སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

ལོ་སར་སྐབས་གླིང་སྒྲུང་ལས་ཆོས་སྐལ་བླངས་ཏེ་ལོ་གཅིག་གི་ལེགས་ཉེས་བརྟག་པའི་སྲོལ།

 

ལོ་སར་སྐབས་གླིང་སྒྲུང་ལས་ཆོས་སྐལ་བླངས་ཏེ་ལོ་གཅིག་གི་ལེགས་ཉེས་བརྟག་པའི་སྲོལ།

སྔོན་ཆད་ཡུལ་ཤུལ་དང་མགོ་ལོག་སོགས་ན་ལོ་སར་སྐབས།སྒྲུང་དཔེ་ལས་ཆོས་སྐལ་ལེན་ཞེས་པའི་ཡུལ་སྲོལ་དམིགས་བསལ་བ་ཞིག་ཡོད། འདི་ཡང་ནུབ་བཞིན་པའི་སྲོལ་རྒྱུན་ཞིག་རེད་ལ།འདིའི་གསལ་བཤད་ཁོ་བོས་གཞན་དུ་བྲིས་ཡོད་མོད།

དེ་རིང་སྟེ་རབ་བྱུང་བཅུ་བདུན་པའི་ཤིང་ལུག་བོད་ཀྱི་ལོ་སར་ཉིན། ཁྲིན་ཏུའུ་ནས་རྫ་དྲེལ་དཀར་དགོན་པའི་སྤྲུལ་སྐུ་བསོད་བློ་ལགས་ཀྱིས་འཕྲིན་ཕྲན་བརྒྱུད། ཁོང་ལ་ཡིན་གཅིག་མིན་གཉིས་སྒྲུང་ཚན་ཞིག་བཤད་དགོས་ཞེས་རྟེན་འབྲེལ་གྱི་ཐུགས་རེ་བཏོན་སྐབས། ཕྲན་གྱིས་ཁོང་གི་ཆེད་དུ་གླིང་རྗེ་སྐྱེས་བུ་ཆེན་པོ་ལ་གསོལ་འདེབས་བཅས།ཧོར་གླིང་གཡུལ་འགྱེད་སྨད་ཆ་ལས་ཁོང་ལ་ཆོས་སྐལ་་བླངས་པ་ཡིན་ལ། ཁོ་བོས་འཆར་སྣང་ལྟར་ན་ཁོང་ལ་བབས་པའི་ཆོས་སྐལ་འདི་སྔར་སྲོལ་གྱིས་བརྟག་ཚུལ་ལྟར་ན་བཟང་གྲས་སུ་སྣང་བ་དང་གཅིག ཡང་སྔར་ཡོད་ཀྱི་སྲོལ་དེ་ལ་དྲན་སློང་ཞིག་ཀྱང་བྱས་པས་ཡིད་ཅུང་ཙམ་སྤྲོ་བོ་བྱུང་བ། གླུ་འདིའི་ཐད་ནས་སྒྲུང་དཔེ་གཞན་དང་གཞན་བར་མི་འདྲ་བའི་ཆ་ཞིག་མཆིས་པ་སོགས་ཀྱིས་རྐྱེན་བྱས་གཤམ་དུ་མ་དཔེ་ཇི་བཞིན་དུ་བཀོད་པ་ཡིན།

༼ དེ་ནས་གླིང་གི་བསུ་པ་མང་མས་སེང་ཆེན་གྱིས་གཙོ་བྱས་པའི་དཔའ་རྟུལ་དམག་མི་ཡོད་ཚད་ལ།དར་དཀར་པོ་ཁ་ཚར་མ་ཉམས་པ་བཅས་ཀྱི་དགའ་དར་ཕུལ་བའི་ཐོག་ཚང་མས་མགྲིན་གཅིག་ཏུ་དགའ་བའི་གླུ་འདི་བླངས་སོ།།

གླུ་ཐ་ལ༴ གླུ་ཨ་ལ༴ རྗེ་སེང་ཆེན་ནོར་བུའི་ཞབས་ལ་འདུད།།ངེད་འདིར་ཚོགས་དགའ་བས་གླུ་ཞིག་ལེན། །དེ་རིང་བཀྲ་ཤིས་ཉི་མ་ལ།།སྐུ་རྗེ་འཛམ་གླིང་ནོར་བུ་ཁོང་། །གླིང་དཀར་སྟོད་ལ་ཆིབས་ཁ་བསྒྱུར།།ཁྲི་གདུགས་ཉི་མའི་འོད་ཁྱིམ་དེ། །ཤར་ཀུན་གསལ་བའི་ལ་ཁ་ནས། །གླིང་དཀར་སྤོམ་རའི་རྒྱན་ལ་ཤར།།མ་རིག་མུན་པ་ཟིལ་གྱིས་མནན། །དབུ་ནག་སེམས་ཅན་མཐའ་ནས་སྐྱོང་།།ཤར་གླིང་དཀར་པོ་སྐྱིད་ལ་བཀོད། །མངའ་འབངས་ཐམས་ཅད་བདེ་འཇགས་ཐོབ།།འདྲེན་པའི་སྐྱེས་མཆོག་སེང་ཆེན་རྗེའི། །སྐུ་ལ་ངལ་བ་མ་མཆིས་པར།།ཧོར་ལ་ཕེབས་པའི་ཇུས་དོན་ཀུན། །བདེ་བླག་ངང་ནས་འགྲུབ་ལགས་སམ།།ཧོར་ནག་དུག་གི་ཁ་རླངས་ཅན། །རྩ་ནས་ཨེ་ཆོད་སེང་ཆེན་སྐུ།།ཧོར་སེར་བདུད་ཀྱི་རྒྱལ་པོ་ལ། །གཉའ་སྒ་ཨེ་བསྟད་སེང་ཆེན་སྐུ། །ཤན་པ་དཔུང་དམར་ཁྱུ་གཅིག་དེ། །དགྲ་ལན་ཨེ་འཕྲོད་སེང་ཆེན་སྐུ།།དབུ་ནག་བོད་ཀྱི་བདེ་ཆོས་ལ། །བསམ་པ་ཨེ་འགྲུབ་སེང་ཆེན་སྐུ། །གོང་མ་ལྷ་ཡི་ལུང་བསྟན་རྣམས། །ཅི་བཞིན་ཨེ་འགྲུབ་སེང་ཆེན་སྐུ། །སྐྱེས་མཆོག་ཡིད་བཞིན་རྒྱལ་པོ་ལགས། །ཁ་ཉིན་སྐྱིད་ཀྱི་ཉི་མ་ལ། །གྲུ་པ་སངས་རྒྱས་གླིང་ལ་བྱུང་། །རྒྱལ་མཆོག་གླིང་ལ་ཕེབས་སོ་ཟེར། །གླིང་དཀར་བསམ་དོན་འགྲུབ་བོ་ཟེར། །སེང་ཆེན་ནམ་མཁའི་རང་མདངས་ལ།།ཐུགས་རྗེས་སྤྲིན་ཕུང་ཀུན་ལ་འཁྲིགས། །སྙན་པའི་གསུང་དབྱངས་རྒྱང་ནས་གྲགས། །དངོས་གྲུབ་སྦྲང་ཆར་གླིང་ལ་ཕབས། །བྱིན་རླབས་ནུས་པའི་འབྲས་བུ་སྨིན། །གྲུ་པའི་ཁུ་བྱུག་འགྱུར་གླུ་བླངས། །དབུ་ནག་རྣ་བའི་བཅུད་ལ་བཞག ། སྐྱེས་ཕོ་མོ་གང་ཡོད་དགའ་ཡལ་ཡལ། །དེ་ནས་གླིང་གི་ཕུ་ནུ་ཚོས། །སེང་ཆེན་བློན་ལ་དཔའ་དར་བཏགས། །ཉི་མ་དེ་རིང་ཚུན་ཆད་ལ། །ཤར་གླིང་མཐོང་བ་ཀུན་སྨོན་ན། །རྒས་ལ་སྐྲ་དཀར་མན་ཆད་ནས། །གཞོན་ལ་སོ་དཀར་ཡན་ཆད་ཀྱི། །སྐྱིད་པའི་ཉི་མ་དགུང་ལ་ཤར། །དགའ་བའི་ཟླ་བ་ཕྲག་ལ་ཚེས། །དགའ་སྐྱིད་འཛོམས་པའི་སྨིན་དྲུག་བཀྲ། །རྒྱན་ཆ་དབུ་ནག་བོད་ལ་བཞག།དེ་བས་དེ་རིང་དགའ་སྤྲོ་ཆེ། །ཞེས་ཞུས་པ་དང་། ༽

1980 ལོའི་ཟླ་10བར་མཚོ་སྔོན་མི་རིགས་པར་སྐྲུན་ཁང་ནས་བསྐྲུན་པའི་དེབ་སྤུས་ལེགས་ཀྱི་ཤོག་གྲངས་655བའི་ཉིན་ངོས་ཐིག་འཕྲེང་བཅུ་བ་མན་ནས་དཔེ་ཇི་བཞིན་དུ་བཤུས།

མ་ཕྱི་ན་ཡིག་ནོར་ཤོར་བ་ཨེ་ཡིན་སྙམ་པ་རེར་ཡོད་པ་ལ་དམར་རྟགས་བཏབ་ཡོད། ད་དུང་ཧོར་གླིང་གཡུལ་འགྱེད་གཞན་ཞིག་ཏུ་གླིང་རྗེ་ལ་ཕར་བྱོན་གྱི་ལོ་རྒྱུས་ཞུ་བའི་གླུ་དེ་ནེའུ་ཆུང་གིས་བླངས་པ་གསལ་ཡང་།འདིར་གླིང་གི་འབངས་མི་མང་པོ་ཞིག་གིས་མཉམ་གཅིག་ཏུ་བླངས་པར་བྱས་ཡོད་པ་ལྟ་བུ་སོགས་བོད་ལྗོངས་དང་མཚོ་སྔོན་སོགས་ཀྱི་ཧོར་གླིང་སྨད་ཆ་དག་ལ་འགྱུར་བ་བཏང་ལུགས་མི་འདྲ་བ་མང་དུ་སྣང་རྒྱུ་འདུག འདི་རིགས་ནི་སྔར་ཡོད་ཀྱི་གླིང་སྒྲུང་དག་ལ་གང་འདོད་འདོད་དུ་བཟོ་བཅོས་བཟོས་ཡོད་པའི་དཔྱད་སྣེ་ཞིག་ཀྱང་རེད་སྙམ་བྱུང་།

དམིགས་བསལ། གླིང་གེ་སར་རིག་གནས་དྲ་བའི་འཕྲིན་སྟེགས་འདིར་མཆིས་པའི་ཀློག་མཁན་རྣམ་པ་དང་རྒྱལ་ཕྱི་ནང་གི་སྤུན་ཟླ་ཡོངས་ལ་བོད་ཤིང་མོ་ལུག་གི་ལོར་ཚེ་རིང་ནད་མེད་དང་ཅི་བསམ་ལྷུན་གྲུབ་ཡོང་བའི་སྨོན་འདུན་ཡང་རྩེ་གཅིག་ཏུ་ཞུ་བ་ཡིན།

 

ཀློག་གྲངས།:[3057]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com