སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི།བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་།དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར།དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས།བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་།དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ།ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ།གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད།འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས།གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་།གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ།གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ།མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་།ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན།དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ།།ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་ སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

དབུས་གླིང་དཀར་པོའི་ལས་རྟགས་ཀྱི་མཚོན་དོན་བསྡུས་པ།

དབུས་གླིང་དཀར་པོའི་ལས་རྟགས་ཀྱི་མཚོན་དོན་བསྡུས་པ།

བླ་མ་དང་ངོ་བོ་མི་གཉིས་པའི་གླིང་རྗེ་ཨ་དཀར་འོད་ཀྱི་ཝེར་མ་ལ་ཕྱག་འཚལ་ལོ།།
དེ་ཡང་མདའ་གཞུ་བཞི་སྤྲོད་ཀྱི་དབུས་སུ་གླིང་ཞེས་བཀོད་པའི་ལས་རྟགས་འདིའི་མཚོན་དོན་ནི།གཞི་དམར་པོས་སྤྱིར་དབང་གི་ཁ་དོག་མཚོན་ལ། ལྷག་པར་དུ་རྒྱལ་སྲས་རིགས་གསུམ་མགོན་པོའི་མཁྱེན་བརྩེ་ནུས་གསུམ་གྱི་ཡོན་ཏན་གཅིག་ཏུ་འདུས་ཤིང་།རིགས་བརྒྱའི་ཁྱབ་བདག་ཆེན་པོ་དཔལ་ཨོ་རྒྱན་གྱི་སློབ་དཔོན་པདྨ་ཀ་རའི་ཐུགས་སྲས་གཅིག་པུ།མི་ཡི་བུ་མཆོག ལྷ་ཡི་རོལ་གར། ནག་ཕྱོགས་བདུད་སྡེའི་གཤེད་མ།དཀར་ཕྱོགས་བསྟན་པའི་རྒྱལ་མཚན། འཇའ་ལུས་གྲུབ་པའི་རིག་འཛིན། དབུ་ནག་བོད་ཀྱི་ལྷ་སྐལ།རྫོང་ཆེན་བཅོ་བརྒྱད་དང་རྫོང་ཕྲན་ཉེར་ལྔའི་ཡ་བདགགླིང་རྗེ་གེ་སར་སྐྱེས་བུ་དོན་གྲུབ་ཡིད་བཞིན་དབང་གི་རྒྱལ་པོའི་ཐུགས་བརྩེ་ཆེན་ཡེ་ཤེས་ཀྱི་འཇུག་པ་མཐའ་ཡས་པའི་འགྲོ་ཁམས་ཆེན་པོར་དུས་གསུམ་གཡེལ་བ་མེད་པར་རྟག་ཁྱབ་ལྷུན་གྲུབ་ཏུ་འབྱུང་གནས།དབང་དྲག་པདྨ་རིགས་ཀྱི་དཀྱིལ་འཁོར་བདེ་མཆོག་དབང་གི་ཕོ་བྲང་ཀུན་འདུས་ནོར་བུའི་དགའ་ཚལ་གྱི་རང་མདངས་དང་དེ་ཉིད་མཚོན།གཞི་དེའི་སྟེང་དུ་གླིང་རྗེ་གེ་སར་སྐྱེས་བུས་ནག་པོ་བདུད་གྱི་ཀླད་ཁྲག་དཀྲུག་བྱེད་གྱི་ཕྱག་མཚོན་གཙོ་བོ།ཤེས་རབ་རལ་གྲི་མདའ་གཞུ་ཐོགས། ། ཞེས་པས་བསྟན་པ་བཞིན། ཐབས་དང་ཤེས་རབ་ཀྱི་རང་རྟགས་རྫོགས་ཤིང་ཁ་དོག་དཀར་པོ་ལྡན་པའི་མདའ་གཞུ་ཁ་སྤྲོད་བཞི་སྣོལ་གྱིས།གླིང་དཀར་རྒྱལ་བློན་གྱིས་སྣང་ཚུལ་ལ་དྲག་པོ་དམག་གི་མདའ་མཚོན་དམ་བཅའ་བཞི་ལྡན་རྟག་པར་ནག་ཕྱོགས་པར་གཟས་ཡོད་པའི་རྣམ་པ་མཚོན་ལ།ངོ་བོའི་ཆ་ནས་འགྲོ་བའི་བདེ་སྐྱིད་ལ་གཟན་པའི་ནག་ཕྱོགས་བདུད་ཀྱི་དཔུང་བཞི་ལ་ལས་འབྲས་ཀྱི་ངོ་སྤྲད་དེ་རྣམ་དཀར་ཞི་བའི་ས་ལ་སྦྱོར་བར་མཐུ་མི་དམན་ཞིང་།དཀར་ཕྱོགས་བསྟན་པའི་རྒྱལ་མཚན་མི་ནུབ་པར་སྲུང་བའི་ནུས་སྟོབས་ཀྱི་རང་རྟགས་རྫོགས་པ་གཙོ་བོར་མཚོན་པ་དང་།དྲག་རྩུབ་ཚར་གཅོད་ཡེ་ཤེས་ཀྱི་མཚོན་ཆའི་རྣོ་ངར་འབར་བའི་མདའ་རྩེ་བཞི་ཕྱིར་གཏད་པ་ནི།ཞི་རྒྱས་དབང་དྲག་གི་ལས་ཐབས་ཆེན་པོ་བཞིས་ཕྱི་དགྲ་ཧོར་བདུད་མོན་འཇང་བཞི།ནང་དགྲ་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་བཞི། གསང་དགྲ་ཉོན་མོངས་པའི་བདུད་དང་།ཕུང་པོའི་བདུད། འཆི་བདག་གི་བདུད། ལྷའི་བུ་ཡི་བདུད་བཞི་སྟེ།ཕྱི་ནང་གསང་གསུམ་གྱི་ནག་པོ་བདུད་སྡེའི་དཔུང་ཆེན་བརྒྱ་ཁྲི་བཞི་སྟོང་གི་ཚོགས་ཆེན་པོ་རྣམ་པ་ཀུན་ཏུ་འཐར་བར་བྱེད་པ་དང་ཕྱིར་བཟློག་གི་ལས་ལ་མཐུ་མི་རྡུགས་པའི་གཡུལ་ལས་ལ་གཡེལ་བ་མེད་པ་མཚོན།

སྒྲོ་བཞི་ལེབ་བརྒྱད་དང་ལྟོང་ཆེན་བཞིའི་ཁ་ནང་ངམ་རང་ལ་ཕྱོགས་ནས།ཞི་རྒྱས་དབང་དྲག་གི་ལས་འགྱེད་པ་ལ་ཤུགས་སྦྱིན་པའི་ཡེ་ཤེས་ཀྱི་རྒྱུད་སྐུད་བཞི་རང་བྱུང་རྩོལ་མེད་དུ་འགེངས་པ་ནི།གཞན་སྣང་རང་དབང་དུ་འདུ་བར་བྱེད་པ་ལ་སྒོ་ཀུན་ནས་མཁོ་བའི་ཐུན་མོང་གི་དངོས་གྲུབ་བརྒྱད་སོགས་མཐུན་ཕྱོགས་ཀྱི་ཆོས་ཡོད་དགུ་ཉམས་འོག་ཏུ་ཆུད་པ་དང་།བདེ་སྟོང་དགའ་བཞིའི་ཡེ་ཤེས་སྟེར་ཞིང་རླབས་ཆེན་ལས་བཞིའི་ཕྲིན་ལས་སྒྲུབ་པར་སྡོངས་གྲོགས་གཡེལ་བ་མེད་པའི་མ་ཚོགས་ཌཱཀྐི་སྡེ་བཞིའི་དགྱེས་ཞལ་རྟག་ཅིང་བརྟན་པོར་ནང་དུ་ཕྱོགས་པ་སོགས་མཚོན།
དབུས་ཀྱི་༼གླིང་༽ཞེས་པའི་སྒྱུ་རྩལ་གྱི་འཕྲུལ་ཡིག་འདི་ནི་མཚོན་རྟགས་འདིའི་སྲོག་སྙིང་གཙོ་བོ་ཡིན་ལ།འདི་ལ་ཕྱི་ལྟར་ན། གླིང་དཀར་པོའི་མཚན་ཡིག་གིས་རང་ས་ཟིན་པར་བྱས་ཏེ་དུང་གཟུགས་སུ་གྲུབ་པར་བྱས་ཡོད་པ་ནི།ཁ་དོག་གིས་གླིང་སྡེ་སྤྱི་ལ་དཀར་པོ་གླིང་ཞེས་འབོད་པའི་རྣམ་པ་དང་།འཇིག་རྟེན་ན་དུང་སྒྲ་ཞེས་རྒྱང་སྐད་ཀྱི་མཆོག་ཏུ་གྱུར་བའི་བྱེད་ལས་ལྡན་ཕྱིར།ལས་རྟགས་ཀྱི་བདག་པོ་གླིང་ཞེས་པ་རང་གིས་རིག་འཛིན་རྒྱལ་པོ་དོན་འགྲུབ་ཨ་དཀར་འོད་ཀྱི་ཝེར་མའི་རྣམ་ཐར་རྟོགས་བརྗོད་རྒྱུན་འཛིན་ལས་རིགས་ཀྱི་རྣམ་པ་དུང་ལྟར་དཀར་ཞིང་།ངོ་བོ་ཚུལ་དང་མཐུན་པའི་སྒོ་ནས་གླིང་རྗེ་གེ་སར་རྒྱལ་པོའི་མཚན་སྙན་གྲགས་དང་རྣམ་ཐར་རྟོགས་བརྗོད་རིང་མོའི་མཛད་པ་ཕྲིན་ལས་ཀྱི་གྲགས་པ་དཀར་པོས་གླིང་བཞི་རི་རབ་དང་བཅས་པ་ཡོངས་སུ་སྤྲས་དང་སྤྲས་བཞིན་པའི་དེ་ཉིད་ལ་ཞབས་ཞུ་མངོན་གསལ་དོད་པོ་འབྱུང་ཐུབ་པའི་དན་རྟགས་མཚོན་པར་བྱས་ཡོད།
ནང་ལྟར་ན་དུང་དཀར་ནི་རྔམ་ནག་པའི་མཐའ་ཡས་རྒྱ་མཚོ་ཆེན་པོར་གནས་པའི་སེམས་ཅན་ཡོད་དོ་ཅོག་གི་ཚེ་སྲོག་གི་གཤེད་མར་རྔམ་པའི་ཆུ་སྲིན་དུག་ཅན་གྱི་སྲོག་སྙིང་ཐལ་བྱུང་དུ་འབིགས་པར་བྱེད་པའི་མདའ་རྒོད་ཡིན་པ།ཆུ་སྲིན་དུང་གིས་ཕིགས་པ་ལྟར། ཞེས་དཔེ་མཚོན་དུ་གྱུར་ཡོད་པ་བཞིན།རྒྱལ་སྲས་རིག་གསུམ་མགོན་པོའི་གསང་བ་གསུམ་གྱི་རྣམ་རོལ་དང་།དཔལ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་མཚོ་སྐྱེས་རྡོ་རྗེའི་སྐུ་གསུང་ཐུགས་གསང་བ་མི་བཟད་པ་རྒྱན་གྱི་འཁོར་ལོའི་ཁྱད་ཡོན་དང་མི་གཉིས་པའི་གླིང་རྗེ་སར་རྒྱལ་པོའི་དྲག་པོ་མངོན་སྤྱོད་ཀྱི་ཕྲིན་ལས་དུང་མདའི་རྣོ་དབལ་གྱི་གཟུགས་སུ་བཀོད་པས།ཁམས་གསུམ་གྱི་སྐྱེ་བོ་དབུགས་ཀྱིས་བསྡུས་ཚད་ཉོན་མོངས་པར་བྱེད་པའི་ནག་ཕྱོགས་བདུད་སྡེའི་སྤྱི་ཁྱབ་དགའ་རབ་དབང་ཕྱུག་ཆུ་སྲིན་གདུག་པ་ཅན་ལྟ་བུ་དེའི་འཁོར་ཚོགས་དཔུང་སྡེ་དང་བཅས་པའི་རྫུ་འཕྲུལ་སྟོབས་ནུས་ཡོད་དགུ་ཟིལ་གྱིས་མནན་ཏེ།གཟུགས་མེད་མུན་པའི་ཨེ་ཁང་ནག་པོ་རུ་སྨྲ་མེད་ལྐུགས་པའི་བརྟུལ་ཞུགས་སུ་མར་མེ་ཤི་བའི་མེ་རོ་ལྟར་འདར་ཧྲིལ་ཧྲིལ་བྱེད་པ་ཞིག་བཟོ་བའི་སྟོབས་ནུས་ཀུན་ནས་རྫོགས་པ་གསལ་བཤད་བྱས་ཡོད་པ་མངོན་གསལ་དོད་པོས་མཚོན།
གསང་བ་ལྟར་མཚོན་རྟགས་ཀྱི་བདག་པོས་གླིང་དཀར་པོའི་རྟོགས་བརྗོད་ལྷོ་རྒྱ་མཚོའི་དུང་དཀར་རྫོང་ཆེན་ཕབ་པའི་རྣམ་སྒྲུང་གི་བསྡུས་དོན་རྒྱས་འབྲི་གྲུབ་པའི་གཏིང་རག་དགའ་སྟོན་མཚོན་པའི་རང་རྟགས་སོགས་ལས་རྟགས་བཟོ་བཀོལ་མཁན་གྱི་སྒྲུང་མཁན་གང་ཟག་རང་གི་མི་ཚེའི་ལས་དོན་མི་ཉུང་བའི་བསྡུས་གཟུགས་མང་པོ་ཞིག་བཀྲལ་དུ་ཡོད་ཀྱང་རེ་ཞིག་དེ་ཙམ་ལས།ཡང་གསང་དང་ཤིན་ཏུ་གསང་བའི་སྐོར་འདིར་མཁོ་ཉག་མེད་པས་རེ་ཞིག་དེ་ཙམ་གྱིས་འཐུས་པར་བྱས་ནས་བསྡུས་པའོ།།
སྨྲས་པ། ཤེས་རབ་བཞི་ལྡན་མདའ་གཞུའི་འཕྲུལ་མཚོན་གྱིས།།བདུད་སྡེ་ཞི་བཅོམ་ལས་བཞིའི་འཕྲིན་ལས་གྲུབ།།སྙན་གྲགས་སྐྱེ་བ་ལྔ་བའི་རྒྱང་སྐད་ཀྱིས། །དུག་ལྔའི་གཡུལ་བཤིག་གླིང་ཞེས་རྒྱལ་རྔ་བསྒྲགས།།
ཞེས་གྲོགས་པོ་མིང་པོ་ཞིག་གིས་དྲ་ལམ་བརྒྱུད་ནས་ཁྱོད་ཀྱི་འཕྲིན་སྟེགས་དང་།དཔེ་ཆ་སོགས་མང་པོ་ཞིག་གི་སྟེང་རྟགས་ཐམ་དུ་བཀོད་པའི་མདའ་གཞུ་བཞི་སྤྲོད་ཀྱི་རྟགས་དེས་དོན་ཅི་ཞིག་མཚོན་པ་རེད་ཅེས་ཡང་ཡང་དྲིས་ཚེ།སྨིན་དབུས་ཨ་དཀར་པོས་རང་གིས་བློས་བསླངས་བྱས་པའི་རང་གི་མཚོན་རྟགས་ངོ་སྤྲོད་སྟབས་བདེར་ཡིད་ལ་གང་དྲན་ཞིག་རྟེན་འབྲེལ་དུ་བཅུ་བདུན་ཤིང་ལུག་ཟླ་ཚེས་བཟང་པོ་ལ་བྲིས་པ་དགེ།

 

 

 






ཀློག་གྲངས།:[3905]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com