སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

གླིང་ཚང་ཆོས་རྒྱལ་ཆེན་པོ་འཇིགས་མེད་དབང་འདུས་མཆོག་དགོངས་པ་རྫོགས་པར་མྱ་ངན་ཞུ།

                                                གླིང་ཚང་ཆོས་རྒྱལ་ཆེན་པོ་འཇིགས་མེད་དབང་འདུས་མཆོག་དགོངས་པ་རྫོགས་པར་མྱ་ངན་ཞུ།

ཁ་སང་སྟེ་བོད་རབ་བྱུང་བཅུ་བདུན་པའི་ཤིང་མོ་ལུག་གི་ལོའི་ཟླ་གཉིས་པའི་ཚེས་གཉིས་ཀྱི་ཉིན་གུང་དུས་ཚོད་གསུམ་པའི་སྟེང་སྨུག་པོ་གདོང་གི་རྒྱལ་སྲས།གླིང་རྗེ་གེ་སར་རྒྱལ་པོའི་སྐུ་ཚ།ཤར་ཁྲ་བོ་གླིང་གི་ཁྲི་དཔོན་འབུམ་པའི་ལྷ་སྲས་དགྲ་བླ་རྩེ་རྒྱལ་གྱི་རྒྱལ་རྒྱུད་བར་མ་ཆད་པའི་ལྷ་རིགས་དམ་པ།གླིང་ས་སྐྱོང་མི་དབང་ཆེན་པོ་འཇིགས་མེད་དབང་འདུས་མཆོག(དགུང་གྲངས་དོན་བརྒྱད་ལ་སོན་པ།)རྒྱ་ནག་སྤོས་ལྡན་གྲོང་དུ་སྙུན་གཞི་སོགས་རྐྱེན་གཞན་འདི་རེད་སྙམ་པ་ཅི་ཡང་མེད་པར་དགོངས་པ་ཆོས་དབྱིངས་ཞི་བའི་མལ་དུ་གཟིམས་ཤོར་འདུག་པ་ཐོས་པས།བློ་སེམས་རབ་ཏུ་ཕམ་པོ་བྱུང་། རིགས་རུས་གཅིག་པའི་སེར་སྐྱ་མང་ཚོགས་སྤྱི་དང་།ལྷག་པར་དུ་དཀར་པོ་གླིང་གི་གདོང་རིགས་ལ་དུང་བ་ཟབ་ཅིང་།གླིང་ཚང་ལྷ་རིགས་ཡབ་སྲས་ལ་གུས་ལྡན་དག་གིས་ཆོས་རྒྱལ་དམ་པའི་དགོངས་རྫོགས་ཀྱི་གསོས་དང་།ལྟོས་བཅས་འབྲེལ་ཐོགས་ཀྱི་ཕན་བདེར་དམིགས་ཏེ་རྣམ་དཀར་དམ་པའི་ལྷ་ཆོས་ལ་ཅི་ནུས་སུ་འབད་རྒྱུར་སྙིང་ནས་ཞུ་བསྐུལ་ཡོད།ཐུགས་རྗེ་ཆེ།


གདུང་འབོད་བྱང་མཐའི་རྒྱང་སྐད།

འཛམ་གླིང་ཁྱོན་ལ་སྙན་པའི་གྲགས་པ་ཅན། །
བདུད་འདུལ་དབང་ཕྱུག་གེ་སར་སྐྱེས་བུ་ཡི། །
སྐུ་ཚ་དགྲ་བླ་རྩེ་རྒྱལ་གདུང་འཛིན་མཆོག །
གླིང་དཀར་ས་སྐྱོང་འཇིགས་མེད་དབང་འདུས་དྲན། །

དཔའ་བོའི་གདུང་སྲས་ཆབ་དཔལ་དབུ་རྨོག་ཅན། །
ཁྱེད་ཀྱང་དུས་ཀྱི་སྙིགས་མར་ཐུགས་སུན་ནས། །
སྨུག་པོ་གདོང་གི་བསྟན་སྲིད་སྐྱོང་བའི་འཕྲོ། །
ཆམས་ཀྱིས་བཞག་ཏེ་དབྱིངས་སུ་ཕྱོགས་པ་སྐྱོ། །

བྱང་ཕྱོགས་གངས་ཀྱི་ར་བའི་མུ་ཁྱུད་ན། །
ད་དུང་མི་རྗེ་དམ་པའི་རང་རྟགས་ཀྱིས། །
ཆབ་འབངས་བདག་གུར་བཞེས་ལ་བསོད་ནམས་སྟོབས། །
ཡོངས་སུ་རྫོགས་པའི་ས་དབང་ཁྱེད་ཉིད་དྲན། །

མེས་པོ་མདའ་གཞུ་ཅན་གྱི་ལུགས་བཟང་བཞིན། །
བན་བོན་གྲུབ་མཐའ་རིས་སུ་མ་ཆད་པའི། །
བསྟན་པ་སྲུང་བའི་ལྕགས་རི་བརྟན་པོ་ཅན། །
གློ་བུར་གཤེགས་ཚུལ་འདི་ཡིས་སེམས་རྩ་གཅོང་། །

དེང་གི་ཡོད་དགུ་ལོ་རྒྱུས་ཙམ་པོའི་སྐབས། །
རང་སྲིད་གསེར་གྱི་ཡིག་ཆུང་ཐམ་ག་ཅན། །
ཡབ་མེས་དམ་པའི་སྲོལ་ལྟར་མ་ཤོར་བ། །
མི་རྗེ་ཁྱེད་གཅིག་བསམ་ན་ལྷག་ཏུ་དྲན། །

འབུམ་པའི་ལྷ་སྲས་གདུང་འཛིན་ན་རིམ་གྱིས། །
ཆབ་དཔལ་གསེར་གྱི་འཁོར་ལོ་རྩིབས་སྟོང་ཅན། །
གཡས་སུ་བསྐོར་བའི་དགེ་ལེགས་རི་མོའི་རྗེས། །
འདི་ན་ད་དུང་བཀྲ་བ་ཁྱེད་ཀྱི་མཐུ། །

བསམ་ཞིང་བསམ་ན་ཆེན་པོ་གླིང་ཚང་བར། །
གསེར་གྱི་ཉི་མ་ལན་གཅིག་ནུབ་སོང་བས། །
ཆོས་དང་སྲིད་ཀྱི་ལེགས་ཚོགས་པདྨའི་ཚལ། །
རྫོགས་ལྡན་དབྱར་གྱི་དཔལ་ལ་ཇི་ལྟར་ཕྱོགས། །

གླིང་དཀར་རྣམ་ཐར་འོད་སྟོང་འབར་བའི་གཟི། །
གླིང་ཆེན་གོ་ལ་ཧྲིལ་བོར་སྤྲོས་སྐད་ཀྱང་། །
གླིང་ཚང་ཡབ་རྗེ་ཆེན་པོ་ཁྱེད་བཞུད་པས། །
གླིང་དཀར་སྟོད་པའི་མཐོང་ལམ་ནག་པོས་བསྣད། །

སྤྱིར་ན་གདོང་པ་དམར་པོའི་བསོད་ནམས་དང་། །
ཁྱད་པར་འབུམ་པ་གླིང་གི་རླུང་རྟ་ལ། །
ཉམས་རྒུད་ཟིལ་ཐིགས་ལྷུང་བའི་ལ་ཉེའི་རིགས། །
གསང་བ་སེམས་ལ་བབས་ན་ཀུན་ནས་གདུང་། །

ལྷག་པར་ས་སྐྱོང་འཇིགས་པ་མེད་པའི་སྡེས། །
དགོངས་པ་གཞན་དུ་ཕྱོགས་པའི་ལས་འདི་ཡིས། །
དཀར་པོ་གླིང་ལ་མེ་ཏོག་ཕོག་པའི་བུའི། །
སེམས་དྲོད་ཆུ་ཡིས་བརླན་ཀྱང་ཅི་བྱར་ཡོད། །

རབ་འབྱམས་རྒྱལ་བ་ཀུན་དང་ཁྱད་པར་དུ། །
སེང་ཆེན་དགྲ་བླ་ཝེར་མའི་བདེན་སྟོབས་ཀྱིས། །
མི་རྗེ་དམ་པའི་མཛད་བཟང་དཀར་པོའི་རྒྱུན། །
ཐུགས་ཀྱི་བཞེད་པ་བཞིན་དུ་འགྲུབ་པར་ཤོག །

བསླུ་མེད་རྩ་བ་གསུམ་གྱི་ཐུགས་རྗེ་དང་། །
བདག་སོགས་རྣམ་དཀར་ལས་ཀྱི་བདེན་ནུས་ཀྱིས། །
གང་གི་ས་ལམ་རྟོགས་པ་མཐར་ཕྱིན་ནས། །
འཕྲིན་ལས་གདུལ་བྱའི་དཔལ་ལ་སླར་འཇུག་སྨོན། །

ཞེས་གླིང་དཀར་ཡབ་རྗེ་འཇིགས་མེད་དབང་འདུས་མཆོག་དགོངས་པ་རྫོགས་པ་ཐོས་མ་ཐག་ཡིད་གཅོང་ཆེན་པོས་ཀུན་ནས་དྲངས་ཏེ། གླིང་དཀར་ལྷ་རིགས་ལ་སྔོན་ལས་ཀྱི་འཕྲོ་ཅན་སྨིན་དབུས་ཨ་དཀར་པོས་བྱང་ཙོང་ཁ་གྱི་ཐང་ནས་བཅུ་བདུན་ཤིང་ལུག་ཟླ༢པའི་ཚེས༣ཉིན་བྲིས།



ཀློག་གྲངས།:[4171]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com