སྐད་འཇོག་ས།

གླིང་གེ་སར་དྲ་བ་འདི་གཉེར་བའི་དམིགས་ཡུལ་ནི། བོད་ཀྱི་མི་སྣ་དཔའ་བོ་གླིང་རྗེ་གེ་སར་ནི་བོད་ཀྱི་ལོ་རྒྱུས་སྟེང་དངོས་སུ་བྱུང་བའི་དོན་གནས་ཀྱི་མི་སྣ་ཞིག་ཡིན་ན་ཡང་། དུས་ཀྱི་གནས་བབ་ཀྱིས་མི་སྣ་འདི་ལ་ངག་ཏུ་བརྒྱུད་པའི་དོན་དངོས་ལོ་རྒྱུས་ཐན་ཐུན་ལ་གཞི་བཅོལ་བའི་ཡིག་ཐོག་གི་ལོ་རྒྱུས་ཐད་ནས་ལྷ་སྒྲུང་ལྟ་བུར་ཆགས་ཏེ་ས་ཁྱབ་རྡོ་ཁྱབ་ཏུ་གྱུར་བ་དང་གཅིགགླིང་གེ་སར་གྱི་མི་རབས་ཕྱི་མ་དག་གིས་རང་རིགས་ཀྱི་མེས་པོའི་དོན་དངོས་ལོ་རྒྱུས་ཀྱི་དཔྱད་གཞི་ལ་ཆེར་མ་དམིགས་པར། དཔའ་བོའི་བསྟོད་སྒྲུང་གི་ཁ་སྙན་ངག་གི་འཇིག་རྟེན་ཞིག་ཏུ་ཁྲིད་དེ་རྩོམ་པ་པོ་རང་རང་གིས་རྟོག་པ་འཆར་ཡན་གྱི་ལམ་ནས་བྲིས་པ་མང་སྟབས། བོད་ཀྱི་དཔའ་བོའི་ལོ་རྒྱུས་ལ་དོན་དངོས་དང་ཉེ་བའི་ལོ་རྒྱུས་དང་། དཔའ་བོའི་བསྟོད་སྒྲུང་གི་སྙན་ངག་གཉིས་ལས་ཕྱི་མ་ཁྱབ་ཆེ་བར་སོང་སྟེ། ད་ཆ་འཛམ་གླིང་གི་རྟོགས་བརྗོད་ཆེན་མོ་འདི་ལ་སྤྱིའི་ཆ་ནས་སྙན་གྲགས་དང་མཛད་འཕྲིན་རྒྱ་ཤིན་ཏུ་ཆེ་ན་ཡང་།ཞིབ་གསལ་གྱི་ཆ་ན་སྒྲུང་མཁན་སོ་སོའི་འབྲི་སྟངས་མི་འདྲ་བ་དང་།སྔ་ཕྱི་མི་མཐུན་པ་སོགས་ལོ་རྒྱུས་པ་སོ་སོའི་འདོད་པ་མི་མཐུན་ས་མང་པོ་ཞིག་གིས་བོད་ཀྱི་གླིང་གེ་སར་རིག་གཞུང་ལོ་རྒྱུས་ལ་ཞིབ་འཇུག་པ་རྣམ་པར་དཀའ་ངལ་ཆེ་བའི་གནས་བབ་ལ་ཁ་གཏད་དེ། གླིང་གེ་སར་རིག་གནས་ཀྱི་ཕྱོགས་ཡོངས་ཀྱི་དཔྱད་གཞིའི་མ་ལགས་འཐུས་སྒོ་ཇེ་ཚང་ལ་གཏོང་ཨེ་ཐུབ་སྙམ་ནས་གཉེར་བ་ཡིན་མོད། འོན་ཀྱང་དྲ་བ་འདི་གཉེར་བ་པོར་བོད་ཁུལ་ཡོངས་ཀྱི་གླིང་གེ་སར་དོན་དངོས་ལོ་རྒྱུས་དང་ཉེ་བའི་དཔྱད་གཞི་ལ་ཐོས་མཐོང་གི་རྒྱ་ཆུང་བས། གླིང་གེ་སར་རིག་གནས་ལ་སྤྲོ་སྣང་ལྡན་པའི་རྒྱ་ཆེའི་གྲོགས་པོ་དག་གིས་དྲ་བ་འདིའི་ས་བཅད་སོ་སོའི་ཁྱབ་ཁོངས་ལ་དཔྱད་གཞི་བསྡུ་རུབ་དང་། གླིང་གེ་སར་དཔྱད་རྩོམ། གླིང་གེ་སར་སྒྱུ་རྩལ་རི་མོ། གླིང་གེ་སར་དོན་དངོས་ལོ་རྒྱུས།གླིང་གེ་སར་དང་འབྲེལ་བའི་བོད་ཡུལ་སྟོད་སྨད་བར་གསུམ་གྱི་ཡུལ་སྲོལ། གླིང་གེ་སར་འཁྲབ་གཞུང་། གླིང་གེ་སར་ལོ་རྒྱུས་སམ་བསྟོད་སྒྲུང་གསར་རྙིང་དང་རྩོམ་པ་པོ་དང་འབྲེལ་ཡོད་མི་སྣ་ངོ་སྤྲོད་སོགས་མཁོ་སྤྲོད་གནང་སྦྱིན་གྱི་བཀའ་དྲིན་སྐྱོང་རྒྱུ། མདོར་ན་བོད་རང་གི་དཔའ་བོའི་ལོ་རྒྱུས་ལ་གཅེས་སྐྱོང་གི་འདུ་ཤེས་ལྡན་པའི་སྒོ་ནས་ཕྱོགས་ཡོངས་ལ་མཛུབ་སྟོན་རྒྱབ་སྐྱོར་གནང་རྒྱུ་བཀའ་དྲིན་ཆེ་ཞུ་བ་དང་། ནོར་འཁྲུལ་དང་རིག་གནས་ཀྱིས་མ་འཇོན་ས་ཡོད་ན་རྒྱ་ཆེའི་ཀློག་པ་པོ་རྣམ་པར་གུས་བཤགས་བྱེད་ངེས་ཡིན། དེ་དང་ལྷན་བོད་ཀྱི་མེས་པོ་གླིང་རྗེ་སར་སྐྱེས་བུའི་རྣམ་ཐར་ལོ་རྒྱུས་རིང་མོའི་མཛད་འཕྲིན་འཛམ་གླིང་རིག་གནས་བང་མཛོད་ཀྱི་སྙིང་བཅུད་འདོད་འབྱུང་གི་ཡིད་བཞིན་ནོར་བུ་ལྟ་བུར་འགྱུར་ཐུབ་པའི་སྨོན་འདུན་ཡང་ཡང་ཞུ་བ་ལགས་སོ། ། ཞོར་དུ་དྲ་བ་འདིའི་གཞི་གྲངས་མཛོད་དང་ལོ་རེའི་དྲྭ་གནས་དོ་དམ་གྱི་ཁྲལ་སོགས་ཀྱི་ཐད་ནས་རོགས་སྐྱོར་གནང་མཁན་སྤྲུལ་ཀློང་ཡངས་དང་མི་ཉག་པ་འཇམ་དབྱངས་འོད་ཟེར། ཇོ་ཁྲི་འཇམ་དབྱངས་བསྟན་པའི་རྒྱལ་མཚན།དྲེལ་དཀར་སྤྲུལ་སྐུ་བསོད་བློ་སོགས་སྔ་རྗེས་སུ་ཐུགས་ཁུར་རྒྱབ་སྐྱོར་གནང་མཁན་རྣམ་པར་བཀའ་དྲིན་ཞུ་བཞིན་ཡོད།                              ཅེས་བོད་རབ་བྱུང༡༧པའི་ལྕགས་མོ་ཡོས་ལོའི་ལོ་སར་ལ་གླིང་དྲྭ་འདིའི་གཙོ་བདག་སྨིན་དབུས་པོས་ཕུལ་བཀྲ་ཤིས་པར་གྱུར་ཅི

 

 

གླིང་གེ་སར་དང་གླིང་བྲོའི་སྐོར་གླེང་བ། ༼ཁག་དང་པོ། ༽

དེ་ཡང་ཇི་སྐད་དུ། མདོ་ཁམས་ས་ཡི་ཐིག་ལེ་འདམ་སྟོད་ཁ་ཤིས་གོང་དུ་གྲུབ་ཆེན་ཀརྨ་པཀྵིས(1204) _(1283)གེ་སར་སྐྱེས་བུ་དོན་གྲུབ་ཀྱི་ཞལ་གཟིགས་པའི་དུས་སུ་མཛད་པར་གྲགས་པའི་སེང་ཆེན་སྐྱེས་བུ་དོན་གྲུབ་ལ་བསངས་གསོལ་མཆོད་པ་འབུལ་ཚུལ་ཞེས་པ་ལས།ཀྱེེ། ཆོས་སྐུ་དབྱིངས་ཀྱི་ཕོ་བྲང་ནས། །འོད་གསལ་ལྷུན་གྲུབ་ཕོ་བྲང་ནས།།སྐྱབས་ཀུན་འདུས་སངས་རྒྱས་སྤྲུལ་པའི་སྐུ། །སྐུ་མི་འགྱུར་འཕགས་པ་འཇམ་དཔལ་སྐུ། །གསུང་མི་འགག་ཐུགས་རྗེ་ཆེན་པོའི་གསུང་། །ཐུགས་མི་འཁྲུལ་ཕྱག་ན་རྡོ་རྗེའི་ཐུགས།།རིག་གསུམ་མགོན་པོའི་སྐྱེ་བ་ཡིན། །རིགས་ལྔ་ཐུགས་ཀྱི་སྤྲུལ་པ་ཡིན། །ས་བཅུ་ནོན་པའི་སངས་རྒྱས་ཡིན།།དབུ་ནག་བོད་ཀྱི་ལྷ་སྐལ་ཡིན། །ཐབས་ཀྱི་འགྲོ་དོན་བྱེད་པའི་མཆོག།སྐྱེ་འགྲོ་ཡོངས་ཀྱི་སྐྱབས་གཅིག་པུ། །འཛམ་གླིང་མུན་པ་གསལ་བྱེད་པ།།སེང་ཆེན་ནོར་བུ་དོན་འགྲུབ་༼ཀྱེ༽།།བསངས་དང་སྤྱན་འདྲེན་གཤེགས་སུ་གསོལ། ཞེས་དང་། དགེ་རྒྱལ་བསོད་ནམས་ཚེ་བརྟན་གྱི་བསྐུལ་ངོར༧རྒྱལ་དབང་བཅུ་བཞི་པ་ཐེག་མཆོག་རྡོ་རྗེས(1797)_(1867) མཛད་པའི་གེ་སར་བསངས་མཆོད་ལས།ཧཱུཾ། ཡུལ་ནི་མཐོང་བ་ཀུན་སྨོན་ན། །རྒྱ་བོད་ཡོངས་ཀྱི་དགྲ་ལྷ་ཆེ།།པད་འབྱུང་འཕྲིན་ལས་ཕོ་ཉ་སྟེ། །ནག་པོ་བདུད་ཀྱི་ཁ་གནོན་དང་།།སེར་པོ་ཧོར་གྱི་གཉའ་གནོན་མཆོག ། སེང་ཆེན་ནོར་བུ་དགྲ་འདུལ་ནི། །ཞེས་དང་།ཡང་དེ་ཉིད་ཀྱིས་མཛད་པའི་གེ་སར་སྐྱེས་བུ་འཁོར་བཅས་དགྱེས་པར་བྱེད་པའི་མཆོད་གཏོར་ནོར་བུའི་རྒྱལ་མཚན་ལས་ཀྱང་།ཁྱད་པར་མཆོད་པའི་ཡུལ་དམ་པ། །པད་འབྱུང་ཕྲིན་ལས་བདག་ཉིད་ཆེ།།གངས་ཅན་བོད་ཀྱི་དགྲ་བླའི་གཙོ། །སེང་ཆེན་ནོར་བུ་དགྲ་འདུལ་མཆོད། །ཅེས་དང་།ཁྱད་པར་སྙིགས་མའི་རང་མདངས་ཀྱི། །ལྷ་སྲིན་འཁྲུག་པ་བྱོལ་བ་དང་།།དམ་སྲི་འབྱུང་པོའི་རྒྱུ་ལམ་ཆོད། །རྫོགས་ལྡན་ནོར་བུའི་དཔལ་སྤྲོས་ཤིག །ཅེས་དང་།སེང་ཆེན་ནོར་བུ་དགྲ་འདུལ་རྩལ། །སྐྱེས་བུ་ཆེན་པོ་མིའི་གེ་སར།།དེང་སང་སྙིགས་མ་ལྔ་བདོ་འདིར། །དམ་སྲི་འབྱུང་པོ་ཁ་དར་ཞིང་། །ཁྱད་པར་སྨོན་ལོག་བདུད་རྗེའི་འཕྲུལ།།ལོག་བཤེས་གདུག་པའི་རྒྱལ་འབངས་རྣམས། །སྡིག་སྤྱོད་མི་དགེའི་བྱ་བ་འཕེལ།།བསྟན་པ་གཉན་ལ་དགྲ་དར་ཞིང་། །རྒྱལ་ཁམས་སྡུག་ལ་འདྲེས་དུས་འདིར།།བདུད་རྗེའི་སྲོག་བདག་ཁྱོད་མིན་ནམ། ། ཧོར་པོའི་གཤེད་པོ་ཁྱོད་མིན་ནམ།།བསྐོས་པའི་མི་ཆེན་ཁྱོད་མིན་ནམ། །བཙུགས་པའི་ཤིང་རིང་ཁྱོད་མིན་ནམ།།འཕྲུལ་གྱི་མིའུ་ཁྱོད་མིན་ནམ། །སྨོན་ལམ་མཐའ་བཙན་ཁྱོད་མིན་ནམ།།རྫུ་འཕྲུལ་སྟོབས་ལྡན་ཁྱོད་མིན་ནམ། །ཡོངས་ལ་དབང་བསྒྱུར་ཁྱོད་མིན་ནམ། །ཞེས་དང་། འཇམ་དཔལ་དབྱངས་དངོས་མི་ཕམ་རིན་པོ་ཆེས་(1846)_ (1912)མཛད་པའི་གེ་སར་རྡོ་རྗེ་ཚེའི་རྒྱལ་པོའི་གཞུང་དང་མན་ངག་གི་སྐོར་བདུད་རྩིའི་བུམ་བཟང་ལས།ཁྱད་པར་མ་འོངས་ཉི་ཤུའི་མཐར་ཐུག་སྐབས།།དྲེགས་པའི་ཚུལ་སྟོན་གེ་སར་སྐྱེས་བུ་ཞེས།༔ཕྱི་རུ་དཔའ་ཞིང་རྩལ་མྱུར་དགྲ་ལྷའི་རྒྱལ༔ནང་དུ་སྙིང་ཉེ་བཀྲ་ཤིས་འཁུ་ལྡོག་ཆུང་༔ཁྱད་པར་དམ་སྲི་རྒྱ་འདྲེ་འདུལ་བའི་གཉེན༔དེང་སང་དུས་སུ་བབ་པའི་ལྷག་ལྷ་སྟེ༔ ཞེས་དང་།འདིས་ཀྱང་དམ་སྲི་གསར་སྐྱེས་རྒྱ་འདྲ་འགོང་པོའི་ཚ་ངར་ཆོག་ཅིང་ཆོས་མཐུན་གྱི་བསམ་རྒུ་ཡིད་བཞིན་ཏུ་འགྲུབ་པའི་རྒྱུར་གྱུར་ཅིག་ཅེས་དང་། ཡང་མི་ཕམ་རིན་པོ་ཆེས་མཛད་པའི་དག་སྣང་ཆོས་སྐོར་ལས་སྐྱེས་བུ་གེ་སར་དགྲ་ལྷའི་རྒྱལ་པོའི་གསང་མདོས་དམ་ཅན་དགྱེས་སྐོང་རྩ་བ་བཞུགས།ཞེས་པ་ལས། མ་འོངས་ལྔ་བརྒྱ་ཐ་མའི་ཚེ༔ སྐྱེ་འགྲོའི་བྱ་སྤྱོད་ངན་པའི་འབྲས༔ནད་ཡམས་འཁྲུག་རྩོད་སད་སེར་དང་༔ མི་འདོད་སྣ་ཚོགས་ཕྱུར་གྱིས་འོང་༔ཁྱད་པར་ནག་ཕྱོགས་རྒྱ་འདྲེའི་རིགས༔ གངས་ལྗོངས་སེར་སྐྱའི་ཁོང་ཞུགས་ནས༔བསྟན་འཛིན་སྐྱེས་བུའི་ཐུགས་དགོངས་དཀྲུགས། །ཆོས་དང་སྲིད་ཀྱི་ཁྲིམས་ཁ་བཤིག ༔ ནང་ནས་འཁྲུག་ཅིང་མཐའ་ལ་གཡབ༔ལྷོ་དང་ནུབ་ནས་ཁྲག་མཚོ་ཁོལ༔ ཤར་ཕྱོགས་རང་དོན་རང་མགོ་འཁོར༔རྒྱ་ནག་ཁྲི་ཡི་ཟུར་ནས་རལ༔ཕས་རྒོལ་མཚོན་རྩེ་གཟེངས་པ་ལ༔བཟློག་ཐབས་དུས་བབ་ཟབ་མོའི་ཆོས༔སྐྱེས་བུ་གེ་སར་དགྲ་བླའི་རྒྱལ།།དགྱེས་སྐོང་གསང་མདོས་ཆོ་ག་བསྟན། །ཞེས་དང་། འཇམ་དབྱངས་མཁྱེན་བརྩེ་དབང་པོས་(1820)_(1892)མཛད་པའི་སྐུ་རྗེ་གེ་སར་རྒྱལ་པོའི་གསོལ་མཆོད་ཤིན་ཏུ་བསྡུས་པ་བཀྲ་ཤིས་ཀྱི་སྒྲ་དབྱངས་ལས།ཁྱད་པར་ལྷ་གཅིག་ཁྲི་སྲོང་ལྡེའུ་བཙན་གྱིས། །བོད་ཁམས་བདེ་ལ་འགོད་པའི་ཕྲིན་ལས་ཀྱི།།སྐུ་ལྷ་གེ་སར་སྐྱེས་བུ་དོན་གྲུབ་སོགས། །མཆེད་འཁོར་སྤྲུལ་དང་ཡང་སྤྲུལ་བཅས་པ་ཀུན།།ཞེས་དང་། མི་ཕམ་རིན་པོ་ཆེས་མཛད་པའི་གསོལ་མཆོད་ཕྲིན་ལས་མྱུར་འགྲུབ་ལས།རང་བཞིན་སྐྱེ་མེད་ཆོས་ཀྱི་དབྱིངས་ལས། །རྣམ་རོལ་འགག་མེད་ཐུགས་རྗེའི་རྩལ་སྣང་།།རྒྱལ་དབང་མཚོ་སྐྱེས་རྡོ་རྗེ་དང་རིག་གསུམ་ཞི་ཁྲོའི་སྒྱུ་འཕྲུལ་གཅིག་ཏུ་འདུས་པ།གེ་སར་སྐྱེས་བུ་ཆེན་པོ་རིག་འཛིན་ནོར་བུ་དགྲ་འདུལ། སངས་རྒྱས་ཀུན་གྱི་ངོ་བོ།ཡི་དམ་ཞི་ཁྲོའི་ཁྱབ་བདག །མ་མོ་མཁའ་འགྲོའི་ཚོགས་རྗེ། ཆོས་སྐྱོང་སྲུང་མའི་གཙོ་བོ།ནོར་ལྷ་རྒྱ་མཚོའི་སྙིང་ནོར། དགྲ་བླ་ཡོངས་ཀྱི་རྒྱལ་པོ། ཝེར་མ་ཡོངས་ཀྱི་སྲོག་སྙིང་།སྡེ་བརྒྱད་ཡོངས་ཀྱི་སྤྱི་རྗེ། དྲེགས་པ་ཡོངས་ཀྱི་སྲོག་བདག དཀར་ཕྱོགས་ཡོངས་ཀྱི་ཁ་འཛིན།སྐྱེ་བོ་ཡོངས་ཀྱི་དགྲ་བླ། སེམས་ཅན་ཡོངས་ཀྱི་དཔལ་མགོན།རིག་འཛིན་ཡོངས་ཀྱི་སྲོག་ཤིང་། བན་བོན་ཡོངས་ཀྱི་རྒྱབ་བརྟེན།བདུད་འདུལ་ལས་ཀྱི་དབང་ཕྱུག ནག་ཕྱོགས་ཀུན་གྱི་གཤེད་མ། དམ་ཉམས་ཀུན་གྱི་སྲོག་གཅོད།བདུད་སྲིན་ཀུན་གྱི་ཤན་པ་ཆེན་པོ། ཞེས་གསུངས་པ་ལྟར་མདོར་ན་དཀར་ཕྱོགས་ཡོངས་ཀྱི་ཕོ་ལྷ།ཝེར་མ་ཡོངས་ཀྱི་སྤྱི་རྗེ། རྒྱ་འདྲེ་འགོང་པོའི་ཁ་གནོན། བཙན་པོའི་གཉའ་གནོན།ཉམ་ཆུང་སྐྱོང་བའི་ཕ་མ། མཐའ་དམག་གདུག་པའི་ཁ་གནོན། རིགས་གསུམ་པདྨའི་སྒྱུ་འཕྲུལ། གླིང་སེང་ཆེན་ནོར་བུ་དགྲ་འདུལ་ཞེས་པ་ནི།ཇི་ལྟར་མགོན་པོ་འབྲི་གུང་གི་དཔལ་རིག་འཛིན་ཆོས་ཀྱི་གྲགས་པའི(1597)_(1659)རང་གི་ཚུལ་གྱི་རྟོགས་པ་བརྗོད་པའི་གཏམ་རང་བཞིན་བརྗོད་པའི་རྒྱན་ཁོ་ནས་སྨྲས་པ་སྲོང་པོའི་དགའ་སྟོན་ལས།བྱང་རྟ་རྣར་འབྱོར་བའི་ཚེ་གླིང་གི་དཔའ་བརྟུལ་སུམ་ཅུ་གླིང་རྗེ་གེ་སར་དང་བཅས་པས་བཞེངས་པའི་འབུམ་མཇལ་བ་ན།གེ་སར་གྱིས་བཞེངས་པའི་འབུམ་གྱི་ཁ་བྱང་དུ། གེ་སར་ཁྲི་སྲོང་ལྡེ་བཙན་ཡིན།།མཆོད་གནས་སློབ་དཔོན་པདྨ་ཡིན། །འབྲུག་མོ་ཡེ་ཤེས་མཚོ་རྒྱལ་ཡིན། ཞེས་དང་། ཀཿཐོག་རིག་འཛིན་ཆེན་པོ་ཚེ་དབང་ནོར་བུའི(1698)_(1755)ཞབས་ཀྱིས་མཛད་པའི་རྒྱལ་པའི་བསྟན་པ་རིན་པོ་ཆེ་བྱང་ཕྱོགས་སུ་བྱུང་བའི་རྩ་ལག་བོད་རྗེ་བཙན་པོའི་གདུང་རབས་ཚིག་ཉུང་དོན་གསལ་མེ་ལོང་ལས།གླིང་རྗེ་གེ་སར་དུ་གྲགས་པ་ཡང་གནམ་ལྡེ་འོད་སྲུང་ནས་འདི་ཡབ་སྲས་ཀྱི་རིང་ལ་བྱུང་བར་མངོན་ལ།རླངས་ཀྱི་ཨ་མེས་བྱང་ཆུབ་འདྲེ་བཀོལ་གྱིས་སྦྱིན་བདག་གེ་སར་གྱིས་བྱས་ཤིང་།བྱང་ཆུབ་འདྲེ་བཀོལ་རང་ཉིད་གུ་རུ་པདྨའི་སྤྲུལ་པ་དང་། གེ་སར་ཁྲི་སྲོང་ལྡེའུ་བཙན་གྱི་སྤྲུལ་པར་ཁས་བླངས་ཤིང་།གེ་སར་ལོ་གྱ་བརྒྱད་ཐུབ་པའི་ལུང་བསྟན་མཛད་ཚུལ་རླངས་ཀྱི་པོ་ཏི་བསེ་རུར་ཡོད་པས།གེ་སར་ནམ་བྱུང་གི་དུས་དེས་ཤེས་པས་དེ་ལས་དུས་སྔ་བ་དང་ཕྱི་བར་མ་སེམས་ཤིག ཅེས་དང་། མགོ་ལོག་ཨ་ལྕགས་འབྲུ་རིགས་གྱི་ལུང་བཀྲ་ཤིས་རྒྱ་མཚོ་དང་གྱི་ལུང་ཐུགས་མཆོག་རྡོ་རྗེ་ཟུང་གིས་དུས་རབས་བཅུ་དགུའི་སྟོད་ཆར་བརྩམས་པའི་བོད་མི་བུ་གདོང་དྲུག་གི་རུས་མཛོད་མེ་ཏོག་སྐྱེད་ཚལ་ལས།ཁྱད་པར་དུ་བར་ཁམས་ཀྱི་ས་ཆ་འདི་ནི།ས་ཡི་ཆ་གླིང་གི་ཡུལ་ཞེས་པ་ནི་སྒང་དྲུག་ལས་ཟལ་མོའི་སྒང་དུ་གྲགས་པ་འདི་ལ་གླིང་ཁྲི་གོང་འོག་བར་གསུམ།གླིང་ཁྲི་གོང་མའི་ས་ནི་ཁམས་སྟོད་འབྲི་ཀླུང་གི་ས་ཆ་རྣམས་དང་། དེ་ལས་བྷེ་སྒོམ་གྱི་རྫ་རི་དེའི་ཕུ་ན་རྫ་གཡའ་བྲག་དང་།གངས་བྲག་གཡའ་བྱ་བའི་རི་ཁྲོད་ངོ་མཚར་ཅན་ཡོད་པ། མདའ་ན་མི་སྡེ་གོང་ཟི།མང་འབྲུག་གཉིས་ཀྱི་དཔོན་ཆེན་གླིང་ས་ལྡོང་སེང་བློན་ཡིན་ལ།སེང་བློན་གྱི་བུ་ཆེ་བ་རྒྱ་ཚ་ཞལ་དཀར་སོགས་ཡིན་པ་འོག་ནས་འཆད་ལ། གླིང་ཁྲི་བར་མའི་ས་ཆ་ནི་ཤར་ཟླ་རོལ་གྱི་ས་ཆ་རྣམས་དང་།གླིང་ཁྲི་འོག་མའི་ས་ཆ་ནི་མདོ་ཁམས་སྨར་རོལ་ཡིན་པར་བཤད་ལ།གླིང་ཁྲི་ཞེས་པ་ནི་མི་སྡེ་ཁྲི་ཚོ་རེའི་བདག་པོ་ཡིན་ལ།ཁྲི་དམག་གསུམ་གྱི་དཔུང་གི་བདག་པོ་ཡིན་པས་དེ་ལྟར་གྲགས་སོ། ། ཁ་ཅིག་གླིང་ཁྲི་འོག་མ་ནི་ལྷ་ལྡོང་བེ་རིའི་ས་ཆ་དག་ཡིན་པར་འཆད་དོ།། ལྡོང་གླིང་བ་དེ་ལ་ཆེ་རྒྱུད་དང་། འབྲིང་རྒྱུད་དང་།ཆུང་རྒྱུད་དང་གསུམ་ཡོད་པའི་ལོ་རྒྱུས་ཐམས་ཅད་ནི་གླིང་གི་སྒྲུང་ཡིག་ཁུངས་དག་རྣམས་སུ་གསལ་ཞིང་།འདིའི་ཆེ་རྒྱུད་ཀྱི་དཔོན་སྟག་རོང་གི་གཟིག་འཕན།འབྲིང་རྒྱུད་ཀྱི་དཔོན་པོ་འབྲི་རོང་གི་སྟག་ལྷ། ཆུང་རྒྱུད་ཀྱི་དཔོན་པོ་བླ་རོང་ཨ་མྱེས་ཁྱ་རྒན་ཁྲོ་བོ་འདི་ནི་བོན་པོའི་རིག་འཛིན་ཞིག་ཡིན་ལ།དེའི་སྟེང་དུ་བཙད་པོ་དབུ་རིགས་ཀྱི་ས་སྟག་ནམ་མཁའ་གཟུངས་དང་།རླངས་སྟོན་པ་ཨར་མི་དབང་ཕྱུག་བྱང་ཆུབ་ཀྱི་དྲུང་ནས་ཆོས་དང་།འཆི་མེད་ཚེ་ཡི་དབང་མཆོག་དང་གདམས་པ་ཟམ་མོ་ཐོབ་པ་ཞིག་ཡིན་ཞིང་ཚེ་ཤིན་ཏུ་རིང་བའི་ཚད་ཅིག་ཡིན་པས་ཁྲོ་རྒན་ཟེར་ཞིང་།མིང་དངོས་ལ་ཁྲོ་བོ་སྐྱབས་ཞེས་ཟེར་བ་དེ་ཡིན།འདིའི་བུ་ཆེ་བ་ཁྲོ་བོ་འཕན་ནི་ཁྲོ་ཐུང་ཡིན། འབྲིང་བ་སེང་བློན་དང་།ཆུང་བ་སྣང་ཆུང་གཡུ་སྟག་ཡིན། སེང་བློན་གྱི་རྒྱ་བཟའི་བུ་རྒྱ་ཚ་ནི་གེ་ཁོད་རྒྱལ་དང་།འགག་མོའི་བུ་གེ་ཁོད་སྐྱབས་ཡིན་ལ་འདི་ནི་ཆུང་ངུའི་དུས་ནས་ཕོ་རྩལ་སྣ་དགུ་དང་ལྡན་པས་སེང་ཆེན་འདྲ་ཞེས་པས་སེང་ཆེན་དང་།གེ་སར་དང་།རྗེས་ནས་ས་ཡི་ཆ་གླིང་གི་ཡུལ་འདི་ཐམས་ཅད་ཀྱི་བདག་པོ་རྒྱལ་པོར་གྱུར་པས་འཛམ་གླིང་གི་རྒྱལ་པོ་ལྟར་ཡིན་ཞེས་འཛམ་གླིང་རྒྱལ་པོ་སེང་ཆེན་ཟེར་བར་གྲགས་པ་དེའི་བཙུན་མོ་སྒ་སྐྱ་ལོའི་བུ་མོ་འབྲུག་མོ་ཡིན་པ་འདི་ཡང་སྤྲུལ་བའི་བུད་མེད་ཡིན་ལ།གཙོ་བོ་གླིང་རྗེ་གེ་སར་འདི་དང་འཁོར་ཕུ་ནུ་དཔའ་ཐིལ་ཅན་སུམ་ཅུ་སོགས་ཐམས་ཅད་དང་།བློན་པོ་ནི་གླིང་ཆུང་རྒྱུད་འདི་ཡི་ཚ་བོ་དང་ཞང་པོ་གཉིས་ཀར་གྱུར་བའི་སྒ་དཔའ་ཐིལ་ཚ་ཞང་འདན་མ་སྤྱང་ཁྲ་དང་།སྦྲ་དཔའ་ཡང་ཐིལ་སྐྱེས་མཆོག་ཐར་པ་དང་། སྦྲ་སྐྱེས་མཆོག་སྦྲ་ཚ་ཤར་ཡག་དང་།སྦྲ་ཨ་བསེ་སྐྱེན་པོ་མཐེབ་དྲུག་རྣམས་བློན་ཆེན་ཡིན།དེ་རྣམས་ནི་དུས་སྐབས་དེར་བོད་ཡུལ་གྱི་སངས་རྒྱས་ཀྱི་བསྟན་པ་ལ་མི་དད་ཅིང་གནོད་པར་བྱེད་པའི་ཧོར་གངས་རི་རྒྱལ་པོ་འཁོར་དང་བཅས་པ་དང་།བྱང་ཕྱོགས་ཀྱི་སྲིན་པོ་བདུད་མི་ཡི་རྫུས་ཞུགས་ཀྱི་རྫུ་འཕྲུལ་ཅན་བདུད་རྒྱལ་རྒན་པོ་ཕ་བུ་འཁོར་བཅས་འདུལ་བའི་ཆེད་དུ་སངས་རྒྱས་ཀྱིས་སྤྲུལ་པའི་དཀར་ཕྱོགས་སྐྱོང་བའི་ལྷ་རྣམས་ཀྱི་སྤྲུལ་པ་ཁོ་ན་ཡིན་ལ།ཁྱད་པར་དུ་གླིང་རྗེ་གེ་སར་ནི་རླངས་སྟོན་པ་ཨར་མི་བྱང་ཆུབ་འདྲ་བཀོལ་གྱི་དམ་པའི་ཆོས་ཀྱི་སློབ་མར་གྱུར་པ་གྲུབ་པའི་དབང་ཕྱུག་ཆེན་པོ་ཡིན་ལ།བོན་གྱི་གྲུབ་ཐོབ་ཆེན་པོ་ཡང་ཡིན་པས་གནམ་སྔོན་རྒྱལ་མོ་དང་། རྨ་རྒྱལ་སྤོམ་ར་དང་།ཨ་བོ་གེར་མཛོ་སོགས་ཡུལ་ལྷ་རྣམས་ཀྱིས་ཀྱང་སྡོང་གྲོགས་མཛད་པ་ལ་སྐད་ཅིག་ཀྱང་གཡེལ་བ་མེད་ཟེར་རོ།། ཞེས་དང་། ཨ་མདོ་བྲག་དགོན་ཞབས་དྲུང་དཀོན་མཆོག་བསྟན་པར་རབ་རྒྱས་(1801)_(1866)ཞབས་ཀྱིས་མཛད་པའི་ཡུལ་མདོ་སྨད་ཀྱི་ལྗོངས་སུ་ཐུབ་བསྟན་རིན་པོ་ཆེ་ཇི་ལྟར་དར་བའི་ཚུལ་གསལ་བར་བརྗོད་པ་དེབ་ཐེར་རྒྱ་མཚོ་ལས།སྔོན་རྨ་འགྲམ་སྟོད་ཀྱི་ས་ཐམས་ཅད་ལ་གླིང་རྗེ་གེ་སར་རྒྱལ་པོས་དབང་བསྒྱུར།དེ་ཉིད་ཀྱི་འཁྲུངས་ལོ་ལྕགས་བྱི་(1000)དང་ཆུ་སྦྲུལ་(992)ལ་འདོད་མཁན་གཉིས་སྣང་བ་གང་ཡིན་ཡང་རབ་བྱུང་དང་པོ་ཚུགས་ཁ་མའི་དྲུག་ཅུ་སྐོར་དེར་གཏོགས་ལ། རླངས་བྱང་ཆུབ་འདྲེ་བཀོལ་དང་།སྨྲི་ཏི་ཛྙཱ་ན་ཀཱིརྟི་སྤྱན་དྲངས་ཏེ་ཆོས་ཞུས་པ་དང་གཙུག་ལག་ཁང་བཞེངས་པར་བཤད་པས་ཀྱང་ཤེས་ནུས།ཞེས་དང་། སྐྱབས་རྗེ་བདུད་འཛོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས(1904)_(1986)མཛད་པའི་གངས་ལྗོངས་རྒྱལ་བསྟན་ཡོངས་རྫོགས་ཀྱི་ཕྱི་མོ་སྔ་འགྱུར་བསྟན་པ་རིན་པོ་ཆེ་ཇི་ལྟར་བྱུང་བའི་ཚུལ་དག་ཅིང་གསལ་བར་བརྗོད་པ་ལྷ་དབང་གཡུལ་ལས་རྒྱལ་བའི་རྔ་བོ་ཆེའི་སྒྲ་དབྱངས་ལས། རབ་བྱུང་གཉིས་པ་ཤར་བ་ན༼འདི་སྐོར་ནས་མ་དཔེ་མ་དག་པ་འམ། གང་ལྟར་ནོར་འཕྲུལ་ཆེན་པོ་ཡོད་པར་སྣང་། ཞེས་ཡིག་གཏག་པའི་གསལ་བཤད༽གླིང་རྗེ་གེ་སར་ས་སྟག(1038)ལྔ་བཅུ་ཐམ་པ། ཞེས་གསལ་བ་ལྟར་འདིར་སྐུ་འཁྲུངས་པའི་དུས་རབས་བསྟན་པའོ། །

ཀུན་གཟིགས་བྱམས་མགོན་སི་ཏུ་པཎ་ཆེན་(1700)(1774)གྱི་རང་རྣམ་རང་ཚུལ་དྲང་པོར་བརྗོད་པའི་དྲི་བྲལ་ཤེལ་གྱི་མེ་ལོང་ལས།དེ་ནས་རང་ལོ་བཅུ་དགུ་པའི་དབྱར་ཐོག་དེར་ཚབ་ཚ་བླ་མས་ནན་གྱིས་ཡོང་དགོས་ཕེབས་པ་ལྟར་ཤར་ཟླའི་ཕྱོགས་སུ་ཕྱིན།ནམ་མདོར་ཚབ་ཚ་བླ་མ་དཔོན་སློབ་རྣམས་བསུ་བར་འབྱོར། ཞག་ཤས་བསྡད་ཁྲོམ་དབང་བགྱིས།མཛེས་མདར་ཀརྨ་ཚེ་རིང་གིས་མགོ་མི་བྱས་ཏེ་ཁྲོམ་པ་དག་འདུག་པར་ཁྲོམ་དབང་དང་།ཆོས་ཁྲི་ཁར་དངོས་པོ་བྱིན་པ་རྣམས་བླངས་ཤིང་ཁྲོམ་ལ་དགེ་བསྐུལ་སྤྱི་དང་ཁྱད་པར་ཡིག་དྲུག་དུང་ཕྱུར་སྒྲུབ་པའི་ཁས་ལེན་བྱེད་དུ་བཅུག་པ་སོགས་སྔར་རྒྱུན་བཞིན་བགྱིས་ནས་ཞྭ་དམར་བགོ་བ་དང་ཡིག་དྲུག་གི་བཟླས་ལུང་བསྔོ་སྨོན་དང་བཅས་པ་སོགས་འདོད་པ་སྐོང་ཅི་ཐུབ་བྱས།དེ་བཞིན་ཁྲོམ་བཟང་བ་ཚོ་དུང་མདར་འདུས་པར་ཁྲོམ་དབང་དགེ་བསྐུལ་སོགས་སྔར་བཞིན་དང་།ལྕི་མདའ་སྟེ་གླིང་རྗེ་གེ་སར་འཁྲུངས་པའི་གནས་ཡིན་ཞེས་པ་དེར་ཨ་ཕྱུག་གི་འབྲོག་པ་ཚོ་དང་།སྟག་དགོན་པའི་ཁྲོད་དུའང་རིབ་ཙམ་བཅས་སྔ་མ་བཞིན་ཁྲོམ་དབང་དགེ་བསྐུལ་ཞྭ་དམར་འགོ་བ་སོགས་ཅི་ལྕོགས་ཅི་ནུས་བྲེལ་འཚུབ་བགྱིས།ཞེས་དང་། ༧ རྒྱལ་མཆོག་བཅུ་བཞི་པ་ཐེག་མཆོག་རྡོ་རྗེས་མཛད་པའི་འཛམ་གླིང་བོད་ཀྱི་དགྲ་བླ་གེ་སར་ནོར་བུ་དགྲ་འདུལ་གྱི་བསང་མཆོད་བདུད་རྩིའི་ཆར་རྒྱུན་ལས།ཀྱེེ། འཛམ་གླིང་ལྷོ་ཕྱོགས་ཁ་བ་ཅན། །གདོང་དམར་བོད་ཡུལ་ཤར་གྱི་ཕྱོགས། །གསེར་ལྡན་ཆུ་བོའི་གཡས་ཕྱོགས་ན། །མཐོང་བ་ཀུན་སྨོན་ཞེས་གྲགས་པའི།།ངོ་མཚར་ཡུལ་ལྗོངས་ཉམས་དགའ་བ། །དེ་ན་འཛམ་གླིང་བོད་ཀྱི་ལྷ། །རྒྱ་བོད་ཡོངས་ཀྱི་དགྲ་ལྷ་ཆེ།།སེང་ཆེན་ནོར་བུ་དགྲ་འདུལ་ནི། །ཞེས་དང་མཛད་བྱང་དུའང་།ཀརྨ་པ་བཅུ་བཞི་པས་མཛམ་གླིང་སྐྱེས་བུ་འཁྲུངས་པའི་ཡུལ་སཱཙྪ་ཆོས་འཁོར་རྣམ་རྒྱལ་གླིང་གི་ཉེ་ཆར་བྲིས་པ་བཀྲ་ཤིས།ཞེས་དང་། མཆོག་གླིང་པདྨ་ཀུན་ཁྱབ་ཡེ་ཤེས་སྙིང་པོས་མཛད་པའི་གེ་སར་སྐྱེས་བུ་དོན་འགྲུབ་ཀྱི་སྒྲུབ་ཐབས་གྲུབ་གཉིས་དཔྱིད་སྟེར་ལས་བཞི་ལྷུན་འགྲུབ་ལས།ཀྱེེ༔ འཛམ་གླིང་གངས་ཅན་བོད་ཀྱི་ལྗོངས༔ ཡུལ་ལ་གཡང་ཆགས་ཤར་ཟླ་སྒང་༔སྐྱིད་སོས་ཡག་པའི་སུམ་མདོ་ལ༔ དགྲ་ལྷ་སྐུ་གཅིག་སྐྱེས་པ་ནི༔གེ་སར་སྐྱེས་བུ་དོན་གྲུབ་ཅེས༔ མཚན་དཀར་བ་དན་སྲིད་རྩེར་བསྒྲེང་༔དབུ་ནག་བོད་ཀྱི་རྒྱལ་པོར་བསྐོས༔ཞེས་དང་། ཕྱོགས་ཐམས་ཅད་ལས་རྣམ་པར་རྒྱལ་བ་མི་ཕམ་འཇམ་དཔལ་རྡོ་རྗེའི་ཞལ་ལུང་ཇི་ལྟར་བར།ཤཱཀྱའི་དགེ་སྦྱོང་པདྨ་དྲི་མེད་བློ་གྲོས་ཀྱིས་མཛད་པའི་འཛམ་གླིང་གེ་སར་སྐྱེས་བུའི་རྟོགས་བརྗོད་ལས།འཁྲུངས་གླིང་མེ་ཏོག་གི་ར་བ་དང་རྨ་ས་བཟུང་དར་གྱི་མདུད་པ་ལས། ས་འདི་སྐྱིད་སོས་ཡག་གི་མདོ།། ཆུ་གཉིས་ཆབ་མ་བརྡབ་འདྲ་ཡོད། །བྲག་གཉིས་མདའ་སྒྲོ་གཤིབ་འདྲ་ཡོད།།སྤང་གཉིས་བལ་སྟན་བཏིང་འདྲ་ཡོད། །བྲག་སྦལ་བ་འདྲ་བའི་རྩ་བ་རེད། །ཅེས་དང་།གོང་གསལ་འཁྲུངས་གླིང་མེ་ཏོག་གི་ར་བ་དང་རྨ་ས་བཟུང་དར་གྱི་མདུད་པ་ལས།ཞག་གསུམ་གྱི་སྔ་བར་སྟག་རོང་ཨ་ཁུ་ཁྲོ་ཐུང་དེ་རྟ་གུ་གུ་རོག་རྫོང་ལ་ཞོན།མར་དཀར་གྱི་སྤུ་ལུ། སྦྲང་བུ་རམ་གྱི་མངར་ཞིམ་མང་པོ་ཁྱེར།དེ་རྣམས་ལ་རྒྱ་དུག་ཡུ་མོ་རྒྱུག་འགྱེལ་དེ་བཏབ་སྟེ་བུ་ལ་རྐན་མར་གྱི་ཚབ་ཏུ་ཁྱེར་ཏེ།ལྕི་སུག་གཉིས་ཀྱི་མདོར་འགོག་མོ་མ་བུའི་རྩར་འོང་ནས། ཨ་རེ་དགའ།འགོག་མོ་ལ་བུ་ཡོད་པ་འདི་ང་ཨ་ཁུའི་ཚ་བོ་ཡིན།ད་ལྟ་ཞག་གསུམ་ལས་མ་སོང་བ་ལ་ལོ་གསུམ་གྱི་ཚད་ཙམ་རྫོགས་འདུག གདོང་སྨུག་པོའི་རྒྱུད་པ་ལ་དེ་འདྲ་ལོས་ཡོད།ཅེས་དང་། ཡང་དེ་ཉིད་ལས། དེའང་འདིར་འཁྲུངས་གླིང་མི་འདྲ་བ་བཞི་ལྔ་ཙམ་མཇལ་རུང་།ལ་ལར་ནི་རང་བཟོས་བསླད་བཅུག་པ་དང་། ལ་ལར་ནི་བྲིས་ནོར་རྒྱུན་འབྱམས་སོང་འདུག་པ་སོགས་འཁྲུགས་སྡེབ་བསལ་ཅིང་ཁྱད་པར་དུའང་འཁྲུངས་ཡུལ་ལྕི་སུག་ཏུ་ངོས་འཛིན་པ་འདིའང་སྐྱེས་ཆེན་དུ་མའི་དགོངས་པ་དང་བསྟུན་ནས།རྒྱ་བཟའི་སྦྲ་མལ་དང་། ཀླུ་གཙུག་ནའི་ཆུ་མིགཨ་མྱེ་སྒོམ་པའི་སྒྲུབ་ཕུག་སོགས་མངོན་རྟགས་དང་སྦྱར་ནས་ཞེས་དང་། རྗེ་བཙུན་སྨྲ་བའི་སེངྒེའི་རྣམ་རོལ༧མི་ཕམ་འཇམ་དཔལ་དགྱེས་པའི་རྡོ་རྗེའི་ངོ་མཚར་རྟོགས་བརྗོད་བརྡ་གསང་ནོར་བུའི་མེ་ལོང་གི་གནད་འགག་དོན་འགྲེལ་གྱི་རྣམ་ཐར་དང་བསྟུན་ནས།རིག་འཛིན་འགྲོ་འདུལ་དཔའ་བོ་རྡོ་རྗེ། (1842)_(1924)གཏེར་ཆེན་ལས་རབ་གླིང་པ(1856)_(1926)སོགས་མཁས་གྲུབ་གཉིས་ལྡན་གྱི་དམ་པ་དུ་མའི་ཞབས་རྡུལ་སྤྱི་བོར་འཆང་བའི་བན་ཧྲུལ་ཀུ་ས་ལི་ཨརཀྵ་མུ་ཎི་ཤ་ས་ནས་བྲིས་པའི་གླིང་དཀར་རྟ་རྒྱུག་རྟོགས་བརྗོད་ལས་སྐྱེས་མཆོག་གེ་སར་ནོར་བུ་དགྲ་འདུལ་གྱི་རྣམ་ཐར་སྙན་པའི་བ་དན་ངོ་མཚར་ཆ་བདུན་ཕྱེ་སྟེ་ནོར་བུའི་མེ་ལོང་ལས།ཤར་ཁྲ་མོ་གླིང་དཀར་སྟོད་ཀྱི། ལྕི་སོས་ཡག་གི་ཁ་མདོ་རུ། ཀླུ་གཉན་མི་གསུམ་བཤོས་པའི་སྲས་སུ་སྐུ་འཁྲུངས་ཞེས་གསལ་བ་ལྟར་མདོ་ཁམས་རྫ་ཁོག་སྐྱིད་སོས་སམ་ལྕི་སོས་ཡག་གི་ཁ་མདོར་སྐུ་འཁྲུངས་ཤིང་།སྐུ་ཚེ་སྟོད་རྨ་ཁོག་ཏུ་གཞིས་སྤོས་ནས་བརྟུལ་ཞུགས་སྤྱོད་པས་མཛད་འཕྲིན་ཅི་རིགས་བསྐྱངས་ནས་བཞུགས།གླིང་རྗེ་གེ་སར་རྒྱལ་པོའི་ཐུན་མོང་དང་ཐུན་མིན་མཛད་པ་རྣམ་ཐར་དང་འབྲེལ་བའི་སྒྲུང་ཡིག་ལའང་སྲིད་ལེ་དང་།ལྷ་གླིང་། འཁྲུངས་གླིང་། རྨ་ས་བཟུང་། རྟ་རྒྱུགས། ཕྱོགས་བཞི་བདུད་བཞི་དང་།རྫོང་ཆེན་བཅོ་བརྒྱད། ཕྱི་གླིང་ཉེར་གཅིག རྫོང་ཆུང་རྩི་རྩི་གྲངས་མེད་ཆམ་ལ་ཕབ་རྗེས།མཐར་དམྱལ་གླིང་རྫོགས་པ་ཆེན་པོ་ནས་མཇུག་བསྡུ་བ་བཅས་ལས་རྒྱས་པར་མཁྱེན་རྒྱུ། ལྷག་པར་དུའང་དེང་སང་འཛམ་གླིང་གོ་ལ་ཧྲིལ་པོའི་ནང་གླིང་རྗེ་གེ་སར་གྱི་དཔའ་བོའི་སྒྲུང་ཡིག་དག་ནི་འཛམ་གླིང་ཡོངས་ནང་རིང་ཤོས་དང་ད་དུང་རྫོགས་མཐའ་མེད་པར་གསོན་ཉམས་དོད་པོས་ལེའུ་གསར་པ་ཅི་རིགས་སྒྲུང་མཁན་དག་གིས་མགྲིན་པའི་རྩ་མདུད་གྲོལ་ནས་སྔར་མེད་་མིང་ཐོས་ཙམ་ཡང་མེད་པའི་རྫོང་ཆེན་མང་པོ་ཕབ་བཞིན་པ་ཙམ་དུ་མ་ཟད།ཕྱི་ལོ ༢༠༠༩ ནས་བཟུང་འཛམ་གླིང་རྒྱལ་སྤྱིའི་ཤེས་རིག་ཚན་རྩལ་རིག་གཞུང་སྡེ་ཚན(UNESCO)གྱི་མངོན་མེད་ཤུལ་བཞག་གི་རིག་གཞུང་(“Human Bcing lntangble Culrmal Hcrirage l ist”) (དབྱིན་ཡིག་གི་མ་དཔེ་ཤིན་ཏུ་མི་གསལ་བས་ཞུ་དག་དགོས་ཡིག་བཏག་པས་མཆན)གི་ཐོ་ཁོངས་སུ་ཚུད་པ་བཅས་ནི་གངས་ཅན་བོད་པའི་སྤྱི་ནོར་ཁྱད་འཕགས་ངོམས་སུ་ཆོག་པ་ཞིག་ལོས་ཡིན།

༼མུ་འགོད། ༽  ཁག་རྗེས་མར་གཟིགས།

 

ཀློག་གྲངས།:[5823]
གླིང་གེ་སར་རིག་གནས་དྲྭ་ཚིགས།
དྲ་ཚིགས་འདིའི་པར་དབང་ཡོད་ཚད་གླིང་གེ་སར་རིག་གནས་དྲྭ་བར་དབང་བས།
འདི་ནས་རྩོམ་ཡིག་དང་བརྙན་རིས་དག་དྲྭ་བདག་ལ་འབྲེལ་གཏུགས་མ་བྱས་པར་མི་བཀོལ་བར་ཞུ།
འབྲེལ་ཡོད་རྩོམ་ཡིག་སྐུར་གནས།   382740503@qq.com