་རྫུ་འཕྲུལ་གྱིས་རྡོ་ཟོར་འཕངས་པས་འུར་མཐིལ་གྱི་རྡོ་ཡིས་བྲག་བརྟོལ་ནས་ཡར་ཐང་ནས་ཡར་བལྟ་སའི་ཐད་ཀྱི་འཇམ་ཆེན་བྲག་གི་བུག་པ་ཧ་རེ་བ་དེ་བྱུང་བ་དང་། དེ་ནས་རྡོ་མར་ལྷུང་ནས་ལུང་མདའི་བྲག་གདོང་ཞིག་གི་སྟེང་ན་ལྷུང་སྟེ་འཇམ་ཆེན་རྩེ་སྐོར་ཕེབས་དུས་ལུང་མདའ་མར་ཀའི་བྲག་སྒང་ཞིག་ལ་གཟིགས་ན་ཤྭ་བཞག་པ་འདྲ་བའི་ཕ་ཝང་གྲུ་བཞི་གཉིས་བསྒྲིགས་ཤིག་མཇལ་ཐུབ།འཇམ་ཆེན་ལ་ཁའི་སྤང་ཉག་ན་གེ་སར་རྟ་རའམ་མཁའ་འགྲོའི་ཚོགས་གཞོང་ཟེར་བའི་སྤང་གཞོང་ཀ་པ་ལ་བཟེད་པ་འདྲ་བའི་ངོ་མཚར་ཆེ་བ་བཞུགས།མར་ཀའི་ལམ་ཁ་ན་རྡོ་ཕང་གཏན་ཟུག་འདྲ་བ་ཞིག་ལ་ལྷ་རྟ་རྐྱང་རྒོད་འཕེལ་པོའི་རྨིག་རྗེས་ངོ་མཚར་ཆེ་བ་འགའ་སོགས་གླིང་རྗེ་གེ་སར་རྒྱལ་པོའི་རྗེས་ཤུལ་མང་པོ་མཇལ་རྒྱུ་ཡོད་དོ། །

6.jpg
འགུ་ཟི་ཆུ་དྲོན་ལ་ཁར་ཡོད་པའི་ༀ་ཡིག་རང་བྱོན།

འབྲི་རྒྱུད་ཡེ་ན་དགོན་གྱི་རྒྱབ་ཕྱོགས་ན་མཁར་ཤུལ་ཞིག་ཡོད་པར་རྫོང་མགོ་ཟེར་ཞིང་། འདི་ནི་གླིང་གི་ཨ་ཡན་མཛངས་མའི་མཁར་ཤུལ་ཡིན་པ་དང་།འདི་ཉིད་ཆགས་ས་ཡང་གཉན་འདོང་གི་གཡས་ཀྱི་སྒང་བརྒྱུད་ནོར་བུའི་རྒྱན་གྱིས་སྤྲས་འདྲའི་རི་བོ་དང་སྤྱི་གཙུག་རིན་ཆེན་སྤུངས་འདྲའི་རི་བོ་བཅས་བརྒྱུད་ནས་རི་གླང་ཆེན་འདྲ་བ་ཞིག་གི་སྤྱི་གཙུག་ན་ཆགས་ཡོད་པ་ཡིན། ཨ་འདོང་ཕུ་བཞི་མདའ་བརྒྱད་དང་། གླིང་གི་ཨ་འདོང་ཕུ་ཟེར་བ་ཡང་གླིང་གི་ཨ་ཡན་མཛངས་མའྀ་མཚན་ལས་ཐོགས་ཚུལ་དང་། གླིང་གི་ཨ་ཡན་རྒྱལ་མོའི་ཟོ་དོར་ཡང་དེ་ནས་སྒང་བརྒྱུད་མ་ཆད་པར་ཡོད་པའི་འབྲི་རྒྱལ་གཉན་འདོང་ཡིན་པ་ཡོངས་གྲགས་ཡིན། རྫོང་མགོའི་གཡོན་ངོས་ཀྱི་བྲག་གི་སྒང་མགོ་ན་འབྲུག་མོའི་མཁར་མགོ་ཟེར་བའི་རྡོ་རྩིག་ཆེན་པོ་ཡོད་པ་ཡང་འབྲུག་མོའི་མཁར་ཤུལ་ཡིན་ཟེར་ཞིང་།སྔར་དུས་རྫོང་མགོའི་ཕར་ཁ་ལ་ནེའུ་རྫོང་ཟེར་བ་ཞིག་ཡོད་པ་ཡང་གླིང་གི་ནེའུ་ཆུང་གི་རྫོང་ཡིན་སྐད་འདུག །རབ་བྱུང་བཅུ་གཅིག་པའི་ནང་དུ་དྲུང་དཀོན་མཆོག་ལེགས་པས་སྡེ་དགེའི་བླ་ཆེན་ལ་མགོ་བཏགས་མ་ཞུས་བར་གླིང་གི་ཨ་ཡན་རྒྱལ་མོའི་མི་རྒྱུད་ཀྱིས་ཡུལ་འདིའི་དཔོན་མཛད་དེ་དགོན་ཡུལ་གཉིས་ཀ་ལ་དབང་དུ་བསྒྱུར།དེ་སྐབས་ཨ་འདོང་ཕུ་བཞི་མདའ་བརྒྱད་ལ་སྡེ་འབངས་སྟོང་ཕྲག་ལྷག་ཡོད་ཚུལ་འདུག །ཨ་ཡན་མཛངས་མའི་གཉེར་པ་ཁམས་རྗེས་ཀྱི་མི་རྒྱུད་ད་ལྟར་འཆང་མདའ་བ་འདི་ཡིན་ཞིང་། གྲུབ་དབང་སངས་རྒྱས་བསྟན་འཛིན་སོགས་དམ་པའི་སྐྱེས་བུ་མང་བར་བྱོན། འདིའི་མི་རྒྱུད་ལ་རྣ་བ་ཉིས་བརྩེགས་ལྟ་བུ་ཞིག་ཡོད། ཡང་མཁར་རྫོང་འདི་ཉིད་སྟག་རོང་བློན་པོ་འབུམ་དཔོན་ཐོག་རྒོད་འབར་བའི་མཁར་ཤུལ་ཡིན་ཚུལ་འདུག་ཅིང་། མཁྱེན་སྤྲུལ་འཇམ་དབྱངས་ཆོས་ཀྱི་བློ་གྲོས་འདི་ནས་ཕེབས་སྐབས་སུའང་ལྐོག་གྱུར་མངོན་གཟིགས་ཀྱིས་འབུམ་དཔོན་ཐོག་རྒོད་འབར་བའི་མཁར་ཤུལ་ཡིན་པར་གསུངས་ལ། འབུམ་དཔོན་གྱིས་འདི་ནས་མདའ་འཕངས་ཏེ་ཕར་ཁ་རབ་འབུས་གྲོང་ན་རྡོ་ཞིག་ལ་མདའ་རྟགས་བཞག་པ་མཇལ་རྒྱུ་ཡོད། སྔར་དུས་རྫོང་མཁར་ཤིན་ཏུ་ཆེ་བ་ཞིག་ཡོད་པ་སོག་དམག་དང་ཉག་དམག་གིས་གཏོར་བརླགས་བཏང་། གྱང་རོ་ཆེན་པོ་ཡོད་པ་དབྱར་གནས་ལྷ་ཁང་བཞེངས་དུས་བཤིགས་ནས་གྱང་ས་བྱས་པས་ད་ལྟར་སྒྲུབ་ཁང་གི་གཡོན་ངོས་ཀྱི་གྱང་དུམ་དེ་ལས་ལུས་མི་འདུག །རྫོང་མགོ་ནས་འབྲི་ཆུ་ཁ་བར་གླིང་དཔོན་གྱིས་རྟ་ཆུ་བླུད་ཁྲིད་ས་རེད་ཟེར་བའི་ལམ་གཡས་གཡོན་དུ་གྱང་ར་བྱས་ནས་ཡོད་པ་དང་། རྒྱུན་དུ་རྫོང་མགོར་འགྲོ་ཡིན་ཟེར་བའི་མི་མིན་གྱི་རྒྱུ་འགྲུལ་མང་པོ་ཡོད་འདུག །ཕྱིས་པདྨའི་རྒྱལ་ཚབ་ཆེན་པོ་ཨ་ཁྲི་གཏེར་སྟོན་ནམ་འབྲི་གཏེར་འོད་གསལ་རྡོ་རྗེ་ཡེ་ན་དགོན་དུ་ཕེབས་ནས། སྣྲོན་ཟླའི་ཚེས་ཉེར་ལྔའི་ཉིན་དབྱར་གནས་ལྷ་ཁང་གི་སྒོ་ནས་ཡར་གཟིགས་པས། རྫོང་མགོའི་མཁར་གྱི་གཡོན་འཁྲིས་ཕ་ཝང་ཞིག་གི་སྟེང་ནས་གླིང་རྗེ་གེ་སར་རྒྱལ་པོ་སྐུ་ལ་ཁྲབ་རྨོག་འཁོར་གསུམ་བསྐོར་བ་ཞིག་གིས་ཞལ་གཟིགས་ཤིང་། དེ་ནས་དགོན་གྱིས་གེ་སར་གསོལ་མཆོད་མཛད་དགོས་འདུག་གསུངས་ནས་དེ་ཕྱིན་དགོན་པས་ལོ་བསྟར་སྣྲོན་ཟླའི་ཉེར་ལྔ་ལ་གེ་བསང་གསོལ་ལོ་ཆེན་པོ་མ་ཆགས་པར་འདོན་གྱི་ཡོད།
དབོན་སྟོད་བཀྲ་ཤིས་དགོན་གྱི་མདུན་ཐད་འབོལ་ཆུའི་འགྲམ་བྲག་དམར་སྣ་ལ་དུག་སྦྲུལ་གདུག་པ་ཅན་ཞིག་གནས་པ་གླིང་རྗེ་གེ་སར་རྒྱལ་པོས་ཕྱག་མདའ་སྤྲིངས་ནས་བསད་ཅིང་། ད་ལྟར་བྲག་དམར་སྣའི་བྲག་ངོས་ནས་དུག་སྦྲུལ་ནུར་སོང་རྗེས་དང་། དུག་སྦྲུལ་བསད་དུས་ཀྱི་ཕྱག་མདའ་བསྣུན་པའི་རྗེས་བཅས་དང་། འོག་གི་འཕྲང་ལམ་ནང་ནས་ལྷ་རྟ་རྐྱང་རྒོད་འཕེར་པོའི་རྨིག་རྗེས་ངོ་མཚར་བ་དུ་མ་བཅས་ཡོད། འགིས་ཐོག་གི་ལ་ཞིག་ལ་མདའ་རྟགས་འཇོག་ཕྱིར་མདའ་བརྒྱབས་པས་ཧེ་ཉག་ཆེན་པོ་དོད་པ་ལ་མདའ་སྟོང་ཧེ་ཞེས་ཟེར། དབོན་སྟོད་ནས་ཡར་སོང་ན་མཁར་གསུམ་མདོར་སླེབས་ཤིང་། མཁར་གསུམ་མདོ་ཞེས་པའང་སྔོན་གླིང་གི་དུས་སུ་ཡུལ་འདི་རོང་ཚ་དམར་ལེབ་ཀྱིས་བདག་ཏུ་བཟུངས་ནས་མཁར་གསུམ་བརྩིགས་པ་ལས་ཐོགས་ཤིང་། ཡུལ་དེ་ན་གླིང་དང་འབྲེལ་བའི་རྗེས་ཤུལ་ཡང་མང་དུ་ཡོད་པ་སྟེ། རོང་མཁར་དང་གཙང་རོང་ནང་ན་འབྲུག་མོའི་བང་བ་ཟེར་བའི་ཤིང་བང་བྲག་དམར་ཁང་བརྩེགས་བཅུ་ཕྲག་མང་པོ་ཡོད་པའི་དཀྱིལ་ན་མཐོང་རྒྱུ་ཡོད་པ་དང་། མཁར་མདོ་གེ་ཇ་ཚང་ཡང་། གླིང་རྗེ་གེ་སར་རྒྱལ་པོ་འདི་ནས་ཕེབས་སྐབས་འདིར་ས་དྭངས་པ་ཞིག་འདུག་པས་ཇ་ཞིག་བསྐོལ་གསུངས་ནས། གསོལ་ཇ་དངོས་སུ་བསྐོལ་མཛད་པའི་རྡོ་ཕང་ཐབ་རྡོ་འདྲ་བ་གསུམ་གེ་ཇ་ཚང་གི་འགྲམ་འོག་ན་ཡོད་པ་ལས་གེ་ཇ་ཚང་ཞེས་བཏགས་འདུག །སྙན་རོང་བཟང་ཞབས་ཁུད་ན་གེ་སར་གྱིས་ཆིབས་པ་བཅིབ་སའི་གེ་སར་བཅའ་རྡོ་ཟེར་བའི་རྡོ་ཕང་ཞིག་ཀྱང་ཡོད། སྙན་མདོ་རྡོ་རོ་ཚང་སྔོན་གླིང་གི་ར་རྫི་ཁ་ཤོར་གྱི་གཞིས་ཀ་དང་མི་རྒྱུད་ཡིན་པར་ཡོངས་སུ་གྲགས་ཤིང༌། མགོ་བློན་ལྷ་མོ་ཚང་ཡང་གླིང་རྗེ་གེ་སར་རྒྱལ་པོའི་ཞབས་གྲས་མགོན་པོ་རྒྱལ་མཚན་གྱི་རིགས་རྒྱུད་ཡིན་ཚུལ་གཏེར་སྟོན་ཚེ་དབང་གྲགས་པའི་རྣམ་ཐར་ལས་འབྱུང་། སྔོན་དགོན་པའི་ལྷ་རྙིང་ཡོད་ས་ན་གླིང་གི་མཁར་དམར་མ་ཞེས་པའི་ཕོ་བྲང་ཆེན་པོ་ཞིག་ཡོད་པའང་གླིང་གི་རོང་ཚ་དམར་ལེབ་ཀྱིས་བཞེངས་པས་མིང་དེ་ལྟར་ཐོགས་ཤིང༌། སྔོན་མཁར་ཤུལ་གྱི་ལྷ་རྙིང་ནང་ཁྲབ་རྨོག་ཕུབ་གསུམ་ཁོ་ནའང་ཚར་བརྒྱ་ལྷག་ཡོད་པ་དང་། ཕྱིས་ལྷ་ཁང་གཏོར་བརླགས་སྐབས་དྲ་གཤག་གི་ཚབ་ལ་མདའ་གཞུ་དང་བོག་གི་ཉ་རྔས་བྱས་ཡོད་པ་མངོན་སུམ་དུ་མཐོང་རྒྱུ་བྱུང་ཞིང༌། ད་ལྟར་ཁྲབ་རྨོག་མདུང་གསུམ་དང་མེ་ལོང་སོགས་གླིང་གི་སྤྱོད་ཆས་འགའ་ལུས་ཡོད་དོ། །
མདོ་ཁམས་འདན་མའི་ཡུལ་ན་འདན་མ་གཡུ་རྒྱལ་ཐོག་རྒོད་ཀྱི་མཁར་རྫོང་བཞུགས་ཤིང་། དེ་ཡང་འདན་མའི་སྐུ་མཁར་ཤུག་རའི་ལྷ་མཁར་རིང་མོ་ནི་ད་ལྟའི་ཤུག་ར་དགོན་པ་ཆགས་ས་འདི་ཡིན་ཞིང་། ཤུག་རིའི་ལྷ་མཁར་རིང་མོ་ལ་འདན་མའི་མཁར་དམར་དང་། དཀར་ཕུ་དགོན་དང་ཉེ་ས་ན་ཡོད་པའི་རྫོང་བཙན་པོ་ཤར་ལུང་རི་དྲུག་ལ་འདན་མའི་མཁར་དཀར་པོ་ཞེས་ཟེར། ལྷ་མཁར་རིང་མོའི་ཉེ་འཁོར་རྣམས་སུ་འདན་མའི་ལྟེ་ཁྲག་བོར་བ་ལས་སྐྱེས་པར་གྲགས་པའི་འདན་མའི་འཁྲུངས་ཤིང་ཤུག་པ་བཀྲ་ཤིས་ཟེར་བ་དང་། འདན་མས་མདའ་རྩལ་སྦྱང་སའི་འདན་མའི་མདའ་གང་ཐང་། འདན་མའི་འཁྲུངས་གནས། འདན་མའི་སོ་མཁར། འདན་མའི་ཚོགས་གཏོར། འདན་མའི་གཡུ་མཚོ། འདན་མའི་གཡུ་ཐང་། འདན་མའི་ཚ་ཁང་། འདན་མའི་ཆིབས་སྟེགས། འབྲུག་མོའི་སྐྲ་གཞོང་། འབྲུག་མོས་ཨ་མ་ཞེས་བོས་པ་ལས་བྱོན་པའི་ཨ་རང་བྱོན། ཁྲོ་ཐུང་ཞབས་རྗེས་ཟེར་བ་སོགས་དང་། ཤུག་དགོན་དུ་བློན་ཆེན་འདན་མ་དགུང་གྲངས་བཅུ་གཉིས་བཞེས་པའི་དུས་ཀྱི་དབུ་རྨོག་དང་ཕྱག་མདུང་སོགས་བཞུགས། གཞན་ཡང་། འདན་མ་ཆུ་ལ་ཉིན་སྲིབ། འདན་སྡེ་ཁྲི་སྐོར་བཅུ་གཉིས། ཚ་ཞང་རི་བ་དགུ་བརྒྱ་ཞེས་གྲགས་པ་ལྟར་གྱི་ཕུ་ན་འབྲོག་པའི་མཚེར་ས་དང་མདའ་ན་ཡུལ་སྡེ་མངའ་འབངས་ཞིང་ཁང་སོགས་ཀྱི་བཀོད་པ་ནམ་མཁའི་སྐར་ཚོགས་ས་ལ་འཕོས་པ་འདྲ་བ་དང་། གནས་མཆོག་སེངྒེ་གནམ་རྫོང་གི་དབུ་རྩེ་ན་འདན་ཟ་ཧོར་རྒྱལ་པོའི་ཕོ་བྲང་སྣང་བ་འོད་ལྡན་གྱི་མཁར་ཤུལ་མཐའ་རྟེན་ལྕགས་རི་དང་བཅས་པའི་ལོ་རྒྱུས་དང་། དེའི་ཤར་གྱི་རི་ངོས་ལ་འཛམ་གླིང་སེང་ཆེན་རྒྱལ་པོས་འདན་མའི་ནས་རྫོང་ཕབ་ས་དང་། ཡང་ཤུག་རའི་ལྷ་མཁར་རིང་མོ་དང་དཀར་ཕུ་དགོན་དང་ཉེ་ས་ན་ཡོད་པའི་འདན་མའི་རྫོང་བཙན་པོ་ཤར་ལུང་རི་དྲུག་ཏུ་གྲགས་པ་གཉིས་ཀྱི་བར་མཚམས་ན་འདན་མའི་ཚེ་སྒྲུབ་ཕུག་དང་། འདན་མའི་ཚེ་ཆུ། འདན་མས་མདའ་རྟགས་འཇོག་ས་སོགས་དང་། འདན་ཆོས་འཁོར་དགོན་དུ་འདན་སྲས་གཡུ་འོད་འབུམ་མེའི་ཕོ་བྲང་མཁར་དཀར་པོ་དང་། འབྲུ་ཁོག་ཏུ་འབྲུ་སྟག་རྒོད་ཀྱི་མཁར་ཤུལ་དང་། འབྲུ་དགའ་བདེའི་སྐུ་མཁར་ཕོ་བྲང་ཆེན་པོ་བྱ་ནག་ལྡིང་རྫོང་སོགས་ལོ་རྒྱུས་རིང་ལ་ངོ་མཚར་ཆེ་བའི་གནས་རྟེན་མང་པོ་མཇལ་རྒྱུ་ཡོད། ཤུག་ར་དགོན་འདི་བློན་ཆེན་འདན་མའི་སྐུ་མཁར་གྱི་ཤུལ་དུ་ཆགས་པ་དང༌། གནས་འདི་འདན་མ་གཡུ་རྒྱལ་ཐོག་རྒོད་ཀྱིས་བདག་གིར་མཛད་པའི་འཁྲུངས་ས་འཁྲུལ་མེད་ཡིན་སྟབས་དགོན་འདིས་གེ་སར་དང་འདན་མ་གཉིས་ཀྱི་བསང་བསྐང་རྒྱུན་ལྡན་དུ་གསུངས་པ་དང་། ལོ་བསྟར་གླིང་གི་དཔའ་ཐུལ་བརྒྱད་ཅུའི་གར་འཆམ་ཡང་བགྱིད་རྒྱུ་ཡོད། ད་ལྟར་དགོན་འདིར་འདན་མའི་དྲན་གསོ་ཁང་ཟེར་བ་ཞིག་གསར་དུ་བཞེངས་ཡོད་དོ། །
སྐྱེ་ནས་སྐྱེ་བའི་ཚེ་རབས་པདྨོའི་ཕྲེང་། །
སེང་ཆེན་དགྲ་ལྷའི་རྒྱལ་པོས་རྗེས་བཟུང་ནས། །
ཕྱི་ནང་གསང་བའི་ཉེར་འཚེ་ཞི་བ་དང་། །
སྲིད་ཞིའི་ལེགས་ཚོགས་རྒྱས་པའི་བཀྲ་ཤིས་ཤོག །
ཅེས་པའང་མདོ་ཁམས་གླིང་ཡུལ་གྱི་ས་གནས་དུ་མ་ལ་སྔ་རྗེས་སུ་ཆེད་དུ་བསྐྱོད་པའི་སྐབས། ཁྲ་མོ་གླིང་དང་འབྲེལ་བའི་རྗེས་ཤུལ་མང་པོ་མཐོང་རྒྱུ་འདུག་པ་རྣམས་ཡིག་ཐོག་ཏུ་བཀོད་ནས་ཀུན་ལ་གསལ་བསྒྲགས་ཤིག་བྱེད་རྒྱུ་མ་བྱུང་ཚེ། ཉེན་ཚབས་ཧ་ཅང་ཆེ་བར་མཐོང་ནས་གེ་སར་ནོར་བུ་དགྲ་འདུལ་འཁོར་ཚོགས་དང་བཅས་པ་ལ་མི་ཕྱེད་པའི་དད་པ་ཐོབ་པ་རབ་བརྟན་པ་དགེ་ལེགས་ཕུན་ཚོགས་ཀྱིས་ཆུ་འབྲུག་ཆུ་སྟོད་ཟླ་བའི་དམར་ཕྱོགས་ཀྱི་རྒྱལ་བ་དང་པོར་སྡེ་དགེ་ལྷུན་འགྲུབ་སྟེང་ནས་བྲིས་པ་སེང་ཆེན་བླ་མའི་དགོངས་པ་རྫོགས་པའི་རྒྱུར་གྱུར་ཅིག། །།

 

 

ཀློག་གྲངས།:[4215]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com