ཞལ་དཀར་གྱིས་ཕྱག་མདའ་འཕངས་པ།

དེ་ཡང་གླིང་རྗེ་གེ་སར་སྐྱེས་བུ་ནག་པོ་བདུད་འདུལ་ལ་ཕེབས་པའི་སྐབས།ཕྱག་མདའ་ཐོག་རྒོད་འཕུར་ཤེས་འདི་དང་། དགྲ་བླའི་ཚེ་གོས་སྨུག་པོ་རྨ་བྱ་མཇིང་བསྣོལ།ཚེ་མདུད་རྡོ་རྗེའི་གོ་ཁྲབ་རྣམས་ལྡོང་འབུམ་པའི་ཞལ་དཀར་རྒྱལ་པོར་གནང་སྟེ། རྡོ་རྗེའི་ཚིག་གི་ལུང་བསྟན་ལ།མི་སྲིད་སྲིད་པའི་དུས་ཚོད་ལ།། ཧོར་གད་པ་སྐྱ་རིང་གཡས་ཟུར་ནས།།མི་དམར་ནག་ཁྲག་གི་མིག་རྩ་ཅན།།རྟ་རག་ནག་རླུང་གི་གཤོག་པ་ཅན།།རྒྱ་ཚའི་གདོང་ལ་བྱུང་བའི་དུས།།མདའ་འཕུར་ཤེས་ཐོག་ལྕེ་འདི་འཕོངས་ཤིག །དཔེ་ཆུ་སྲིན་དུང་གིས་ཕུག་པ་འདྲ།།ཞལ་དཀར་ནོར་བུ་འགྱུར་བ་མེད། །གླིང་ལྷ་སྡེ་རྒྱ་མཚོའི་གཏིང་ན་རྒྱལ།།དེ་མིན་མདའ་དེ་མ་སྒུལ་ཨང་། །ཞེས་གསུངས་ནས་གནང་བ་དགོས་ངེས་ཤན་པ་རྨེ་རུ་ལ་འཕེན་དགོས་པ་ཡིན་མོད།གཅིག་འབུམ་པའི་ཞལ་དཀར་དགྲ་འདུལ་རྒྱལ་པོ་མཆོག་སྐུ་ཚེ་མི་འགྱུར་ཡུན་རིང་བཞུགས་རྒྱུར་གླིང་དཀར་པོའི་བསོད་ནམས་གྱིས་མ་འདང་བ་དང་།གཉིས་ཧོར་གྱི་བླ་ལྕགས་ཁམས་གསུམ་གྲོང་འཇོམས་ནག་པོ་ཞེས་དངོས་མེད་ཀྱི་དགྲ་བོ་འཇིག་རྟེན་ཁམས་ལ་གནས་མི་རུང་བ་དེ་མྱུར་དུ་འདུལ་དགོས་ན།རྒྱལ་པོ་གེ་སར་གྱི་ཕྱག་མདའ་འདི་མིན་མཚོན་གཞན་གྱིས་མི་ཐུལ་བ་སོགས་རྒྱུ་རྐྱེན་དུ་མས་བསྐུལ།ཧོར་གླིང་གཉིས་གཡུལ་འཁྲུག་དྲག་པོའི་དུས་ཤིག་ན།གོང་སྨན་རྒྱལ་མོའི་ལུང་དོན་ལྟར་འབྲུག་མོས་ཧོར་གྱི་བླ་གནས་གླིང་གི་མདའ་འབེན་ལ་བཞག་་ཐབས་མཛད་ཉིན།ཁྲི་དཔོན་ཞལ་དཀར་དང་།བློན་ཆེན་འདན་མ་གཉིས་ཀྱིས་ཕྱག་མདའ་མཉམ་འདོན་སྐབས།ཞལ་དཀར་གྱི་དོང་བ་ནས་ཕྱག་མདའ་ཐོག་རྒོད་འཕུར་འདོད་ཀྱི་མངོན་རྟགས་བྱུང་བ་ལྟར་གདོང་འབུམ་པའི་ཞལ་དཀར་རྒྱལ་པོས་ལྷ་འབོད་བཅས་འཕངས་ཏེ།ཐོག་འབྲུག་གློག་གསུམ་གྱི་སྒྲ་འོད་དང་འགྲོགས་པའི་མདའ་རྒོད་དེ་གནམ་ལྕགས་ཀྱི་ཐོག་ལྟར་ཧོར་གྱི་བླ་གནས་འཇིག་རྟེན་གྱི་དགྲ་བོ་དེ་ལ་ཕོག་ནས་ཐལ་བར་བརླགས་པའི་རྣམ་པ་ཡིན།
འདྲ་པར་འདི་༡༩༦༢ལོར་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་བསྐྲུན་པའི་ཧོར་གླིང་གཡུལ་འགྱེད་སྟོད་ཆའི་བར་བཅུག་རི་མོ།བོད་ཀྱི་གླིང་སྒྲུང་ཁྲོད་ཀྱི་བར་བཅུག་རི་མོ་རྙིང་ཤོས་གྲས་རིན་ཐང་ཅན་ཡིན།རི་མོ་འདི་མགོ་ལོག་སྨིན་ཐང་གི་སྒྲུང་མཁས་རྒན་པོ་རྩེ་བ་ཐུབ་འཇིགས་ཟེར་བས་རིག་གསར་མེ་ཀློང་དུ་མ་བཏང་བར་ཉར་ཚགས་བྱས་ནས་ལྷག་པ་ཡིན་པས།ཕྲན་གྱིས་འདི་ནས་ཆེད་དུ་སྒྲུང་དགའ་འདས་པོ་ཁོང་ལ་བཀའ་དྲིན་ཞུ་བ་ཡིན།